ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གཙང་ལ་ཞིས་ཅིན་ཕིང་གི་འདྲ་པར་བཤམ་དགོས་པའི་ལས་འགུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དེ་རིང་ཕྱི་ཚེས་༢༡་ཉིན་བོད་ནས་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་གཞིས་ཀ་རྩེ་གྲོང་ཁྱེར་དང་གཙང་ཕྱོགས་ཀྱི་ས་ཁུལ་གང་སར་ཁྱིམ་ཚང་ཁག་ཏུ་ཞིས་ཅིན་ཕིང་གཙོ་བོར་གྱུར་པའི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོའི་འདྲ་པར་སྒྲིག་གཤོམ་བྱ་དགོས་པའི་ལས་འགུལ་ཞིག་ཚ་ཚ་འུར་འུར་ངང་སྤེལ་བཞིན་འདུག་ཅེས་མིང་འདོན་བྱེད་འདོད་མེད་པའི་ས་གནས་དེའི་འབྲེལ་ཡོད་བོད་པ་ཞིག་གིས་གནས་ཚུལ་བཏང་འབྱོར་བྱུང་སོང་།།

དེ་ཡང་ལོ་ཤས་སྔོན་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་སྤྱི་ལྟར་གཙང་ཁུལ་གྱི་བོད་པའི་ཁྱིམ་ཚང་ཁག་ལ་བཙན་དབང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་མི་ཆོག་པར་རྒྱ་ནག་གི་གཙོ་འཛིན་འདས་པོ་མའོ་ཙེ་ཏུང་སོགས་དམར་ཤོག་གི་འགོ་ཁྲིད་རིམ་པའི་འདྲ་པར་སྒྲིག་གཤོམ་བྱེད་དུ་འཇུག་གི་ཡོད་ཅིང་། དེང་སྐབས་གཞིས་རྩེ་གྲོང་ཁྱེར་ནས་རྫོང་དང་གྲོང་སྡེ། ཁྱིམ་ཚང་རེ་རེ་བཞིན་དུ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་དང་དཔོན་རིགས་དེ་དག་གི་འདྲ་པར་སྒྲིག་གཤོམ་བྱས་ཡོད་མེད་ཞིབ་བཤེར་བྱེད་ཀྱི་ཡོད་པར་མ་ཟད། པར་མེད་མཁན་ཚོར་རྒྱ་སྒོར་༢༠༠༠་རེ་རྔན་པ་སྤྲད་ནས་འདྲ་པར་སྒྲིག་གཤོམ་བྱ་དགོས་པའི་སྐུལ་ལྕག་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་སོགས་དམར་ཤོག་གི་མི་རབས་ལྔའི་འགོ་ཁྲིད་ཚོའི་འདྲ་པར་རིན་མེད་དུ་སྤྲད་དེ་ངེས་པར་དུ་པར་སྒྲོམ་ལ་བཅུག་སྟེ་ཁྱིམ་ཚང་གི་ཁང་མིག་གཙོ་བོ་དེའི་མཐོ་སར་སྒྲིག་གཤོམ་བྱེད་དགོས་པའི་བཙན་བཀའ་གཏོང་གི་འདུག་ཅེས་འགྲེལ་བརྗོད་བྱས་བྱུང་།།

རྒྱ་གཞུང་གི་ལས་བྱེད་པ་ཚོ་གཙང་ཁུལ་གྱི་གྲོང་ཁྱེར་དང་རྫོང་ཁག་ལ་གཟའ་འཁོར་རེར་ཐེངས་གཉིས་ནས་ཐེངས་གསུམ་རེ་བསྐྱོད་པ་དང་། གྲོང་གསེབ་ཁག་ལ་ཟླ་བ་རེར་ཐེངས་རེ་བསྐྱོད་ནས་ཁྱིམ་ཚང་རེ་རེའི་ནང་དུ་འཛུལ་ཏེ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་བཤམས་ཡོད་མེད་དང་རྒྱ་ནག་གི་དཔོན་རིགས་དེ་དག་གི་འདྲ་པར་སྔར་བཞིན་སྒྲིག་གཤོམ་ཚད་ལྡན་ཞིག་བྱས་ཡོད་མེད་བལྟ་རུ་ཡོང་གི་འདུག གལ་སྲིད་རྒྱ་ནག་གི་དཔོན་རིགས་དེ་དག་གི་འདྲ་པར་སྒྲིག་གཤོམ་མ་བྱས་པའམ། ཁྱིམ་ཚང་ཁག་གི་མཐོ་སར་བཀལ་མེད་ན་དེ་ལ་གཞིགས་པའི་ཆབ་སྲིད་ཀྱི་ཉེས་པ་འཕོག་རྒྱུའི་འཇིག་སྐུལ་བྱེད་བཞིན་འདུག ས་གནས་ཁ་ཤས་ལ་མི་ཁག་ཅིག་ཉེན་རྟོག་པས་ཁྲིད་པའི་གནས་ཚུལ་ཡང་བྱུང་འདུག་ཅེས་འགྲེལ་བརྗོད་བྱས་བྱུང་།།

རྒྱ་གཞུང་གིས་དེ་ལྟར་བྱེད་དགོས་དོན་ཅི་ཡིན་གྱི་རྒྱུ་མཚན་དྲིས་པར་གནས་ཚུལ་མཁོ་སྤྲོད་པས་དེ་ནི་རྒྱ་ནག་གཞུང་བཀའ་དྲིན་ཆེན་པོ་ཡིན་པ་བསམ་ཤེས་ཐུབ་དགོས་པ་དང་མི་རབས་གཞོན་པ་ཚོའི་སེམས་ལ་དཔོན་རིགས་དེ་དག་རྩ་ཆེན་དང་བཀའ་དྲིན་ཆེན་པོ་ཡིན་པའི་བག་ཆགས་ཐེབས་ཐབས་ཤིག་རེད། ད་དུང་དུས་ནས་དུས་སུ་གྲོང་སྡེ་ཁག་ཏུ་མང་ཚོགས་ཀྱི་ཚོགས་འདུ་བསྐོངས་ཏེ་རྒྱལ་ཁབ་དང་ཏང་ལ་དགའ་ཞེན་བྱེད་དགོས་པ་དང་ཁ་བྲལ་བར་ངོ་རྒོལ་བྱེད་དགོས་པ་སོགས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་སྤེལ་བཞིན་འདུག་ཅེས་སོགས་གནས་ཚུལ་འགྲེལ་བརྗོད་བྱས་བྱུང་།།

སྤྱིར་༢༠༠༥་ཙམ་ནས་རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་ཀྱི་བོད་པའི་ཁྱིམ ཚང་ཁག་ཏུ་བཙན་དབང་གིས་རྒྱ་ནག་གི་དཔོན་རིགས་ཚོའི་འདྲ་པར་སྒྲིག་གཤོམ་བྱེད་དུ་བཅུག་ཡོད་ཅིང་། ལྷག་པར་དུ་ཕྱི་ལོ་༢༠༠༨་ལོ་ནས་བཟུང་སྟེ་སྔར་ལས་ཤུགས་ཆེ་རུ་བཏང་ཡོད་པ་དང་། གལ་སྲིད་རྒྱ་གཞུང་དཔོན་རིགས་དེ་ཚོའི་འདྲ་པར་སྒྲིག་གཤོམ་མ་བྱས་ཚེ། ཆབ་སྲིད་ཀྱི་གནད་དོན་དུ་བརྩིས་ཏེ་ཉེས་ཆད་གཅོད་ཀྱི་ཡོད་པའི་གནས་ཚུལ་རིམ་པར་ཐོན། འདི་ལོའི་ཕྱི་ཟླ་དང་པོའི་ཚེས་༡༠་ནས་༡༤་བར་དུ་བོད་ཀྱི་རྒྱལ་ས་ལྷ་སར་ཚོགས་པའི་རྒྱ་ནག་གི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་ཆེན་སྐབས་༡༡་ཚོགས་འདུ་ཐེངས་༢་པའི་ཐོག་ཏུ་བོད་རང་སྐྱོང་ལྗོངས་གཙོས་བོད་ཀྱི་ས་ཁུལ་ཁག་ཏུ་བཞུགས་པའི་བོད་པ་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བླ་སྤྲུལ་རྣམ་པའི་སྐུ་པར་ལ་མཆོད་འབུལ་དང་ཕྱག་འཚལ་རྒྱུ་མཚམས་འཇོག་གིས་ཞིས་ཅིན་ཕིང་དང་རྒྱ་ནག་གི་འགོ་ཁྲིད་ཚོའི་འདྲ་པར་ལ་ཕྱག་འཚལ་དགོས་པའི་བཀའ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པའི་སྐོར། འདི་གའི་གསར་འགོད་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG