ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

མཚོ་སྣ་རྫོང་དུ་བོད་པ་༡༨་བཀག་ཉར་བྱས་ནས་རྡུང་རྡེག་དྲག་པོ་བཏང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གི་ཉེན་རྟོག་པ་ཚོས་ལྷོ་ཁ་མཚོ་སྣ་རྫོང་དུ་བོད་པ་༡༨་བཀག་ཉར་དང་རྡུང་རྡེག མི་༣་ལ་རྡུང་རྡེག་དྲག་པོ་ཕོག་སྟེ་རྨས་སྐྱོན་བྱུང་ནས་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་ཅིང་། དེ་ཡང་མིང་དངོས་སུ་བརྗོད་འདོད་མེད་པའི་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན།

༄༅།། རྒྱ་ནག་གཞུང་གི་ཉེན་རྟོག་པ་ཚོས་ལྷོ་ཁ་མཚོ་སྣ་རྫོང་དུ་བོད་པ་༡༨་བཀག་ཉར་དང་རྡུང་རྡེག མི་༣་ལ་རྡུང་རྡེག་དྲག་པོ་ཕོག་སྟེ་རྨས་སྐྱོན་བྱུང་ནས་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་ཅིང་། དེ་ཡང་མིང་དངོས་སུ་བརྗོད་འདོད་མེད་པའི་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་དང་པོའི་ཚེས་༡་ཉིན་བོད་རང་སྐྱོང་ལྗོངས། ལྷོ་ཁ་ས་ཁུལ་གྱི་མཚོ་སྣ་རྫོང་གི་ཤིང་ཡོན་གྲོང་རྡལ་དུ་མང་ཚོགས་རྣམས་ཚོགས་འདུར་བསྐོངས་ཏེ་ཚོགས་ཆེན་ཐོག་ཏུ་མི་སུ་གཅིག་གིས་ཀྱང་ལག་ཐོགས་ཁ་པར་འཁྱེར་ཡོང་མི་ཆོག་ཅེས་བཀའ་བཏང་འདུག ཡིན་ནའང་མི་ཁ་ཤས་ཀྱིས་རང་གི་ལས་དོན་ཆེད་དུ་ལག་ཐོགས་ཁ་པར་ཚོགས་འདུའི་ཐོག་ཏུ་ཁྱེར་ཡོད་པས་ཚོགས་འདུ་གྲོལ་བའི་རྗེས་སུ་མི་དེ་ཚོར་རྒྱ་སྒོར་༥༠༠་རེའི་ཆད་པ་བཅད། དེ་ནས་ཕྱི་ཚེས་༢་ཉིན་ས་གནས་དེར་ཟ་ཁང་དང་ཚོང་ཁང་བཟུང་སྟེ་ཚོང་ལས་གཉེར་མཁན་ཆབ་མདོ་དང་རྫ་ཆུ་ཁ་ནས་ཡོང་བའི་བོད་པ་ཁག་ཅིག་དང་མཚོ་སྣ་རྫོང་གི་ཡུལ་མི་འགའ་བཅས་ཁྱོན་བསྡོམས་མི་༡༨་རྫོང་དེའི་ཉེན་རྟོག་ཁང་དུ་བཙན་གྱིས་ཁྲིད། ཁོ་ཚོར་སྐད་འཕྲིན་བརྒྱུད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་དོན་བསྒྲུབས་སོང་ཞེས་ནག་ཉེས་བཙུགས་ནས་རྡུང་དྲག་པོ་བཏང་ཞིང་། མི་གསུམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་མཚོ་སྣ་རྫོང་བདེ་སྐྱིད་སྨན་ཁང་དུ་སྨན་བཅོས་བྱ་དགོས་བྱུང་མོད། འོན་ཀྱང་བོད་པ་དེ་ཚོས་སྐད་འཕྲིན་བརྒྱུད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་དོན་ཅི་ཞིག་བསྒྲུབས་ཡོད་མེད་ཤེས་རྟོགས་བྱུང་མ་སོང་ཞེས་གསར་འགྱུར་མཁོ་སྤྲོད་པས་འགྲེལ་བརྗོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་པ་ལྟར་ན། རྒྱ་གཞུང་གིས་བཀག་ཉར་བྱེད་ཡོད་པའི་བོད་པ་དེ་རྣམས་ཁང་བཟའ་དང་འོད་ཟེར། ཀུན་བཟང་བདེ་ཆེན་དང་སྨན་ལྷ་བདེ་ཆེན། ཚེ་རིང་སྒྲོན་མ་དང་དཔལ་ལྡན་གྲགས་པ། འཆི་མེད་དབང་མོ། གནས་ལྷ། བསོ་བྷོ། སྒྲུབ་བསྟན་རྡོ་རྗེ། གུ་རུ་སྐྱབས། རིན་ཆེན་ཚེ་རིང་། སུ་ཏུ་སྐྱིད། ཕུན་ཚོགས་ཆོས་སྒྲོན། ཚེ་རིང་བདེ་སྐྱིད། སུངྷུ་པེ་ཡེས། མཚོ་ཤེས། ཐུབ་བསྟན་ཆོས་འཕེལ་བཅས་ཡིན་འདུག ཁོ་ཚོ་མཚོ་སྣ་རྫོང་གི་ཉེན་རྟོག་ཁང་ལ་འབོད་འགུགས་བྱས་པའི་རྗེས་སུ་སྔོན་ལ་མི་དེ་དག་གི་ཁྱིམ་ཐོ་ས་གནས་གང་དུ་ཡོད་མེད་དང་རྒྱབ་ལྗོངས་ཀྱི་གནས་ཚུལ་རྣམས་དྲིས་རྩད་བྱས་ནས་ཞིབ་འཇུག་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་དེང་སྐབས་སྔོན་དང་མ་འདྲ་བར་༢༠༢༠་ཐམ་པའི་ལོ་སྨད་ནས་དམིགས་བསལ་གྱིས་བོད་ས་ཡོངས་སུ་སྐད་འཕྲིན་དང་དྲྭ་རྒྱའི་བྱེད་སྒོ་སོགས་ལ་སྟངས་འཛིན་ཧ་ཅང་དམ་པོ་བྱེད་ཀྱི་ཡོད་པར་མ་ཟད། སོ་སོའི་བུ་ཕྲུག་སོགས་རྒྱ་ནག་ལ་སློབ་གྲྭར་ཡོད་ཀྱང་སྐད་འཕྲིན་གྱི་ཁ་བྱང་དང་དྲྭ་རྒྱ་ཅི་ཞིག་བེད་སྤྱོད་བྱེད་ཀྱི་ཡོད་མེད་རྣམས་ས་གནས་བདེ་འཇགས་ལས་ཁུང་སུ་རྩིས་སྤྲོད་བྱ་དགོས་ཀྱི་འདུག ཁ་པར་ཨང་གྲངས་གསར་བཟོ་བྱས་ཀྱང་ཐོ་འགོད་བྱེད་དགོས་པ་དང་རྒྱ་ནག་གཞུང་གིས་དོན་དག་འདྲ་མིན་ལ་ཁ་གཡར་ནས་བོད་ནང་གི་སྐད་འཕྲིན་སོགས་དྲྭ་རྒྱ་ཁག་ལ་དོ་དམ་ནན་པོ་བྱས་ཏེ་མི་མང་པོ་ཞིག་གློ་བུར་དུ་འཛིན་བྱེད་བཞིན་འདུག་ཅེས་བཤད་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG