ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིས་རྒྱ་ནག་གི་གསང་ཉུལ་ཞིག་འཛིན་བཟུང་། 


༄༅།། སློབ་དཔོན་ཧྭང་ཇིང་གིས་རང་གི་སློབ་ཕྲུག་ཟུར་པ་ཅུན་ཝེ་ཡའོ་རྒྱ་ནག་གི་གསང་ཉུལ་ཞིག་ཡིན་པ་གཏན་ནས་ཤེས་རྟོགས་བྱུང་མ་སོང་། ཁོ་པ་ཨ་རིའི་གཞུང་གིས་འཛིན་བཟུང་བྱས་པར་ཧ་ཅང་དགའ་མོས་བྱུང་། ང་སེངྒ་པུར་གྱི་ལི་ཀོན་ཡུའི་སློབ་གྲྭ་ཆེན་མོའི་སྤྱི་དམངས་སྲིད་ཇུས་སློབ་གླིང་ན་ཡོད་དུས་ཅུན་ཝེ་ཡའོ་ལ་ལོ་ཤས་རིང་འབུམ་རམས་པའི་སློབ་སྦྱོང་ཐད་དུ་ལམ་སྟོན་ཐེངས་འགའ་ཞིག་བྱས་མྱོང་། ངས་ཁོ་པར་འབུམ་རམས་པའི་ཞིབ་འཇུག་བྱེད་ཕྱོགས་དང་ཆེད་རྩོམ་འབྲི་སྟངས་སོགས་ལ་སློབ་སྟོན་ཁག་ཅིག་བྱས་པ་ཡིན། ཅུན་ཝེ་ཡའོ་ནི་སློབ་ཕྲུག་ངོ་ཚ་སྨིན་པོ་དང་གཉོམ་ཆུང་ཞིག་ཡིན་པའི་སྣང་བ་ཞིག་བྱུང་། ཡིན་ནའང་ཁོ་པ་ཧམ་སེམས་ཆེན་པོ་ཡོད་པ་དང་རང་མཐོང་ཆེ་བའི་མི་ཞིག་ལ་འགྱུར་སྲིད་པའི་བག་ཆགས་ཤིག་བཞག་བྱུང་། ཁོ་པ་རྒྱ་ནག་གི་གསང་ཉུལ་ཡིན་པ་དང་ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྒྱ་ནག་ལ་མཁོ་སྤྲོད་བྱས་པའི་སྐད་ཆ་གོ་དུས་ང་ཧ་ལས་སོང་། ང་ཨ་མི་རི་ཀར་སླེབས་པའི་རྗེས་སུ་ཅུན་ཝེ་ཡའོ་ལ་གཏན་ནས་ཐུག་མ་མྱོང་ཞེས་བཤད། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཅུན་ཝེ་ཡའོ་ཡིས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྒྱ་ནག་ལ་མཁོ་སྤྲོད་བྱས་པ་དང་ཨ་རི་བ་རྣམས་བསླུ་བྲིད་བྱས་ནས་རྒྱ་ནག་ལ་ཨ་མི་རི་ཀའི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་དུ་བཅུག་ཡིན་ཞེས་ངོས་ལེན་བྱས་འདུག

༢༠༡༥ ལོའི་པར་ཞིག
༢༠༡༥ ལོའི་པར་ཞིག

ཅུན་ཝེ་ཡའོ་ཡི་འབུམ་རམས་པའི་ཆེད་སྦྱོང་ནི་རྒྱ་ནག་གི་ཕྱི་སྲིད་ཡིན་པ་དང་༢༠༡༥་ལོར་རྒྱ་ནག་གཞུང་གིས་སེངྒ་པུར་གྱི་རྒྱལ་ཡོངས་སློབ་གྲྭ་ཆེན་མོ་རྩེ་ཕུད་དེའི་འབུམ་རམས་སློབ་གཉེར་བ་ཅུན་ཝེ་ཡའོ་པེ་ཅིང་ལ་གཏམ་བཤད་བྱེད་དུ་གདན་འདྲེན་ཞུས། པེ་ཅིང་གི་གཏམ་བཤད་རྗེས་སུ་རྒྱ་ནག་གི་ཞིབ་འཇུག་ཁང་ཞིག་གི་ཉམས་ཞིབ་པ་ཡིན་ཟེར་པའི་མི་འགའ་ཞིག་གིས་ཅུན་ཝེའ་ཡའོ་ལ་ཐུག་འཕྲད་བྱས་ཤིང་། ཁོ་ཚོས་ཅུན་ཝེ་ཡའོ་ལ་ཆབ་སྲིད་ཀྱི་གནད་དོན་དང་དེ་མིན་གྱི་གནས་ཚུལ་ཁག་བསྡུ་རུབ་བྱས་ནས་མཁོ་སྤྲོད་ཐུབ་ན་དངུལ་སྒོར་སྤྲོད་ཆོག་ཅེས་གྲོས་མགོ་བཏོན། གལ་སྲིད་ཁོ་པར་ལས་དོན་དེ་སྒྲུབ་འདོད་ཡོད་ན་ཆབ་སྲིད་དང་དེ་མིན་གྱི་གནས་ཚུལ་ཅི་ཞིག་འཚོལ་སྒྲུབ་བྱ་དགོས་མིན་ཞིབ་ཕྲ་རྣམས་ཕྱིས་སུ་གསལ་པོར་བཤད་ཆོག་ཅེས་འབྲེལ་བ་བཙུགས། ཅུན་ཝེ་ཡའོ་ཡིས་འཕྲལ་དུ་མི་དེ་ཚོ་རྒྱ་ནག་གི་གསང་བའི་ལས་ཁང་གི་ལས་བྱེད་པ་ཡིན་པ་ཤེས་རྟོགས་བྱུང་ཡང་འབྲེལ་བ་མ་བཅད། ཐོག་མར་རྒྱ་ནག་གི་གསང་བའི་ལས་ཁང་གི་ལས་བྱེད་པ་དེ་དག་གིས་ཅུན་ཝེ་ཡའོ་ལ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ཆབ་སྲིད་དང་ཚོང་ལས་སོགས་ལ་དོ་སྣང་བྱ་དགོས་པའི་ལས་འགན་སྤྲད་ཡོད་པ་དང་དེ་ནས་ཨ་མི་རི་ཀའི་སྲིད་གཞུང་ལ་དམིགས་པ་གཏོད་དུ་བཅུག་འདུག འདས་པའི་ལོ་ལྔའི་རིང་ལ་ཅུན་ཝེ་ཡའོ་ཡིས་ཞིབ་འཇུག་ཁང་རྫུན་མ་ཞིག་བཙུགས་ཏེ་འབྲེལ་མཐུད་དྲྭ་རྒྱ་བརྒྱུད་ནས་ཨ་མི་རི་ཀ་བ་ཁག་ཅིག་བློ་འགུགས་ཀྱིས་གསང་བའི་གནས་ཚུལ་བསྡུ་ལེན་བྱས་འདུག་ཅེས་ཨ་རིའི་ཁྲིམས་ཁང་གི་ཡིག་ཆའི་ནང་དུ་འཁོད་འདུག

ཕྱི་ཟླ་༧་པའི་ཚེས་༢༤་ཉིན་ཅུན་ཝེ་ཡའོ་ཡིས་རང་ཉིད་རྒྱ་ནག་གི་གསང་ཉུལ་ཡིན། ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྣམས་ཁྲིམས་འགལ་ཐོག་ཏུ་རྒྱ་ནག་ལ་མཁོ་སྤྲོད་བྱས་པ་ཡིན་ཞེས་ངོས་ལེན་བྱས་པར་མ་ཟད། ལོ་ན་༣༩་ལ་སོན་པའི་ཅུན་ཝེ་ཡའོ་ལ་ཨ་རིའི་གཞུང་གིས་ལོ་༡༠་ཡས་མས་ཤིག་གི་བཙོན་འཇུག་ཁྲིམས་ཐག་གཅོད་སྲིད། གསར་འགོད་པར་མིང་དངོས་སུ་བརྗོད་འདོད་མེད་པའི་སློབ་གྲོགས་བུ་མོ་ཞིག་གིས་ཅུན་ཝེ་ཡའོ་འཛིན་གྲྭའི་ནང་དུ་ཧ་ཅང་གི་ཧུར་པོ་རེད། ངས་རྟག་ཏུ་ཁོ་པ་རིག་རྒོད་ཅིག་ལ་བརྩིས་མྱོང་། ཁོ་པས་རྒྱུན་དུ་སྤྱི་ཚོགས་འདྲ་མཉམ་མེད་པ་དང་ཆུང་དུས་ཕ་མར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་པ་རྣམས་བཤད་མྱོང་། ཁོ་པ་རྒྱ་ནག་གི་གསང་ཉུལ་ཡིན་པ་ངོས་ལེན་བྱས་པ་རེད་ཟེར་པ་དེ་བློ་ཡུལ་དུ་ཤོང་དཀའ་བ་ཞིག་འདུག་ཅེས་བཤད། ཨ་རིའི་ཁྲིམས་ཁང་གི་ཡིག་ཆའི་ནང་དུ་སིངྒ་པུར་གྱི་སློབ་ཕྲུག་དེ་རྒྱ་ནག་ལ་ཐེངས་འགའ་ཞིག་བསྐྱོད། ཁོ་པས་རྒྱ་ནག་གི་ས་གནས་ཁག་འགའ་ཞིག་ཏུ་རྒྱ་ནག་གི་གསང་བའི་ལས་ཁང་གི་ལས་སྣེ་ཚོར་ཐུག་འཕྲད་བྱས་འདུག རྒྱ་ནག་གི་གསང་བའི་མི་སྣ་དེ་ཚོས་ཅུན་ཝེ་ཡའོ་ལ་ཨ་མི་རི་ཀའི་ཚོང་དོན་ལྷན་ཁང་གི་གསང་བའི་གནས་ཚུལ་དང་བཅོས་སྒྲིག་རྣམ་དཔྱོད་ཀྱི་རིག་གནས། ཨ་རྒྱའི་ཚོང་དམག་ལ་འབྲེལ་བ་ཡོད་པའི་གསང་བའི་ཡིག་ཆ་རྣམས་རག་ཐབས་བྱོས་ཞེས་ལས་འགན་སྤྲད་འདུག་ཅེས་བཀོད། སེངྒ་པུར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ཀོ་ཤི་ཁན་གྱིས་ཅུན་ཝེ་ཡའོ་ཡིས་ཤེས་བཞིན་དུ་རྒྱ་ནག་གི་གསང་བའི་ལས་ཁང་ལ་སྲི་ཞུ་བསྒྲུབས་ཡོད་པར་ཐེ་ཚོམ་བྲལ། ཁོ་པས་གནས་ཚུལ་མ་རྟོགས་པར་གཞན་གྱི་མགོ་སྐོར་འོག་ཏུ་ཚུད་ནས་ལག་ཆ་ཞིག་ལ་གྱུར་པ་ནི་ཡིན་མི་སྲིད་ཅེས་བཤད།།

ཅུན་ཝེ་ཡའོ་ཡིས་དམིགས་འབེན་དུ་བཟུང་བའི་ཨ་རི་བ་ཁག་ཅིག་ནི་ཨ་རིའི་ཨེབ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུའི་ལས་འཆར་བཀོད་སྒྲིག་པ་ཞིག་ཡིན་ཞིང་། ཨ་རི་བ་དེས་རང་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་ཅེས་བཤད་ནས་ཅུན་ཝེ་ཡའོ་ལ་འབྲེལ་བ་བྱུང་འདུག ཨ་རིའི་དམག་དཔོན་གཞན་ཞིག་ལ་ཅུན་ཝེ་ཡའོ་ཡིས་ཨ་སྒོར་༢༠༠༠་སྤྲད་ནས་ཨ་མི་རི་ཀའི་དམག་རྣམས་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱས་ཚེ། རྒྱ་ནག་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་རྒྱུ་ཡིན་མིན་གྱི་དཔྱད་རྩོམ་འབྲི་རུ་བཅུག་ཡོད་ཅིང་། ༢༠༡༩་ནས་ཅུན་ཝེ་ཡའོ་དངོས་སུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གཞིས་ཆགས་ཏེ་འབྲེལ་མཐུད་དྲྭ་རྒྱ་བརྒྱུད་ནས་ཨ་རི་བ་ཁག་ཅིག་བཀུག་ནས་གསང་བའི་གནས་ཚུལ་བསྡུ་རུབ་བྱ་རྒྱུ་མགོ་བརྩམས། ༢༠༡༨་ལོར་ཅུན་ཝེ་ཡའོ་ཡིས་དྲྭ་ལམ་དུ་ལས་ཀ་འཚོལ་སྒྲུབ་ཀྱི་ལམ་སྟོན་བཟོ་ཚོང་ཁང་རྫུན་མ་ཞིག་བཙུགས་པ་ཡིན། ཁོ་པས་མི་༤༠༠་ལྷག་གི་སྒེར་གྱི་རྒྱབ་ལྗོངས་གནས་ཚུལ་རྣམས་བསྡུ་རུབ་བྱས་ཐུབ་སོང་། མི་དེ་དག་གི་བརྒྱ་ཆ་༩༠་ལྷག་ཨ་མི་རི་ཀའི་དམག་མི་དང་གཞུང་གི་གསང་བའི་ལས་ཁང་ཁག་ལ་འབྲེལ་བ་ཡོད་པའི་མི་རྣམས་རེད། ཁོ་ཚོའི་གྲས་ཀྱི་མི་ཁག་ཅིག་རྒྱ་ནག་གི་གསང་བའི་ལས་ཁང་ལ་ངོ་སྤྲོད་བྱས་པ་ཡིན་ཞེས་ནག་ཉེས་ངོས་ལེན་བྱས་འདུག རྒྱ་ནག་གི་གསང་ཉུལ་ཉམས་ཞིབ་པ་བྷ་ར་ཛིལ་ཞེས་པ་ཞིག་གིས་རྒྱ་ནག་གི་གསང་ཉུལ་ཚོས་མི་གྲངས་དུང་ཕྱུར་༧་ལྷག་གིས་བཀོལ་སྤྲོད་བྱེད་བཞིན་པའི་འབྲེལ་མཐུད་དྲྭ་རྒྱ་བཀོལ་སྤྱོད་ལོག་པ་བཏང་བ་ནི་ཐབས་རྡུག་ཅིག་རེད། ཡིན་ནའང་འཛམ་གླིང་ཀུན་གྱི་གསང་བའི་ལས་ཁང་ཁག་གིས་འབྲེལ་མཐུད་དྲྭ་རྒྱ་བཀོལ་སྤྱོད་ལོག་པ་གཏོང་གི་ཡོད་ངེས་རེད། འབྲེལ་མཐུད་དྲྭ་རྒྱའི་ནང་དུ་སྐྱེ་བོ་སྒེར་གྱི་ཤེས་ཚད་དང་ཁྱིམ་ཚང་གི་གནས་སྟངས། གླ་ཕོགས་དང་ལས་གནས་སོགས་ཆ་ཚང་འགོད་དགོས་པས་གསང་ཉུལ་ཚོར་གནས་ཚུལ་འཚོལ་ཡུལ་མཆོག་ཏུ་གྱུར་པ་ཞིག་རེད་ཅེས་བཤད། ༢༠༡༧་ལོར་འཇར་མན་གཞུང་གིས་རྒྱ་ནག་གི་གསང་བའི་མི་སྣ་ཚོས་འབྲེལ་མཐུད་དྲྭ་རྒྱ་བརྒྱུད་ནས་འཇར་མན་པ་༡༠༠༠༠་ལྷག་དམིགས་འབེན་དུ་བཟུང་ནས་གསང་བའི་གནས་ཚུལ་རྐུ་ཐབས་བྱས་སོང་ཞེས་བསྒྲགས།།

ཕྱི་ཟླ་༧་པའི་ཚེས་༢༤་ཉིན་ཨ་རིའི་དབུས་ཞིབ་གཅོད་ལས་ཁང་གིས་རྒྱ་ནག་གི་གསང་ཉུལ་ལ་འབྲེལ་བ་ཡོད་པའི་མི་སྣ་དོགས་ཅན་༢༠༠༠་ཡས་མས་ཤིག་ལ་ལྟ་རྟོག་དང་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་བསྒྲགས། ཨ་རིའི་སྤྱི་ཁྱབ་ཁྲིམས་འཛིན་གཞོན་པས་ཅུན་ཝེ་ཡའོ་ཡི་གནད་དོན་ནི་རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་སྤྱི་དམངས་བཀོལ་སྤྱོད་བཏང་སྟེ་ཨ་མི་རི་ཀའི་སྤྱི་ཚོགས་ལ་གུ་ཡངས་དང་རང་དབང་ཡོད་པའི་གོ་སྐབས་དམ་འཛིན་བྱས་ནས་གསང་བའི་གནས་ཚུལ་བསྡུ་རུབ་བྱེད་ཀྱི་ཡོད་པའི་དཔེ་མཚོན་ལ་འགོད་ཆོག་ཅེས་བཤད། གཟའ་མཇུག་དེར་ཨ་མི་རི་ཀའི་གཞུང་གིས་སན་ཧྥ་རན་སེ་སི་ཀོ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་དུ་སྐུང་ཡོད་པའི་ཉམས་ཞིབ་པ་ཐང་ཅོན་འཛིན་བཟུང་བྱས་འདུག ཐང་ཅོན་རྒྱ་ནག་གི་དམག་དོན་ཉམས་ཞིབ་པ་ཞིག་ཡིན་རུང་ཨ་མི་རི་ཀར་ཐོངས་མཆན་ཞུ་དུས་འགེངས་ཤོག་ནང་དུ་རང་ཉིད་རྒྱ་ནག་གི་དམག་ལ་འབྲེལ་བ་ཡོད་པའི་གནས་ཚུལ་རྣམས་སྦས་གསང་བྱས་པས་ཨ་རིའི་གཞུང་གིས་འཛིན་བཟུང་བྱ་དགོས་བྱུང་ཞིང་། བདུན་ཕྲག་སྔོན་མར་ཨ་རིའི་གཞུང་གིས་ཧིའུ་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་ནི་གསང་ཉུལ་གྱི་ཚང་ཞིག་རེད་ཅེས་ནག་ཉེས་བཙུགས་ནས་དོན་གཅོད་སྒོ་བརྒྱབ། རྒྱ་ནག་གི་དོན་གཅོད་ཁང་དེའི་དྲྭ་ལམ་དུ་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས། ཚན་རིག་དང་འཕྲུལ་རིག་ལག་རྩལ། སྤྱི་སྒེར་གཉིས་ཀྱི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་བྱེད་ཀྱི་འདུག་ཅེས་ནག་ཉེས་བཙུགས་ཡོད་པ་རེད།།

XS
SM
MD
LG