༄༅།། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་སྒོར་ཐེར་འབུམ་༢༥༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་བཀལ་ཡོད་པ་བརྒྱ་ཆ་༣༠་ལ་སྤར་དགོས། སྒོ་ཁྲལ་སྤར་སྣོན་འདི་ཕྱི་ཟླ་༡༠་ཚེས་༡་ནས་ལག་བསྟར་དགོས་པའི་ཁྱབ་བསྒྲགས་བྱས་ཀྱང་ཕྱི་ཟླ་༩་ཚེས་༡༡་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་རྒྱ་ནག་ལ་སྒོ་ཁྲལ་འཕར་མ་འགེལ་རྒྱུ་ཕྱི་ཟླ་༡༠་ཚེས་༡༥་བར་དུ་ཕར་འགྱངས་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་པར་རྒྱ་ནག་གི་དགའ་བསུ་ཞུས་ཀྱང་ཨ་རིའི་སྲིད་འཛིན་ཞིག་གིས་རྒྱ་ནག་དམར་ཤོག་གི་རྒྱལ་སྟོན་དུས་ཆེན་ལ་བསྟུན་ནས་དངོས་ཟོག་གི་སྒོ་ཁྲལ་སྤར་རྒྱུ་ཕྱིར་འགྱངས་བྱས་པ་ཁྱད་མཚར་ཞིག་རེད་ཅེས་ཉམས་ཞིབ་པ་ཚོས་རྩོད་གླེང་ཆེན་པོ་བྱུང་འདུག རྒྱ་ནག་གཞུང་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་རྣམ་འགྱུར་བཟང་པོ་ཞིག་བསྟན་སོང་ཞེས་བཀྲལ། ཡིན་ནའང་ཌོ་ནལ་ཊམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོས་ཝ་ཤིང་ཊོན་དུ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད། རྒྱ་ནག་དམར་ཤོག་སྲིད་གཞུང་ཚུགས་ནས་ལོ་༧༠་འཁོར་བའི་རྒྱལ་སྟོན་དུས་ཆེན་སྐབས་སུ་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཁོང་ཁྲོ་བསླངས་ན་དགེ་མཚན་མེད་པ། གཟའ་འཁོར་འདིར་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་དངོས་ཟོག་རྣམ་གྲངས་༡༦་ལ་སྒོ་ཁྲལ་འཕར་མ་བཀལ་ནས་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་འཕར་མ་བཀལ་བར་ལན་པ་སློག་རྒྱུ་མིན་ཞེས་ཁྱབ་བསྒྲགས་བྱས་པ། རྒྱ་ནག་དང་ཨ་རི་གཉིས་ཀས་ཟླ་བ་གཞུག་མའི་ཚོང་དོན་གྲོས་མོལ་ལ་གྲུབ་འབྲས་བཟང་པོ་ཞིག་འཐོན་ཐུབ་རྒྱུའི་རེ་བ་འཆང་གི་ཡོད་པ། ལྷག་པར་དུ་རྒྱ་ནག་གཞུང་གིས་ཨ་མི་རི་ཀས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་ཡར་རྒྱས་འགྲོ་ཐུབ་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་ནན་བརྗོད་བྱས་པར་བསམ་གཞིགས་བྱས་པ་ཞིག་ཡིན་སྲིད།
གཟའ་ལྷག་པའི་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་ཚོང་དོན་གྲོས་མོལ་འགོ་བ་དང་སྲིད་བློན་གཞོན་པ་ལིའུ་ཧེ་ཡིས་ཕྱི་ཟླ་༡༠་པའི་ཚེས་༡་གི་སྔོན་ལ་ཚོང་ལས་ཀྱི་འགལ་ཟླ་ཆེ་རུ་མ་གཏོང་ཞེས་རེ་བ་བཏོན་པ་ལྟར་ང་ཚོས་ཨ་སྒོར་ཐེར་འབུམ་༢༥༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་ཡོད་པ་བརྒྱ་ཆ་༣༠་ལ་སྤར་རྒྱུའི་ཐག་གཅོད་བྱུང་བ་ཕར་འགྱངས་བྱ་རྒྱུ་ཡིན། ཕྱི་ཟླ་༡༠་པའི་ཚེས་༡་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་༧༠་འཁོར་བའི་དུས་ཆེན་ཡང་རེད་ཅེས་བཤད། རྒྱ་ནག་གི་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པ་གའོ་ཧྥེང་གིས་རྒྱ་ནག་གི་ཚོང་པ་ཚོས་ཨ་རིའི་སྲན་དཀར་དང་ཕག་ཤ་ཚུད་པའི་ཞིང་ལས་ཐོན་སྐྱེད་ནང་འདྲེན་གྱི་གྲངས་འབོར་དང་གོང་ཚད་སོགས་ལ་ཞིབ་བསྡུར་བྱ་རྒྱུ་འགོ་ཚུགས་ཡོད་ཅེས་བཤད་ཀྱང་རྒྱ་ནག་གི་ཚོང་པ་ཚོས་ཨ་མི་རི་ཀའི་སྲན་དཀར་དང་ཕག་ཤ་སོགས་ཞིང་ལས་ཐོན་སྐྱེད་ཅི་ཙམ་ནང་འདྲེན་བྱ་རྒྱུ་ཡིན་མིན་གྱི་གྲངས་འབོར་གསལ་པོ་ཞིག་ཕྱིར་བསྒྲགས་བྱས་མེད་ཅིང་། ད་ཐེངས་ཀྱི་ཚོང་དམག་ལ་བརྟེན་ནས་རྒྱ་ནག་གིས་རང་ལ་སྲན་དཀར་གྱི་དགོས་མཁོ་ཡོད་པ་ཨ་མི་རི་ཀ་གཅིག་པུར་བརྟེན་རྒྱུ་མིན། རྒྱ་ནག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་དང་ཨར་ཆིན་ཊི་ན་ནས་སྲན་དཀར་ནང་འདྲེན་བྱ་དགོས་པའི་གླེང་སློང་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པ་དང་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་ཨ་མི་རི་ཀའི་སྲན་དཀར་དང་ཕག་ཤ་སོགས་ནང་འདྲེན་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གྲངས་ཚད་དེ་འདྲ་ཞིག་རྒྱ་ནག་གིས་གཏན་ནས་ནང་འདྲེན་བྱེད་ཐུབ་ས་མ་རེད་ཅེས་དགག་པ་བརྒྱབ་འདུག
ཕྱི་ཟླ་༡༠་པའི་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་གྱི་ཚེས་གྲངས་དང་ཡུན་ཚད་སོགས་ཕྱོགས་གཉིས་ཀས་ཕྱིར་བསྒྲགས་བྱས་མེད་ཀྱང་རྒྱ་ནག་གི་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པ་གའོ་ཧྥེང་གིས་ཝ་ཤིང་ཊོན་དུ་ཚོང་དོན་གྲོས་མོལ་མ་བྱས་གོང་དུ་ཕྱོགས་གཉིས་ཀྱི་དམའ་རིམ་ལས་སྣེ་ཚོས་གྲ་སྒྲིག་ཚོགས་འདུ་ཞིག་འཚོགས་འཆར་ཡོད་ཅེས་བཤད། ཉམས་ཞིབ་པ་ཚོས་རྒྱ་ནག་དང་ཨ་རིའི་ཚོང་དོན་གྲོས་མོལ་ཕྱི་ཟླ་༡༠་པའི་ཚེས་༡༥་སྔོན་ལ་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། ཝ་ཤིང་ཊོན་གྱི་ཚོང་དོན་གྲོས་མོལ་དེར་ཨ་རིའི་ཚོང་དོན་གྲོས་མོལ་འགོ་བ་ལཱ་ཡེ་ཊི་ཧར་ཛི་དང་ནོར་སྲིད་དྲུང་ཆེ་སི་ཊིབ་མུ་ཎི་ཆིན། རྒྱ་ནག་གི་ཚོང་དོན་གྲོས་མོལ་འགོ་བ་ལིའུ་ཧེ་བཅས་མཉམ་ཞུགས་བྱ་རྒྱུ། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ཚུགས་ཡོད་པའི་ཏུང་ཅི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཁྲེང་གོ་ཆང་གིས་རྒྱ་ནག་གི་ཚོང་དོན་གྲོས་མོལ་བ་ཚོས་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས། རྒྱ་ནག་གིས་ཨ་མི་རི་ཀའི་ཞིང་ལས་ཐོན་སྐྱེད་ནང་འདྲེན་བྱ་རྒྱུ་ལག་ཅ་ཞིག་ལ་བཀོལ་སྤྱོད་བྱས་ནས་ཨ་མི་རི་ཀར་གནོན་ཤུགས་སྤྲོད་དགོས། རྒྱ་ནག་མི་དམངས་དུང་ཕྱུར་༡༤་ལ་ཟས་རིགས་ཕོན་ཆེན་ཞིག་ནང་འདྲེན་བྱ་དགོས་པ་དེའི་ཐོན་ཁུངས་ཕྱོགས་མང་ཞིག་ནས་བཙལ་དགོས། རྒྱ་ནག་ལ་ཨ་མི་རི་ཀ་ཁོ་ན་མིན་པར་ཞིང་འབྲོག་གི་ཐོན་སྐྱེད་ནང་འདྲེན་བྱ་ཡུལ་རྒྱལ་ཁབ་གཞན་པ་ཡོད་ན་ང་ཚོས་ཨ་མི་རི་ཀར་ཚོང་དོན་གྲོས་མོལ་བྱེད་པའི་དུས་སུ་ཨ་རིའི་ཆ་རྐྱེན་དང་ཨ་རིའི་གནོན་ཤུགས་ལ་མགོ་སྒུར་མི་དགོས་ཞེས་བཤད།
སྲིད་བློན་གཞོན་པ་ལིའུ་ཧེ་ཡིས་འགོ་ཁྲིད་པའི་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ཚོགས་པས་རྒྱ་ནག་གིས་ཨ་མི་རི་ཀའི་ཞིང་ལས་ཐོན་སྐྱེད་ནང་འདྲེན་བྱེད་ཆོག ཨ་མི་རི་ཀས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་ལྷུ་ལག་བཙོང་རྒྱུ་མིན་པའི་ཚོང་ལས་བཀག་སྡོམ་བྱེད་ཀྱི་ཡོད་པ་ཕྱིར་འཐེན་བྱ་དགོས་ཞེས་གྲོས་མོལ་བྱ་འཆར་ཡོད་ཅིང་། ཏུང་ཅི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཁྲེང་གོ་ཆང་གིས་རྒྱ་ནག་གིས་རང་གི་ཟས་རིགས་ཀྱི་དགོས་མཁོ་རྣམས་རྒྱལ་ནང་གི་ཐོན་སྐྱེད་ཀྱིས་སྐོང་ཐུབ་པའི་སྲིད་ཇུས་ཤིག་འཛིན་དགོས། རྒྱལ་ནང་གི་ཐོན་སྐྱེད་ཀྱིས་མ་འདང་བ་རྣམས་ཕྱི་རྒྱལ་ནས་ནང་འདྲེན་བྱ་དགོས། ཡིན་ནའང་རྒྱ་ནག་གིས་ཨ་མི་རི་ཀ་སོགས་རྒྱལ་ཁབ་ཉུང་ཤས་ཤིག་ལ་བརྟེན་གྱི་ཡོད་པའི་ལམ་སྲོལ་དེར་འགྱུར་བ་གཏོང་དགོས། རྒྱ་ནག་གིས་ཞིང་ལས་ཐོན་སྐྱེད་དང་ཟས་རིགས་ནང་འདྲེན་བྱ་རྒྱུ་གོ་ལ་ཅན་དུ་བསྒྱུར་དགོས། ང་ཚོར་ཨ་མི་རི་ཀར་ཁ་གཏད་གཅོག་ཐུབ་པའི་ལག་ཆ་ནུས་ཤུགས་ཅན་ཞིག་ཡོད། ཡིན་ནའང་ང་ཚོས་ཐབས་ཇུས་དེ་བསྒྲགས་ནས་བཤད་དགོས་པ་ཞིག་མ་རེད་ཅེས་བཀྲལ། ད་ལོའི་ཕྱི་ཟླ་དང་པོ་ནས་ཕྱི་ཟླ་༧་པའི་བར་དུ་རྒྱ་ནག་གིས་ཕྱི་ནས་ཞིང་ལས་ཐོན་སྐྱེད་ནང་འདྲེན་བྱ་རྒྱུ་བརྒྱ་ཆ་༤་དང་གྲངས་ཆུང་༤་མང་དུ་སོང་ཡོད་པ་སྟེ། སྔ་ལོ་དང་བསྡུར་ན་རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་༨༤་ལྷག་གི་ཞིང་ལས་ཐོན་སྐྱེད་མང་བ་ནང་འདྲེན་བྱས་འདུག
རྒྱ་ནག་གི་སྐུ་ཚབ་ཚོས་ཕྱི་ཟླ་༡༠་པའི་གྲོས་མོལ་སྐབས་སུ་ཚོང་ལས་འབའ་ཞིག་ལ་གྲོས་མོལ་བྱ་རྒྱུ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འབྲེལ་བ་ཡོད་པའི་ཕྱོགས་གཉིས་ཀྱི་རྩོད་གཞི་ཁག་ལ་ལོགས་སུ་གྲོས་མོལ་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་སྟེ། རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ལག་རྩལ་རྐུ་འཁྱེར་དང་བཙན་འཕྲོག་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་པ་དང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་ཚན་རིག་དང་འཕྲུལ་རིག དམག་དོན་དང་རྫས་སྦྱོར། སྨན་རིགས་གསར་གསོ་སོགས་ཀྱི་བཟོ་ཚོང་ལས་ཁང་ཁག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་ཏེ་ཨ་མི་རི་ཀའི་ལག་རྩལ་རྣམས་རྐུ་ཐབས་བྱེད་ཀྱི་ཡོད་པ་བཀག་འགོག རྒྱ་ནག་གི་སློབ་ཕྲུག་དང་མཁས་པ། ཚོང་པ་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཀྱི་གྲས་སུ་གསང་ཉུལ་ཇི་སྙེད་ཅིག་ཡོང་གི་ཡོད་པར་དམ་དྲག་བྱེད་པར་ཨ་མི་རི་ཀས་རྒྱ་ནག་པ་ཚོར་ཐོངས་མཆན་སྤྲོད་རྒྱུ་ཉུང་དུ་བཏང་ཡོད་པ་དང་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་ཁྲོམ་ར་སྒོ་འབྱེད་བྱ་དགོས་པ་སོགས་ཀྱི་གནད་དོན་ཁག་ལ་གྲོས་མོལ་བྱ་མི་དགོས་པའི་གཡོལ་ཐབས་བྱ་རྒྱུ། ལོ་འདིའི་ཕྱི་ཟླ་༥་པར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་དགག་ནས་བཟུང་། ཨ་མི་རི་ཀས་ཐེ་ཝན་ལ་དེང་རབས་ཅན་གྱི་མཚོན་ཆ་བཙོངས་པ་དང་ཧོང་ཀོང་མི་མང་གིས་ས་གནས་དེའི་སྲིད་གཞུང་ལ་ངོ་རྒོལ་བྱས་ཏེ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལ་འགལ་རྐྱེན་སྣོན་མ་ཞིག་བསླངས་ཡོད་པ་རེད།།