ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་སྨན་ཁང་ཁག་ལ་ནད་པ་ཕྱིར་སློག་བྱེད་མི་ཆོག་པའི་བཀོད་ཁྱབ།


༄༅།། རྒྱ་ནག་གཞུང་གིས་གཟའ་ཕུར་བུའི་ཉིན་རྒྱལ་ནང་དུ་འགོས་ཁྱབ་བྱུང་བའི་ཏོག་དབྱིབས་ནད་དུག་གི་ནད་པ་གསར་པ་༡༡༦་ཐོན་སོང་། སྔ་ཉིན་དེར་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༣༢་བྱུང་། གཟའ་ལྷག་པའི་ནད་པའི་གྲངས་འབོར་ལ་བསྡུར་ན་གཟའ་ཕུར་བུའི་ཉིན་ནད་པ་གསར་པ་ཐོན་པ་ཉུང་བ་འདུག ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་མང་ཆེ་བ་ཧེ་ནན་ཞིང་ཆེན་ནང་དུ་ཐོན་འདུག་ཅེས་གཟའ་པ་སངས་ཉིན་ཁྱབ་བསྒྲགས་བྱས་འདུག ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡་ཚེས་༡་ཉིན་ཞི་ཨན་གྲོང་ཁྱེར་གྱི་རྒྱ་མོ་སྦྲུམ་མ་ཟླ་བ་༨་ལ་སོན་པ་ཞིག་བདེ་པོ་མ་བྱུང་བར་སྨན་ཁང་དུ་བསྐྱོད། ཁོ་མོར་ཏོག་དབྱིབས་ནད་དུག་འགོས་མེད་པའི་བརྟག་དཔྱད་དཔང་ཡིག་སྟོན་དགོས་ཞེས་སྨན་ཁང་ཕྱི་ལོགས་སུ་བཀག མཐར་གའོ་ཞིན་སྨན་ཁང་གི་ཕྱི་ལོགས་སུ་སྦྲུམ་མ་དེའི་མངལ་ཤོར་ནས་ཕྲུ་གུ་ཤི། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་དགོས་པའི་སྲིད་ཇུས་དང་ཞི་ཨན་གྲོང་ཁྱེར་ཧྲིལ་པོར་སྒོ་རྒྱ་བསྡམས་ནས་མི་དམངས་རྣམས་བཙོན་པ་ལྟར་རང་ཁྱིམ་དུ་འགོག་དགོས་པའི་སྲིད་ཇུས་ལ་བརྟེན་ནས་སྦྲུམ་མ་ཞིག་གི་མངལ་ཤོར་བའི་གནས་ཚུལ་དེ་རྒྱ་ནག་གི་དྲྭ་ལམ་དུ་ཁྱབ་ནས་མང་ཚོགས་ཀྱི་ཁ་རྡུང་གཏོང་ཡུལ་ཞིག་ཏུ་གྱུར། ཁ་སང་གཟའ་ཕུར་བུའི་ཉིན་ཞི་ཨན་གྲོང་ཁྱེར་གཞུང་གིས་གའོ་ཞིན་སྨན་ཁང་གི་སྤྱི་གཉེར་ལ་ལས་མཚམས་འཇོག་ཏུ་བཅུག་ཡོད། སྨན་ཁང་གི་འབྲེལ་ཡོད་ལས་སྣེ་གཞན་གཉིས་གནས་དབྱུང་བཏང་བ་ཡིན་ཞེས་བརྡ་ཐོ་བཀྲམ། ཞི་ཨན་གྲོང་ཁྱེར་གཞུང་གིས་མི་གྲངས་ས་ཡ་༡༣་རང་ཁྱིམ་དུ་བཀག་སྟེ་སྒོ་རྒྱ་བསྡམས་ནས་དུས་ཡུན་བདུན་ཕྲག་གཉིས་འགྲོ་བཞིན་ཡོད་པ་རེད།།

ཨ་རིའི་ནེའུ་ཡོཀ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཞི་ཨན་གྲོང་ཁྱེར་གྱི་གའོ་ཞིན་སྨན་ཁང་གིས་རྒྱ་མོ་སྦྲུམ་མ་དེ་དུས་ཡུན་ཆུ་ཚོད་༢་ལ་སྨན་ཁང་ཕྱི་ལོགས་སུ་བཞག ཁོ་མོའི་འདོམས་ནས་ཁྲག་ཐོན་པ་རྣམས་ས་ཐོག་ཏུ་མ་འཁྱིལ་བར་དུ་སྨན་ཁང་དུ་མ་བླངས། རྒྱ་མོ་སྦྲུམ་མ་དེའི་ཁྱོ་ག་འུ་ཐུག་སྟེ་ཆུང་མའི་མངལ་ཤོར་ནས་ཁྲག་ཐོན་པ་རྣམས་བརྙན་ཐུང་བླངས་ཏེ་ཝི་པོ་དྲྭ་ཚིགས་སུ་བཀྲམ། ཞི་ཨན་གྲོང་ཁྱེར་གཞུང་གིས་སྦྲུམ་མ་ཞིག་སྨན་ཁང་གི་ཕྱི་ལོགས་སུ་མངལ་ཤོར་བ་ནི་ལས་དོན་འཐུས་ཤོར་དང་ལྟེས་དབང་གིས་བྱུང་བ་ཞིག་རེད། སྨན་ཁང་གིས་སྦྲུམ་མ་དེར་བཟོད་གསོལ་ཞུས་ནས་གྱོང་གསབ་སྤྲོད་དགོས། སྨན་ཁང་གི་འཛིན་སྐྱོང་དང་ནད་པའི་ཛ་དྲག་ཆེ་ཆུང་ལ་གཞིགས་ནས་སྨན་བཅོས་ཀྱི་སྲི་ཞུ་བསྒྲུབ་རྒྱུ་ཡར་རྒྱས་གཏོང་དགོས། མངལ་ཤོར་རྒྱ་མོ་དེར་སྨན་ཁང་དུ་གཤག་བཅོས་བྱས་ནས་སྨན་བཅོས་བྱེད་བཞིན་ཡོད། ཞི་ཨན་གྲོང་ཁྱེར་གྱི་སྨན་ཁང་ཁག་གིས་ཏོག་དབྱིབས་ནད་དུག་ལ་ལན་ཁག་དཀྲིས་ནས་ནད་པ་ཚོར་སྨན་བཅོས་མ་བྱས་པར་ཕྱིར་སློག་གཏན་ནས་བྱེད་མི་ཆོག ནད་པ་ཛ་དྲག་ཅན་ཚོར་འཕྲལ་དུ་སྨན་བཅོས་བྱས་ནས་ལྟ་སྐྱོང་བྱ་དགོས་ཞེས་བཀའ་ཕབ། ཞི་ཨན་གྲོང་ཁྱེར་གྱི་ཨེ་ནད་འགོས་པའི་ནད་པ་ཞིག་ལ་ཚ་བ་འཕར་ནས་ཨང་གྲངས་༡༠༥་ལ་བསླེབས་ཏེ་ཟླ་བ་གཅིག་ཡས་མས་ཤིག་སོང་། ནད་པ་དེ་སྨན་ཁང་འགའ་ཞིག་ལ་བསྐྱོད་ནས་སྨན་བཅོས་བྱ་ཐབས་བྱས་ཀྱང་སྨན་ཁང་གཅིག་གིས་ཀྱང་བདག་པོ་མ་བརྒྱབ། མཐའ་མཇུག་ནད་པ་དེའི་བཟའ་མི་ཚོས་དཀའ་སྡུག་རྣམས་སྤྱི་ཚོགས་དྲྭ་ལམ་དུ་ཕྱིར་བསྒྲགས་བྱ་དགོས་བྱུང་ཞིང་། དེ་བཞིན་སྙིང་གི་ན་ཚ་ཡོད་པའི་སྐྱེས་པ་ཞིག་ལའང་ཏོག་དབྱིབས་ནད་དུག་འགོས་མེད་པའི་བརྟག་དཔྱད་དཔང་ཡིག་སྟོན་དགོས་ཞེས་སྨན་ཁང་དུ་མ་བླངས་པར་འཆི་སྐྱོན་བྱུང་བའི་གནས་ཚུལ་ཐོན་འདུག

ཞི་ཨན་གྲོང་ཁྱེར་གྱི་གའོ་ཞིན་སྨན་ཁང་ནི་སྒེར་གཉེར་ཁེ་ལས་སྨན་ཁང་ཞིག་ཡིན་པ་དང་པེ་ཅིང་གསར་འགྱུར་ནང་དུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་དང་པོའི་ཚེས་༦་ཉིན་རྒྱ་ནག་གི་མ་རྐང་ཁྲོམ་རའི་ནང་དུ་གའོ་ཞིན་སྨན་ཁང་གི་མ་རྩའི་རྐང་གྲངས་བརྒྱ་ཆ་༡༠་ཆག་སྟེ་ཨ་སྒོར་དུང་ཕྱུར་༤་དང་བྱེ་བ་༤་མ་ཟིན་ཙམ་གྱི་གྱོང་གུད་ཕོག རྒྱ་ནག་གིས་༢༠༢༠་ལོར་ཝུ་ཧན་གྲོང་ཁྱེར་ལ་སྒོ་རྒྱ་བསྡམས་པ་ལྟར་ཞི་ཨན་གྲོང་ཁྱེར་ལའང་འགྲོ་འོང་ཡོངས་སུ་བཀག དེ་བཞིན་གཟའ་འཁོར་འདིར་རྒྱ་ནག་དབུས་ཕྱོགས་སུ་ཆགས་པའི་ཧེ་ནན་ཞི་ཆེན་གྱི་ཡུའི་ཀྲུག་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༣་ཐོན་པར་མི་གྲངས་ས་ཡ་༡་དང་འབུམ་༡་རང་ཁྱིམ་དུ་བཀག་ནས་སྒོ་རྒྱ་བསྡམས། ཉེ་དུས་ཤིག་ནས་རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་འགའ་ཞིག་ཐོན། དེར་བརྟེན་ཞིང་ཆེན་དེའི་ས་གནས་ཁག་ཏུ་བཙུགས་ཡོད་པའི་བཟོ་གྲྭ་མང་པོ་ཞིག་སྒོ་བརྒྱབ། ཟླ་བ་རྗེས་མར་པེ་ཅིང་དང་ཧེ་པེ་ཞིང་ཆེན་གཉིས་སུ་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཀྱི་ཡོད་པས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་རྒྱུ་སྔར་ལས་ཇེ་དམ་དུ་བཏང་ཡོད་པར་མ་ཟད། རྒྱ་ནག་གི་ལོ་གསར་ཡང་སླེབས་གྲབས་ཡོད་པས་མི་གྲངས་དུང་ཕྱུར་འགའ་ཞིག་འགྲིམ་འགྲུལ་བྱ་རྒྱུ་ཡིན་པ་ནི་ཧ་ཅང་གི་ཉེན་ཁ་ཆེ། རྒྱ་ནག་གི་ས་གནས་ཁག་ཏུ་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་དང་རྒྱ་གར་སོགས་ནས་བྱུང་བའི་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག ཁ་སྔོན་ཕྱི་ཟླ་༡༡་པའི་ཟླ་མཇུག་ཏུ་ལྷོ་ཨ་ཧྥི་རི་ཀ་ནས་ཁྱབ་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་རྣམས་ཁྱབ་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

དེ་རིང་གཟའ་པ་སངས་ཉིན་རེ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སྲིད་བློན་གཞོན་པ་སུན་ཁྲུན་ལན་གྱིས་ཞི་ཨན་གྲོང་ཁྱེར་གྱི་མི་མང་རྣམས་སྨན་ཁང་ལ་སྨན་བཅོས་བྱེད་དུ་མ་བཏང་བར་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཀྱི་ཡོད་པ་ནི་སེམས་སྐྱོ་དགོས་པ་དང་ངོ་གནོང་དགོས་པ་ཞིག་རེད། སྨན་ཁང་ཁག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཁྲིམས་ལ་ཁ་གཡར་ནས་ནད་པ་ཚོར་སྨན་བཅོས་མ་བྱས་པར་ཕྱིར་སློག་ནམ་ཡང་བྱེད་མི་ཉན་ཞེས་ནན་བརྗོད་བྱས་ཤིང་། རྒྱ་ནག་གི་ནད་རིགས་བཀག་སྡོམ་དང་སྔོན་འགོག་ཁང་གི་ལས་སྣེ་ལི་ཆུན་གྱིས་ཞི་ཨན་གྲོང་ཁྱེར་ལ་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་སྲིད་པའི་ཉེན་ཁ་རྣམས་མགོ་འཇོམས་སོང་ཞེས་བཤད། འོན་ཀྱང་ཞི་ཨན་གྲོང་ཁྱེར་ལ་སྒོ་རྒྱ་བསྡམས་པའི་སྐབས་དེར་མི་མང་ལ་བཟའ་བཏུང་དང་སྨན་སོགས་ཉིན་རེའི་འཚོ་བའི་ཉེར་མཁོ་རྣམས་ཆད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པར་འཁང་ར་བཤད་རྒྱུ་ཤུགས་ཆེ་རུ་སོང་། གཟའ་པ་སངས་ཉིན་ཞི་ཨན་གྲོང་ཁྱེར་གཞུང་གིས་ཆུ་ཚོད་༤༨་ཀྱི་ནང་ཚུད་དུ་བརྟག་དཔྱད་བྱས་ནས་ནད་དུག་འགོས་མེད་པའི་མི་རྣམས་ཕྱི་ལ་བསྐྱོད་དུ་མ་བཅུག་པར་རང་ཁྱིམ་དུ་འགོག་མི་ཆོག་ཅེས་ཁྱབ་བསྒྲགས་བྱས་འདུག རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་གིས་སྐབས་འགར་གོང་རིམ་གྱི་བཀའ་ལའང་མ་བརྩིས་པར་དེ་བས་ཀྱང་ནད་འགོག་གི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་ཅིང་། དེང་སྐབས་འཛམ་གླིང་ཡོངས་སུ་སྤང་ལ་མེ་ཤོར་བ་ལྟར་ཨོ་མི་ཁོ་རོན་ཞེས་འབོད་པའི་ཏོག་དབྱིབས་ནད་དུག་གསར་པ་ཞིག་ཁྱབ་ཀྱི་ཡོད་པ་རྒྱ་ནག་ལ་ཤུགས་ཆེན་པོ་ཞིག་ཁྱབ་ཐུབ་ཀྱི་མེད་ཀྱང་ཧེ་ནན་ཞིང་ཆེན་དང་ཞི་ཨན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པར་རྒྱ་ནག་གཞུང་གིས་བློ་འཚབ་དང་སྔོན་འགོག་ནན་པོ་བྱེད་དགོས་པ་ཞིག་ཏུ་གྱུར།།

ཕྱི་ཟླ་༡་ཚེས་༧་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ནད་འགོག་སྲིད་ཇུས་ཁུངས་འཁྱོལ་དཀའ་བ་ཞིག་ལག་ལེན་བསྟར་གྱི་ཡོད་པ་དང་ཞི་ཨན་གྲོང་ཁྱེར་གཞུང་གིས་སྒོ་རྒྱ་བསྡམས་ནས་མང་ཚོགས་ལ་འཚོ་བའི་དཀའ་ངལ་འཕྲད་བཞིན་པར་དྲྭ་ལམ་དུ་སྐྱོན་བརྗོད་བྱ་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་པ་སྟེ། རྒྱ་ནག་གི་དྲྭ་དམངས་ཤིག་གིས་ཁྱོད་ལ་ཏོག་དབྱིབས་ནད་དུག་སོགས་ནད་རིགས་གང་འདྲ་ཞིག་ཕོག་ནས་འཆི་སྐྱོན་བྱུང་ཡང་སུ་གཅིག་གིས་བདག་པོ་རྒྱག་མི་སྲིད་ཅེས་མཆན་བྲིས། ཨ་རིའི་ཕྱི་འབྲེལ་སློབ་སྟོན་ཁང་གི་རྒྱལ་སྤྱིའི་འཕྲོད་བསྟེན་ཉམས་ཞིབ་པ་ཡན་ཀྲུང་ཧྭང་གིས་རྒྱ་ནག་གི་སྲིད་ཇུས་རྣམས་ཉེན་ཚབས་ཅན་ཞིག་རེད། འདས་པའི་ལོ་བཅུ་ཕྲག་མང་པོར་རྒྱ་ནག་གི་སྲིད་ཇུས་རྣམས་གོང་རིམ་ནས་གཏན་འབེབས་དང་ལག་ལེན་བསྟར་དུ་འཇུག་གི་ཡོད་པ་ལས་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་གཞི་རིམ་གྱི་དགོས་མཁོ་ཅི་ཡིན་ལ་བལྟས་ནས་ལག་ལེན་བསྟར་གྱི་ཡོད་པ་ཞིག་མ་རེད། དེས་ན་རྒྱ་ནག་གི་ས་གནས་འགོ་ཁྲིད་ཚོས་མི་དམངས་ཀྱི་སྟེང་དུ་སྲིད་ཇུས་ཁག་ཅིག་བཙན་ཐབས་ཀྱིས་ལག་ལེན་བསྟར་གྱི་ཡོད་པ་དང་མང་ཚོགས་ལ་གྲོས་སྡུར་བྱ་རྒྱུའི་ཁོར་ཡུག་མི་འདུག ཞི་ཨན་གྲོང་ཁྱེར་གཞུང་གི་ནད་འགོག་སྲིད་ཇུས་ཁུངས་འཁྱོལ་མི་ཐུབ་པ་ཞིག་ལག་ལེན་བསྟར་གྱི་ཡོད་པ་ནི་དམིགས་བསལ་གྱི་གནས་ཚུལ་ཞིག་མ་རེད། དེ་ནི་རྒྱ་ནག་གི་སྤྱི་ཚོགས་ཡོངས་ལ་སྲིད་ཇུས་ཁུངས་འཁྱོལ་ཐབས་མེད་པ་ཞིག་ལག་ལེན་བསྟར་གྱི་ཡོད་པ་མཚོན་ཐུབ། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་གཞུང་གིས་སྒོ་རྒྱ་མ་བསྡམས་པར་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཀྱི་ཡོད་པར་མིག་དཔེ་བལྟ་དགོས། ཞི་ཨན་ལྟ་བུའི་རྒྱ་ནག་གི་ས་གནས་ཁག་ཅིག་གིས་ནད་པ་ཡིན་མིན་ལ་དབྱེ་འབྱེད་མེད་པ་དང་བཀག་སྡོམ་ཐལ་དྲགས་པ། ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྲིད་ཇུས་དེ་ལག་བསྟར་ཚད་ལས་བརྒལ་བ་ཞིག་བྱེད་ཀྱི་འདུག དཔེར་ན་ཞི་ཨན་གྲོང་ཁྱེར་གྱི་སྨན་ཁང་དེའི་ཕྱི་ལོགས་སུ་སྦྲུམ་མ་ཞིག་གི་མངལ་ཤོར་ཡང་སྨན་ཁང་གི་སྒོ་སྲུང་བས་ངས་རང་གི་ལས་འགན་བསྒྲུབས་པ་ཡིན་ཟེར་བ་དང་སྨན་ཞབས་པས་ཀྱང་རང་གི་ལས་འགན་བསྒྲུབས་པ་ཡིན་ཟེར། སྨན་ཁང་གི་འབྲེལ་ཡོད་ལས་སྣེ་རྣམས་ཀྱིས་ང་ཚོས་གཞུང་གིས་གཏན་འབེབས་བྱས་པའི་ནད་འགོག་སྲིད་ཇུས་ལག་ལེན་བསྟར་པ་ཡིན་ཞེས་རྒྱུ་མཚན་བགྲངས་འདུག འདི་དག་ཐམས་ཅད་ཀྱིས་རྒྱ་ནག་གི་ནད་འགོག་སྲིད་ཇུས་དེས་ཁུངས་འཁྱོལ་གྱི་མེད་པ་གསལ་པོ་རེད་ཅེས་བསྟན།

XS
SM
MD
LG