ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་ལ་ཏོག་དབྱིབས་ནད་དུག་གི་ནད་པ་རྒྱུན་ཆད་མེད་པ། 


༄༅།། དེང་སྐབས་འཛམ་གླིང་ཧྲིལ་པོ་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་དེ་སྔོན་འགོག་གི་འཐབ་རྩོད་ལ་ཞུགས། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་རྩ་མེད་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་ས་གནས་མང་པོར་ཏོག་དབྱིབས་ནད་དུག་གསར་དུ་འགོས་པའི་ནད་པ་རྒྱུན་ཆད་མེད་པར་ཐོན་ནས་ཟླ་བ་གཉིས་ལྷག་འགྲོ་བཞིན་ཡོད་ཅིང་། རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཕྱི་ཟླ་༡༢་པའི་ཚེས་༥་ཉིན་ཞིང་ཆེན་༣༡་ནང་གི་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༦༡་ཐོན་སོང་ཞེས་གནས་ཚུལ་སྤེལ། ཕྱི་ཟླ་༡༢་པའི་ཚེས་༦་ཉིན་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡༠་པའི་ཚེས་༡༧་ནས་རྒྱ་ནག་གི་ས་གནས་ཁག་ཏུ་ཉིན་ལྟར་ཉུང་མཐར་ཡང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་རེ་འཐོན་རྒྱུ་མཚམས་མ་ཆད། ཨ་མི་རི་ཀ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བསྡུར་ན་རྒྱ་ནག་གི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཉུང་ཉུང་ཡིན་རུང་པེ་ཅིང་གི་དབང་འཛིན་པ་ཚོས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་བྱ་རྒྱུའི་དམིགས་ཡུལ་འཆང་ཡོད་པ་ནི་འགྲུབ་དཀའ་བ་ཞིག་རེད། འདས་པའི་ལོ་གཅིག་ཡས་མས་ཤིག་ལ་རྒྱ་ནག་གིས་ཕྱི་ལ་སྒོ་བརྒྱབ་པ་དང་ནང་ཁུལ་གྱི་ས་གནས་གང་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་རེ་ཐོན་ན་ས་ཁུལ་དེར་འགྲོ་འོང་བཀག མི་དམངས་རྣམས་བཙོན་པ་ལྟར་རང་ཁྱིམ་དུ་བཀག་ནས་ཕྱི་ལ་འབུད་དུ་འཇུག་གི་མེད་པས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཐབས་ཇུས་དེར་གྲུབ་འབྲས་ཐོན། རྒྱ་ནག་གཞུང་གིས་༢༠༢༡་ལོའི་ཕྱི་ཟླ་དང་པོ་ནས་མི་གཅིག་ལའང་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་མེད། རྒྱ་ནག་ཏོག་དབྱིབས་ནད་དུག་གི་དཀའ་ངལ་འོག་ནས་ཐར་ཏེ་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་འབྱུང་གི་ཡོད་ཅེས་བསྒྲགས།།

དེ་རིང་གཟའ་ཟླ་བའི་ཉིན་པེ་ཅིང་གསར་འགྱུར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་བྱང་ཕྱོགས་ཀྱི་ཧར་པིན་གྲོང་ཁྱེར་གཞུང་གིས་མི་མང་སུ་ཞིག་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་དུ་ཡོང་ནས་ནད་རྟགས་ཐོན་ན་མི་དེར་མི་དམངས་ཤོག་སྒོར་ཁྲི་ཚོ་༡་བྱ་དགའ་སྤྲད་ཆོག་ཅེས་བརྡ་ཐོ་བཀྲམ་ཡོད་པའི་གནས་ཚུལ་ཐོན་འདུག མི་དེ་ས་གནས་གཞུང་གིས་རྩད་གཅོད་བྱས་པ་མ་ཡིན་པར་རང་ངོས་ནས་བརྟག་དཔྱད་བྱེད་དུ་ཡོང་བ་ཞིག་ཡིན་དགོས་ཞེས་བཀོད། འདི་ནི་ཧར་པིན་གྲོང་ཁྱེར་གཞུང་གིས་ནད་རྟགས་ཡོད་པའི་མི་རྣམས་བརྟག་དཔྱད་བྱེད་དུ་འགུགས་ཐབས་ཤིག་ཡིན་པ་དང་ཧར་པིན་གྲོང་ཁྱེར་གཞུང་གིས་བཀྲམ་པའི་བརྡ་ཐོ་དེར་གྲོང་མི་ཚོས་ས་གནས་གང་དུ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་མེད་ལ་དོ་སྣང་བྱ་དགོས། མི་གང་ཞིག་ལ་ཚ་བ་འཕར་བ་དང་གློ་ལུ་བ། མིད་པ་ན་བ་དང་ངལ་དུབ་ཀྱིས་མནར་བ། དྲི་མ་དང་བྲོ་བ་ཉམས་པ། ཤ་རྒོད་ལ་ན་ཟུག་སྡང་བ་དང་བཤེལ་བ་སོགས་བྱུང་ན་རང་གིས་རང་ལ་སྨན་བཅོས་བྱ་ཐབས་མི་བྱེད་པར་ཁ་རས་གྱོན་ཏེ་འཕྲལ་དུ་ཉེ་འཁྲིས་ཀྱི་སྨན་ཁང་དུ་སྟོན་དགོས། མི་དེ་ས་གནས་གང་དུ་ཕྱིན་ཡོད་མེད་དང་མི་སུ་སུ་ལ་ཐུག་ཡོད་མེད་རྣམས་གསལ་བཀྲོལ་བྱོས། མི་གང་ཞིག་ལ་གོང་གི་ནད་རྟགས་ཐོན་ཡོད་པ་དང་རང་མོས་ཀྱིས་བརྟག་དཔྱད་བྱེད་དུ་ཡོང་སྟེ་ནད་རྟགས་ཐོན་ན་མི་དེར་དངུལ་སྒོར་བྱ་དགའ་ཡོད་ཅེས་འཁོད། བདུན་ཕྲག་སྔོན་མར་ཧར་པིན་གྲོང་ཁྱེར་དུ་བསྟུད་མར་ཉིན་རེར་ནད་པ་གསར་པ་༡༠་ལྷག་ཐོན། ཁ་སང་གཟའ་ཉི་མ་གཅིག་པུར་ཧར་པིན་གྲོང་ཁྱེར་དུ་ནད་པ་གསར་པ་༧་ཐོན་ཞིང་། མི་མང་དེ་དག་གིས་གཞུང་གིས་མི་མང་བསྡུ་སྐོང་བྱས་ནས་བརྟག་དཔྱད་བྱས་པ་རྣམས་ཡིན་པས་བྱ་དགའི་དངུལ་སྒོར་མ་ཐོབ། ཧར་པིན་གྲོང་ཁྱེར་གཞུང་གིས་མི་དམངས་ལ་དངུལ་སྒོར་བྱ་དགའ་སྤྲོད་ཀྱི་ཡོད་པར་བལྟས་ན་རྒྱ་ནག་གི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོས་བརྟག་དཔྱད་མ་བྱས་པར་ལྐོག་ཏུ་གབ་ཡིབ་བྱེད་ཀྱི་ཡོད་པ་ཤེས་ཐུབ།།

ཧྲང་ཧེ་ཌི་སི་ཎི་རྩེད་གླིང་དུ་ནད་དུག་འགོས་པའི་མི་ཞིག་ལྟད་མོར་ཡོང་བ་ཤེས་རྟོགས་བྱུང་སྟེ་རྩེད་གླིང་ཡོངས་རྫོགས་སྒོ་བརྒྱབ།
ཧྲང་ཧེ་ཌི་སི་ཎི་རྩེད་གླིང་དུ་ནད་དུག་འགོས་པའི་མི་ཞིག་ལྟད་མོར་ཡོང་བ་ཤེས་རྟོགས་བྱུང་སྟེ་རྩེད་གླིང་ཡོངས་རྫོགས་སྒོ་བརྒྱབ།

རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ལ་ལན་ཁག་དཀྲིས་ནས་ཁྱིམ་ཚང་གི་ཁྱི་ལ་སོགས་པ་གསོད་པ་དང་མི་དམངས་ལ་དམ་དྲག ནད་དུག་འགོས་པ་དང་ནད་དུག་འགོས་པའི་མི་ལ་ཐད་ཀར་རམ། ཡང་ན་བརྒྱུད་ནས་འབྲེལ་བ་བྱུང་བ་རྣམས་ཟུར་འགོག་བྱས་ནས་ཕྱི་ལ་འབུད་དུ་མི་འཇུག་པ་དང་མི་ལ་འབྲེལ་བ་བཅད་ནས་ཏོག་དབྱིབས་ནད་དུག་འགོག་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཉེ་ཆར་ནང་སོག་ཏུ་མི་བཅུ་ཕྲག་འགའ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ནས་ཡུལ་སྐོར་སྤྲོ་འཆམ་པ་༡༠༠༠༠་ཡས་མས་ཤིག་བདུན་ཕྲག་གཅིག་ལ་བཀག དེ་བཞིན་ཧྲང་ཧེ་ཌི་སི་ཎི་རྩེད་གླིང་དུ་ནད་དུག་འགོས་པའི་མི་ཞིག་ལྟད་མོར་ཡོང་བ་ཤེས་རྟོགས་བྱུང་སྟེ་རྩེད་གླིང་ཡོངས་རྫོགས་སྒོ་བརྒྱབ། པེ་ཅིང་ལ་སྐྱོད་པའི་མྱུར་མགྱོགས་མེ་འཁོར་ཞིག་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཞིག་ཡོད་པ་ཤེས་རྟོགས་བྱུང་སྟེ་མེ་འཁོར་ལམ་དཀྱིལ་དུ་བཀག་ནས་བརྟག་དཔྱད་བྱས་ཤིང་། ས་གནས་ཁག་ཅིག་གི་ནད་འགོག་ལས་མི་ཚོས་ཁྱིམ་བདག་ཟུར་འགོག་བྱེད་ཡོད་པའི་སྐབས་སུ་ཁྱིམ་ཚང་དེར་དུག་སེལ་བྱེད་དུ་སོང་ནས་སྒོ་ཁྱི་བསད། ཡིན་ནའང་བདུན་ཕྲག་སྔོན་མར་ནང་སོག་དང་མན་ཇུ་ལི། ཨུ་རུ་སུ་གསུམ་འདྲེས་མཚམས་ཀྱི་ས་གནས་ཁག་ཏུ་མི་༣༠༠་ལྷག་ལ་ནད་དུག་འགོས། མན་ཇུ་ལི་གྲོང་ཁྱེར་གཞུང་གིས་ས་གནས་དེར་འགྲོ་འོང་བཀག་སྟེ་མི་འབོར་འབུམ་༡་དང་ཕྱེད་ཀ་ལྷག་ཡོད་པའི་གྲོང་མི་ཚོར་བརྟག་དཔྱད་ཐེངས་དགུ་བྱས་ཀྱང་དབུས་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོ་འདོད་པ་མ་ཚིམས། གཟའ་མཇུག་དེར་གྲོང་ཁྱེར་གྱི་ལས་སྣེ་གཉིས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་འགན་འཐུས་ཤོར་བཏང་བའི་ནག་ཉེས་བཙུགས་ནས་གནས་དབྱུང་བཏང་འདུག

སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་རྒྱལ་ཡོངས་སུ་ས་གནས་ཁག་གི་འགོ་ཁྲིད་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་འགན་གྲུབ་མ་སོང་ཞེས་གནས་དབྱུང་བཏང་སྟེ་ཁྲིམས་གཅོད་འཕོག་གི་ཡོད་པ་ཇེ་མང་དུ་སོང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་འཛིན་གྱི་ཡོད་པ་དེས་ས་གནས་ཁག་གི་འགོ་ཁྲིད་ཚོར་གནོན་ཤུགས་ཆེན་པོ་ཐེབས། དེར་བརྟེན་ས་གནས་འགོ་ཁྲིད་ཚོས་རང་གི་གོ་གནས་དང་དབང་ཆའི་དོན་དུ་མང་ཚོགས་ཀྱི་བདེ་སྡུག་དང་འཚོ་བར་བསམ་བློ་མི་གཏོང་བར་ཚད་ལས་བརྒལ་བའི་བཀག་སྡོམ་བྱེད་ཀྱི་ཡོད་འདུག ཞིན་ཅང་གི་རུའི་ལི་དང་ཨི་ལི་ས་ཁུལ་གཉིས་སུ་གཞུང་གི་བཀག་སྡོམ་ལ་མི་མང་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་པར་མ་ཟད། པེ་ཅིང་དང་ཧྲང་ཧེ། ཀོང་ཀྲུག་དང་ཧེ་ལོང་ཅང་། ཧྲན་ཤི་དང་ཧེ་པེ། ཡུན་ནན་སོགས་རྒྱ་ནག་གི་གྲོང་ཁྱེར་དང་ཞིང་ཆེན་ཁག་ལའང་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པའི་གནས་ཚུལ་ཐོན། ད་ལྟ་ལྷོ་ཨ་ཧྥི་རི་ཀ་ནས་ཨོ་མི་ཁོ་རོན་ཞེས་པའི་ཏོག་དབྱིབས་ནད་དུག་གསར་པ་ཞིག་ཁྱབ་ཀྱི་ཡོད་པས་རྒྱ་ནག་གཞུང་གིས་སླར་ཡང་འགྲིམ་འགྲུལ་བཀག་སྡོམ་དང་ཕྱིའི་རྒྱལ་ཁབ་ཁག་ལ་སྒོ་བརྒྱབ་ནས་དམ་དྲག་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་བཏང་འདུག པེ་ཅིང་སློབ་གྲྭ་ཆེན་མོའི་རྩིས་རིག་མཁས་པ་ཚོས་ཞིབ་འཇུག་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་དགོས་པའི་སྲིད་ཇུས་རྒྱུན་འཁྱོངས་མ་བྱས་ན་རྒྱ་ནག་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༦༣༠༠༠༠་རེ་འཐོན་ས་རེད། དེ་ནི་རྒྱ་ནག་གི་སྨན་བཅོས་ལམ་ལུགས་ཀྱིས་ཨར་བརྟེན་ཐུབ་པ་ཞིག་མ་རེད་ཅེས་སྙན་ཐོ་བཏོན། རྒྱ་ནག་གི་དབུགས་དབྱུང་སྨན་པ་མཁས་པ་ཀྲུང་ནན་ཧྲན་གྱིས་ནད་འགོག་གི་སྲིད་ཇུས་དེ་མཚམས་འཇོག་བྱེད་དགོས་པ་དང་འགོག་ཁབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ནད་པ་ཚོར་སྨན་བཅོས་བྱེད་བཞིན་སྤྱི་ཚོགས་ལ་ལྷོད་ཡངས་གཏོང་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་དགོས། རྒྱ་ནག་གཞུང་གིས་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་དེ་རྒྱུན་འཁྱོངས་བྱེད་ཐུབ་པ་ཞིག་མ་རེད་ཅེས་བསྟན།།

ཨ་རིའི་ཊེམ་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ནེའུ་ཡོཀ་གྲོང་ཁྱེར་གྱི་ཕྱི་འབྲེལ་སློབ་སྟོན་ཁང་གི་ཉམས་ཞིབ་པ་ཧོང་ཡན་ཀྲུང་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བསྐྱར་དུ་ས་མཚམས་སྒོ་བརྒྱབ་ནས་ཏོག་དབྱིབས་ནད་དུག་གསར་པ་འདིར་སྔོན་འགོག་བྱེད་ཀྱི་ཡོད་པ་ནི་རྒྱ་ནག་གི་ནད་འགོག་ཐབས་ཇུས་དེར་བདེན་ཁ་བྱིན་པ་རེད་ཅེས་བཀྲལ། ད་ལྟ་ནས་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་རྒྱ་ནག་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་གསར་པ་དེ་ཁྱབ་ནས་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་མ་རེད་ཅེས་འུར་སྒྲོགས་བྱེད་འགོ་ཚུགས། ཧོང་ཀོང་གྲོང་ཁྱེར་གྱི་སློབ་གྲྭ་ཆེན་མོའི་ཟུང་འབྲེལ་སློབ་དཔོན་ཎི་ཀོ་ལ་སི་ཐོ་མ་སིས་རྒྱ་ནག་གིས་མིའི་འགུལ་སྐྱོད་བཀག་སྡོམ་བྱས་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཐབས་ཇུས་འབའ་ཞིག་བརྟེན་གྱི་ཡོད་པ་རེད། རྒྱ་ནག་ལ་ནད་འགོག་གི་ནུས་པ་ཆེན་པོ་ཡོད་པའི་སྨན་ཁབ་མེད་པས་བཀག་སྡོམ་མ་བྱས་ཐབས་མེད་རེད་ཅེས་བཤད། ཉམས་ཞིབ་པ་ཁག་ཅིག་གིས་༢༠༢༢་ལོའི་ཕྱི་ཟླ་༢་པར་པེ་ཅིང་ལ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་མ་ཚོགས་བར་དུ་རྒྱ་ནག་གཞུང་གིས་དམ་དྲག་པོ་བྱས་ནས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་རེད་ཅེས་ཚོད་དཔག་བྱེད་ཀྱི་ཡོད། འོན་ཀྱང་ཉམས་ཞིབ་པ་ཁག་ཅིག་གིས་༢༠༢༢་ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་བ་དེ་མ་ཚོགས་བར་དུ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་རྟགས་མཚན་འདུག་ཅེས་བཤད། རྒྱ་ནག་གིས་མི་འབོར་བརྒྱ་ཆ་༧༥་ལ་འགོག་ཁབ་བརྒྱབ་ཀྱང་སྨན་ཁབ་དེ་ཚོར་ནད་འགོག་གི་ནུས་པ་མེད་པས་མུ་མཐུད་དུ་འགྲོ་འོང་བཀག་སྡོམ་བྱ་དགོས་ཐུག་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG