ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཨ་རྒྱའི་སྲིད་ཇུས་ལ་བསྐྱར་བཅོས་བྱ་དགོས་པའི་ནན་སྐུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཨ་མི་རི་ཀའི་སྲིད་འཛིན་ཇཱོ་བྷ་ཌན་གྱི་སྲིད་གཞུང་གསར་པས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་ཁག་མེད་པར་བཟོ་དགོས་པ་དང་ཐེ་ཝན། ཧོང་ཀོང་དང་ཞིན་ཅང་། བོད་སོགས་ཀྱི་གནད་དོན་ཐད་ལ་ཐེ་ཇུས་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་ཨ་རིར་འབྲེལ་བ་འཛིན་ཕྱོགས་ཀྱི་བགྲོ་གླེང་ཞིག་ཐོག་ཏུ་ནན་བརྗོད་བྱས་ཤིང་། ༢༠༢༡་ལོའི་ཕྱི་ཟླ་༢་པའི་ཚེས་༢༢་ཏེ། གཟའ་ཟླ་བའི་ཉིན་མོར་རྒྱ་ནག་དང་ཨ་རིའི་འབྲེལ་བའི་སྐོར་གྱི་བགྲོ་གླེང་ཞིག་ཚོགས་པ་དེའི་ཐོག་ཏུ་ཝང་དབྱིས་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་རྒྱ་ནག་ལ་བཟུང་བའི་སྲིད་ཇུས་དེ་ཚོར་ཨ་རིའི་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་བསྐྱར་བཅོས་བྱས་ནས་རྒྱ་ནག་དང་ཨ་རིའི་འབྲེལ་བ་ཁ་ཕྱོགས་ནོར་པ་ཞིག་ལ་སྐྱོད་ཀྱི་ཡོད་པར་སྒྱུར་བཅོས་གཏོང་དགོས་ཞེས་བརྗོད་བྱས་འདུག

༢༠༡༧་ལོར་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཨ་རིར་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་རྒྱ་ནག་གི་དངོས་ཟོག་ཁག་ལ་སྒོ་ཁྲལ་སྤར་ཏེ་ཨ་རྒྱའི་ཚོང་ལས་འདྲ་མཉམ་མེད་པའི་གནས་སྟངས་ལ་འགྱུར་བ་གཏོང་དགོས། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་རིའི་རིག་དངོས་བདག་དབང་ལ་རྩིས་མེད་དང་ལག་རྩལ་རྣམས་རྐུ་འཁྱེར་བྱེད་བཞིན་པར་ལན་པ་སློག་རྒྱུའི་ཆེད་དུ་རྒྱ་ནག་གི་ཁེ་ལས་ཁང་ཁག་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཨ་རིའི་སྲིད་གཞུང་གསར་པས་རྒྱ་ནག་ནས་ཨ་རིར་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་ཁག་ལ་སྒོ་ཁྲལ་ཕྱིར་འཐེན་བྱ་དགོས་ཞེས་བསྒྲགས། སྲིད་འཛིན་ཟུར་པ་ཊམ་གྱིས་ཐེ་ཝན་ལ་དེང་རབས་ཅན་གྱི་མཚོན་ཆ་ཕྱིར་ཚོང་དང་ཐེ་ཝན་ལ་འབྲེལ་བ་བྱ་རྒྱུ་ཤུགས་ཆེ་རུ་བཏང་བ། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་གཙོས་ཁ་ཆེའི་མི་རིགས་ལ་དྲག་གནོན་བྱེད་བཞིན་པ་དང་ཧོང་ཀོང་མི་དམངས་ཀྱི་དམངས་གཙོའི་ཐོབ་ཐང་ལ་རྩིས་མེད་གཏོང་གི་སོགས་ལ་རྒྱ་ནག་དང་ཞིན་ཅང་། ཧོང་ཀོང་བཅས་ཀྱི་དཔོན་རིགས་ཁག་ཅིག་ལ་ཨ་རིས་ཉེས་ཆད་བཀལ་ཞིང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་སྲིད་འཛིན་བྷ་ཌན་གྱི་གཞུང་འཛིན་ལྷན་ཁང་གིས་རྒྱ་ནག་གི་ཁེ་ལས་ཁང་ཁག་དང་སློབ་གསོའི་སྡེ་ཚན། དེ་བཞིན་རྒྱ་ནག་གི་དཔོན་རིགས་ཚོར་ཉེས་ཆད་བཀལ་ཡོད་པའི་འཛིན་ཟུར་པ་ཊམ་གྱི་སྲིད་ཇུས་ཁག་མེད་པར་བཟོ་དགོས། ཨ་རིའི་སྲིད་ཇུས་དེ་དག་གིས་ཡུལ་གྲུ་གཉིས་ཀྱི་ཚོང་ལས་དང་དཔལ་འབྱོར་གྱི་འབྲེལ་བ་སོགས་གོམ་པ་མདུན་སྤོ་བྱ་རྒྱུ་དེར་འགོག་རྐྱེན་བཟོ་བཞིན་འདུག་ཅེས་བརྗོད་ཡོད་པ་རེད།།

གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཝང་དབྱིས་མུ་མཐུད་དུ་བརྗོད་པ་ལྟར་ན། ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་རྒྱུན་ལྡན་དུ་འགྱུར་བར་གཙོ་བོ་ཡུལ་གྲུ་གཉིས་ཀྱིས་ཕན་ཚུན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་མི་རུང་། ཨ་རིའི་གཞུང་གིས་རྒྱ་ནག་གི་དམར་ཤོག་ལམ་ལུགས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མཚམས་འཇོག་དང་ཐེ་ཝན་རང་བཙན་ལ་ཡར་སྐུལ། ཧོང་ཀོང་དང་ཞིང་ཅང་། བོད་དོན་བཅས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་ཀྱིས་རྒྱ་ནག་གི་བདག་དབང་དང་བདེ་འཇགས་ལ་གནོད་འཚེ་བཟོ་རྒྱུའི་རིགས་རྣམས་མཚམས་འཇོག་བྱ་དགོས། རྒྱ་ནག་གཞུང་གིས་ཞིན་ཅང་དང་བོད་ཀྱི་གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་ཟིན་ཐོ་ཡར་རྒྱས་བཏང་ཡོད་པ་ནི་དཔེ་མཚོན་དུ་འགོད་འོས་ཞེས་བཤད།། འོན་ཀྱང་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་ཁུར་བ་ས་ཡ་གཉིས་ཡས་མས་ཤིག་བཀག་ཉར་ཁང་དེ་དག་གི་ནང་དུ་བཙོན་འཇུག་བྱས་ནས་ངལ་རྩོལ་བཙན་བཀོལ། བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་བའི་བུད་མེད་ཚོར་སྐྱེས་སྒོ་བཀག་ནས་མི་རིགས་གཙང་སེལ་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པའི་གནས་ཚུལ་མང་དག་ཅིག་གི་འཐོན་བཞིན་ཡོད་ཅིང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་མི་དམངས་ཀྱི་འགྲོ་སྐྱོད་རང་དབང་ལ་བཀག་སྡོམ་དང་བོད་པ་ཞིང་འབྲོག་མང་ཚོགས་ཀྱི་ས་ཞིང་དང་རྩྭ་ས་རྣམས་བཙན་འཕྲོག བོད་མི་དམངས་ཀྱི་སྲོལ་རྒྱུན་འཚོ་བ་བཙན་སྒྱུར། རྒྱ་ནག་གཞུང་གི་འཛུགས་སྐྲུན་གྱི་ཆེད་དུ་བོད་པ་ཚོ་བཙན་དབང་གིས་གནས་སྤོར་བྱེད་དུ་འཇུག་པ། རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ནས་ཆབ་སྲིད་ལྟ་བ་ཐ་དད་འཛིན་མཁན་ཚོ་འཛིན་བཟུང་བཙོན་འཇུག་དང་བཙོན་ཁང་དུ་མནར་གཅོད་བཏང་སྟེ་བོད་པ་སྲིད་དོན་བཙོན་ཟུར་མང་དག་ཅིག་འདས་གྲོངས་སུ་འགྱུར་གྱི་ཡོད་པའི་གནས་ཚུལ་མུ་མཐུད་དེ་འཐོན་བཞིན་པ་ཡོད་པ་རེད།།

ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱི་སྲིད་གཞུང་གསར་པས་ཐེ་ཝན་ལ་རྒྱབ་སྐྱོར་མུ་མཐུད་དེ་གནང་རྒྱུ་དང་ཧོང་ཀོང་། ཞིན་ཅང་དང་བོད་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ཨ་རིའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་རིན་ཐང་ལ་མཐུན་པ་ཞིག་ཡིན་ཞེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པས་གསལ་བཀྲོལ་གནང་ཞིང་། ཨ་རིའི་གྲོས་ཚོགས་སུ་ཧོང་ཀོང་དང་ཞིན་ཅང་། བོད་བཅས་ཀྱི་གནད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་གི་ཡོད་པ་རེད།།

XS
SM
MD
LG