༄༅།། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་མཇུག་སྒྲིལ་ཐུབ་ཐབས་སུ་ཕྱོགས་གཉིས་ཀྱི་ཚོང་དོན་སྐུ་ཚབ་ཚོས་གྲོས་མོལ་ཐེངས་བཅུ་གྲངས་ཤིག་བྱས་པ་དང་ཟླ་བ་རྗེས་མར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་སླར་ཡང་གྲོས་མོལ་བྱ་རྒྱུའི་འཆར་གཞི་འདུག ཡིན་ནའང་ཕྱི་ཟླ་༨་ཚེས་༢༩་ཉིན་རྒྱ་ནག་གི་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པ་གའོ་ཧྥེང་གིས་ཨ་མི་རི་ཀས་སྒོ་ཁྲལ་གསར་པ་སྤར་རྒྱུའི་ཁྱབ་བསྒྲགས་དེ་ང་ཚོས་ཕྱིར་འཐེན་ཡོང་རྒྱུ་གཙིགས་སུ་བཟུང་ཡོད། རྒྱ་ནག་གིས་ཕྱོགས་གང་ཐད་དུ་ཚོང་དམག་འདི་མཇུག་སྒྲིལ་བྱེད་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད། ཡིན་ནའང་ཨ་མི་རི་ཀས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱེད་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་དགོས། ཨ་མི་རི་ཀས་ཕྱོགས་གཉིས་ཀྱི་ཚོང་དམག་སྡུག་ཏུ་གཏོང་རྒྱུ་མཚམས་འཇོག་བྱ་དགོས་ཞེས་གསར་འགོད་གསལ་བསྒྲགས་སྤེལ་ནས་ཕྱི་ཟླ་༩་པའི་ཚོང་དོན་གྲོས་མོལ་ཝ་ཤིང་ཊོན་དུ་དངོས་སུ་འཚོགས་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྱས་མེད་ཅིང་། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གིས་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས། འཛམ་གླིང་སྤྱིའི་དཔལ་འབྱོར་དང་ཚོང་ལས་འཕེལ་རྒྱས་ལ་འགོག་རྐྱེན་ཆེན་པོ་ཞིག་རྒྱག་གི་ཡོད་པ་རེད།
བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀ་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་ཐམས་ཅད་ལ་སྒོ་ཁྲལ་བརྒྱ་ཆ་༥་ནས་བརྒྱ་ཆ་༡༠་བར་དུ་འཕར་སྣོན་བྱ་རྒྱུ་ཡིན་ཞེས་བསྒྲགས། དེ་ནས་ཆུ་ཚུད་འགའ་ཞིག་གི་རྗེས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་རྒྱག་གི་ཡོད་པ་རྣམས་བརྒྱ་ཆ་༣༠་ལ་སྤར་རྒྱུ་ཡིན། སྒོ་ཁྲལ་བརྒྱ་ཆ་༡༠་རྒྱག་གི་ཡོད་པ་རྣམས་བརྒྱ་ཆ་༡༥་ལ་སྤར་རྒྱུ་ཡིན་ཞེས་ལན་པ་སློག སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྱབ་བསྒྲགས་བྱས་པའི་སྒོ་ཁྲལ་འཕར་སྣོན་རྣམས་ཕྱི་ཟླ་༩་པའི་ཚེས་༡་ནས་ལག་ལེན་བསྟར་དགོས་པས་རྒྱ་ནག་གི་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པ་གའོ་ཧྥེང་གིས་ང་ཚོའི་སྐུ་ཚབ་རྣམས་ཨ་མི་རི་ཀར་གྲོས་མོལ་བྱེད་དུ་བསྐྱོད་དགོས་ཚེ། ཨ་རིའི་གཞུང་གིས་ངེས་པར་དུ་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱེད་ཐུབ་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་བཤད། ཁ་སྔོན་ཕྱི་ཟླ་༧་ཟླ་མཇུག་དེར་ཕྱོགས་གཉིས་ཀྱི་ཚོང་དོན་སྐུ་ཚབ་ཚོས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་གྲོས་མོལ་བྱས་ཀྱང་སྐབས་དེར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལ་གྲུབ་འབྲས་གང་ཡང་མ་ཐོན། ཁོ་ཚོ་ཕྱི་ཟླ་༩་ནང་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གྲོས་མོལ་འཕྲོ་སྐྱོང་བྱ་རྒྱུའི་གྲོས་མཐུན་བྱུང་འདུག
ཁ་སྔོན་གཟའ་ཉི་མར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་ཚོང་དོན་གྲོས་མོལ་བྱེད་འདོད་ཡོད་ཅེས་ཨ་མི་རི་ཀར་ཁ་པར་བཏང་སོང་། རྒྱ་ནག་ལ་ཚོང་ལས་གྲོས་མཐུན་ཞིག་འཇོག་འདོད་ཡོད་པའི་རྣམ་འགྱུར་བསྟན་སོང་ཞེས་བཤད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ང་ཚོས་ཨ་མི་རི་ཀར་ཁ་པར་བཏང་ནས་རྒྱ་ནག་ལ་ཚོང་དོན་གྲོས་མོལ་བྱ་འདོད་ཡོད་ཅེས་རེ་བ་བཏོན་པ་ཤེས་རྟོགས་བྱུང་མ་སོང་ཞེས་བཤད་ཡོད་པར་མ་ཟད། རྒྱ་ནག་གི་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པས་ཀྱང་རྒྱ་ནག་གིས་ཨ་མི་རི་ཀར་ཚོང་དོན་གྲོས་མོལ་བྱ་དགོས་ཞེས་ཁ་པར་བཏང་ཡོད་མེད་ངེས་གཏན་བྱས་མེད་ཅིང་། གའོ་ཧྥེང་གིས་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་ཅི་ཙམ་སྤར་ན་རྒྱ་ནག་ལའང་ཨ་མི་རི་ཀར་ལན་པ་ཚུལ་བཞིན་སློག་ཐུབ་པའི་གདམ་ཀ་མང་དག་ཅིག་ཡོད་ཅེས་བཤད། འོན་ཀྱང་ཁོ་པས་རྒྱ་ནག་ལ་ཨ་མི་རི་ཀར་སྒོ་ཁྲལ་སྤར་ནས་ལན་པ་སློག་ས་ཅི་ཞིག་ཡོད་མེད་དངོས་སུ་བཤད་མེད། དཔལ་འབྱོར་ཉམས་ཞིབ་པ་ཚོས་རྒྱ་ནག་ལ་དཀའ་ངལ་འཕྲད་པའི་དུས་སུ་ཕྱི་རྒྱལ་གྱི་དངོས་ཟོག་ནང་འདྲེན་བྱ་རྒྱུ་ཉུང་དུ་གཏོང་གི་ཡོད་པ་ལྟར་ཨ་མི་རི་ཀའི་དངོས་ཟོག་ནང་འདྲེན་བྱ་རྒྱུ་ཉུང་དུ་གཏོང་སྲིད་ཅེས་བཤད་འདུག བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་སྤྱི་སྒེར་གྱི་བཟོ་ཚོང་ལས་ཁང་ཁག་དང་སྐྱེ་བོ་སྒེར་པའི་ཐོ་གཞུང་ནག་པོ་ཞིག་ཕྱིར་བསྒྲགས་བྱ་འཆར་ཡོད། ཨ་མི་རི་ཀས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་བཀག་སྡོམ་བྱེད་ཀྱི་ཡོད་པ་ལྟར་རྒྱ་ནག་གིས་ཀྱང་ཨ་མི་རི་ཀའི་སྤྱི་སྒེར་གྱི་བཟོ་ཚོང་ལས་ཁང་ཁག་དང་སྐྱེ་བོ་སྒེར་པ་སོགས་ཐོ་གཞུང་ནག་པོ་དེར་བཀོད་ནས་ཡིད་རྟོན་མི་རུང་བའི་གྲས་སུ་འཇུག་འཆར་ཡོད་ཅེས་བསྒྲགས།
འདས་པའི་ལོ་གཉིས་ཀྱི་རིང་ལ་ཨ་རིའི་གཞུང་གིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་པ་དང་རྒྱ་ནག་གི་དྲང་སྙོམས་མིན་པའི་ཚོང་ལས་ཤིག་གཉེར་གྱི་ཡོད་པར་སྒྱུར་བཅོས་གཏོང་ཐབས་བྱས་མོད། འོན་ཀྱང་ད་ལྟའི་བར་དུ་རྒྱ་ནག་དང་ཨ་མི་རི་ཀས་ཚོང་ལས་གྲོས་མཐུན་གསར་པ་ཞིག་འཇོག་ཐུབ་མེད། ཉེ་དུས་ཤིག་ནས་ཨ་མི་རི་ཀའི་དཔལ་འབྱོར་རིག་པ་བ་མང་པོ་ཞིག་གིས་ཨ་མི་རི་ཀའི་དཔལ་འབྱོར་ཉམས་རྒུད་འགྲོ་རྒྱུའི་ཉེན་ཀ་འདུག རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཨ་མི་རི་ཀའི་ཕྱིར་ཚོང་དངོས་ཟོག་དང་ནང་འདྲེན་དངོས་ཟོག་གི་རིན་གོང་འཕར་སོང་། སྲིད་འཛིན་ཌོ་ནལ་ཊམ་གྱི་ཚོང་དམག་སྲིད་ཇུས་དེས་ཨ་མི་རི་ཀའི་ཞིང་འབྲོག་མང་ཚོགས་དང་ཚོང་ལས་ཆུང་ཁག་ལ་གྱོང་སྤྲོད་ཀྱི་འདུག་ཅེས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་ལོ་རྗེས་མར་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་བྱ་དགོས་པས་རྒྱ་ནག་གཞུང་གིས་རང་གི་ལངས་ཕྱོགས་ཇེ་མཁྲེགས་སུ་བཏང་སྟེ་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་སྒུག་རྒྱུ། ལོ་རྗེས་མའི་སྲིད་འཛིན་འོས་འདེམས་སྐབས་སུ་ཌོ་ནལ་ཊམ་འཕོ་འགྱུར་འགྲོ་རྒྱུ་དང་ཨ་མི་རི་ཀར་སྲིད་འཛིན་གསར་པ་ཞིག་འདེམས་ཐོན་བྱུང་ན་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་གྱི་ཡོད་པའི་སྲིད་ཇུས་དེར་འགྱུར་བ་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།