ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༠

རྒྱ་ནག་གི་ཚོགས་ཆེན་གཉིས་འཚོགས་རྒྱུའི་ཚེས་གྲངས་གཏན་འབེབས།


༄༅།། རྒྱ་ནག་གཞུང་གིས་ཕྱི་ཟླ་༥་པའི་ཚེས་༢༢་ནས་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་གཉིས་འཚོགས་རྒྱུ་ཡིན་ཞེས་ཕྱི་ཟླ་༤་པའི་ཚེས་༢༩་ཉིན་གྱི་ཞོགས་པར་ཁྱབ་བསྒྲགས་བྱས་འདུག འོན་ཀྱང་ད་དུང་ཡང་རྒྱ་ནག་གི་ས་གནས་མང་དག་ཅིག་ལ་འགྲིམ་འགྲུལ་བཀག་ཡོད་པས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཏེ། རྒྱ་ནག་གི་ཧུ་པེ་ཞིང་ཆེན་དང་ཝུ་ཧན་གྲོང་ཁྱེར་གྱི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་རྣམས། ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་རྣམས་པེ་ཅིང་གི་ཚོགས་ཆེན་གཉིས་ལ་ཞུགས་པར་འགྲིམ་འགྲུལ་ཇི་ལྟར་བྱ་དགོས་མིན་གྱི་བཀོད་འདོམས་གསལ་པོ་ཞིག་མེད་པར་འཐུས་མི་ཚོས་ངང་སྒུག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག དེང་སྐབས་ཧོང་ཀོང་དང་རྒྱ་ནག་སྐམ་ས་ཆེན་མོའི་བར་དུ་འགྲིམ་འགྲུལ་བཀག་ཡོད་པས་ཧོང་ཀོང་གི་འཐུས་མི་རྣམས་པེ་ཅིང་གི་ཚོགས་ཆེན་གཉིས་ལ་མཉམ་ཞུགས་ཇི་ལྟར་བྱ་དགོས་མིན་ཐག་ཆོད་མེད་ཅིང་། ལོ་ལྟར་ཕྱི་ཟླ་༣་པའི་ཚེས་༥་ནས་དུས་ཡུན་བདུན་ཕྲག་གཅིག་གི་རིང་ལ་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་གཉིས་འཚོགས་སྲོ་ཡོད་མོད། ཡིན་ནའང་ན་ནིང་ལོ་མཇུག་ནས་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་ནས་ནད་དུག་སྔོན་འགོག་དང་འགྲིམ་འགྲུལ་བཀག་སྡོམ། མི་ཚོགས་འདུ་འཛོམས་སོགས་ཡོངས་སུ་བཀག་སྟེ་རྒྱ་ནག་གི་གལ་ཆེའི་ཚོགས་ཆེན་གཉིས་ཀྱང་དུས་ཚོད་ལྟར་ཚོགས་མ་ཐུབ་པར་ཕྱིར་འགྱངས་བྱ་དགོས་བྱུང་ཡོད་པ་རེད།།

རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་འགའ་ཞིག་གིས་ལོ་འདིར་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་ནས་མི་དམངས་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་སོང་། དེར་བརྟེན་མི་དམངས་ཀྱི་སྨན་བཅོས་དང་འཕྲོད་བསྟེན་ལ་འབྲེལ་བ་ཡོད་པའི་གྲོས་གཞི་ཁག་ཅིག་ཚོགས་ཆེན་གཉིས་ལ་མཚམས་སྦྱོར་དང་དེ་ལ་བགྲོ་གླེང་བྱེད་ཐུབ་པའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད། ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཡུང་ཁྲན་ཞེས་པ་ཞིག་གིསང་ཚོ་པེ་ཅིང་ལ་ཆེད་རྫོང་གནམ་གྲུ་ཞིག་གི་ནང་དུ་བསྐྱོད་དགོས་སམཡང་ན་འགྲིམ་འགྲུལ་གྱི་མཐུན་རྐྱེན་གཞན་ཞིག་ཡོད་པ་ཡིན་ནམ། ང་ཚོ་པེ་ཅིང་ལ་སླེབས་པའི་རྗེས་སུ་ཉི་མ་༡༤་ལ་ཟུར་འགོག་བྱ་རྒྱུ་ཡིན་མིན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་དང་བཀོད་འདོམས་ཅི་ཡང་མི་འདུག་ཅེས་ཡོད་བཤད། ཨོ་མེན་དམིགས་བསལ་ས་ཁུལ་གྱི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མི་ཝུ་ཀྲི་ལེང་ཞེས་པ་ཞིག་གིས་ང་ཚོ་པེ་ཅིང་ལ་སླེབས་པའི་རྗེས་སུ་ཟུར་འགོག་བྱ་རྒྱུ་ཡིན་མིན་སོགས་ཤེས་རྟོགས་བྱུང་མ་སོང་ཞེས་བཤད། ཝུ་ཧྲེང་ཡོན་ཞེས་པའི་ཝུ་ཧན་གྲོང་ཁྱེར་གྱི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཞིག་གིས་ང་ཚོས་གཟའ་ལྷག་པའི་ཞོགས་པར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་གཉིས་འཚོགས་རྒྱུའི་ཚེས་གྲངས་གཏན་འབེབས་བྱུང་ཡོད་པ་ཤེས་རྟོགས་བྱུང་སོང་ཞེས་བཤད་འདུག ཝུ་ཧྲེང་ཡོན་ལ་མཚོན་ན་པེ་ཅིང་གི་ཚོགས་འདུ་དེར་མཉམ་ཞུགས་མ་བྱས་གོང་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་དམིགས་བསལ་གྱིས་བརྟག་དཔྱད་བྱ་དགོས་མིན། ཁོ་ཚོ་པེ་ཅིང་ལ་སླེབས་པའི་རྗེས་སུ་སླར་ཡང་བརྟག་དཔྱད་བྱས་ནས་ཟུར་འགོག་བྱ་རྒྱུ་ཡིན་མིན་བཅས་ལ་བློ་འཚབ་བྱེད་ཀྱི་ཡོད་པ་ལས། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་གྲོས་གཞི་ཅི་ཞིག་གཙིགས་སུ་བཟུང་ནས་བགྲོ་གླེང་བྱ་དགོས་མིན་ལ་བསམ་བློ་གཏོང་ཐུབ་ཀྱི་མེད་པ་རེད།།

དེང་སྐབས་ཝུ་ཧན་གྲོང་ཁྱེར་ནས་པེ་ཅིང་ལ་བསྐྱོད་དགོས་ན་པེ་ཅིང་ལ་མ་འབྱོར་བའི་ཉི་མ་༧་གྱི་སྔོན་ནས་མི་དེར་རང་གི་ས་གནས་སུ་ད་རྟགས་ཡོད་མེད་བརྟག་དཔྱད་བྱ་དགོས། དེ་ནས་མི་དེ་པེ་ཅིང་ལ་སླེབས་པའི་རྗེས་སུ་ཉི་མ་༡༤་ལ་ཟུར་འགོག་བྱེད་ཀྱི་ཡོད་པ་དང་མི་དེ་བདེ་ཐང་ཡིན་མིན་སྨན་ཁང་གི་ཡིག་ཆ་སྟོན་རྒྱུ། མི་དེ་ཝུ་ཧན་ནས་པེ་ཅིང་ལ་སྐྱོད་ཆོག་ཅེས་ཝུ་ཧན་གྲོང་ཁྱེར་གཞུང་གིས་ཆོག་མཆན་བཀོད་པའི་ལམ་ཡིག་ཅིག་པེ་ཅིང་གྲོང་ཁྱེར་གཞུང་ལ་སྟོན་དགོས་ཀྱི་ཡོད་པ་རེད། ད་སྔ་ཧུ་པེ་ཞིང་ཆེན་དང་ཝུ་ཧན་གྲོང་ཁྱེར་གྱི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་རྣམས་པེ་ཅིང་ལ་བསྐྱོད་ན་རྒྱུད་རིམ་དེ་རྣམས་བརྒྱུད་དགོས་མིན་གསལ་པོ་མེད་པ། ཝུ་ཧན་ནས་པེ་ཅིང་ལ་སྐྱོད་པའི་ེ་འཁོར་འཛིན་བྱང་རྣམས་ཕྱི་ཟླ་༥་པའི་ཚེས་༣་དང་ཚེས་༦་ལ་མ་གཏོགས་རག་གི་མེད་པ། པེ་ཅིང་གི་ཁྲའོ་དབྱང་ས་ཁུལ་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཉེན་ཁ་ཆེན་པོ་ཡོད་པས་ས་ཁུལ་དེར་ཕྱི་མི་སུ་ཞིག་འབྱོར་ཀྱང་ཉི་མ་༢༡་ལ་རང་ཁྱིམ་དུ་འཛུལ་ནས་ཟུར་འགོག་བྱ་དགོས་པའི་ཁྲིམས་ཤིག་ལག་ལེན་བསྟར་གྱི་ཡོད་འདུག རྒྱ་ནག་གཞུང་གིས་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་གཉིས་འཚོགས་རྒྱུའི་གསལ་བསྒྲགས་སྤེལ་ནས་ཆུ་ཚད་འགའ་ཞིག་གི་རྗེས་སུ་པེ་ཅིང་གྲོང་ཁྱེར་གཞུང་གིས་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་ཆུང་དུ་བཏང་བ་ཡིན། འདས་པའི་ཉི་མ་༡༣་ལ་པེ་ཅིང་གྲོང་ཁྱེར་དུ་རྒྱལ་ནང་ནས་ཏོག་དབྱིབས་ནད་དུག་འགོས་པའམ། ཡང་ན་ཕྱི་ལོགས་ནས་ནད་དུག་ནང་ཁྱབ་བྱུང་བའི་ནད་པ་གསར་པ་གཅིག་ཀྱང་བྱུང་མ་སོང་། པེ་ཅིང་གྲོང་ཁྱེར་གཞུང་གིས་རིམས་ནད་སྔོན་འགོག་ཆེད་དུ་ཟུར་འགོག་དང་འགྲིམ་འགྲུལ་བཀག་སྡོམ། མི་ལ་ནད་རྟགས་ཡོད་མེད་བརྟག་དཔྱད་ནན་པོ་ཞིག་བྱེད་ཀྱི་ཡོད་པ་རྣམས་ཅུང་ཙམ་ལྷུག་ཡངས་གཏོང་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག

ཕྱི་ཟླ་༤་པའི་ཚེས་༢༩་ཉིན་པེ་ཅིང་གྲོང་ཁྱེར་གཞུང་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱལ་ནང་གི་འགྲུལ་པ་རྣམས་པེ་ཅིང་ལ་འབྱོར་རྗེས་མགྲོན་ཁང་དུ་ཐོ་འགོད་མ་བྱས་གོང་དུ་བདེ་ཐང་ཡིན་མིན་སྨན་ཁང་གི་ངོ་སྦྱོར་ཡིག་ཆ་སྟོན་དགོས་པའི་ཆ་རྐྱེན་མེད་པར་གཏོང་རྒྱུ་ཡིན། སྐྱེ་བོ་གང་ཞིག་བདེ་ཐང་ཡིན་པའི་ཁ་པར་གྱི་མཚོན་རྟགས་ལྗང་མདོག་ཡིན་ན་དེས་འཐུས་པ་ཡིན་ཞེས་བསྒྲགས། ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཉེན་ཁ་ཆུང་བའི་རྒྱ་ནག་གི་ས་གནས་ཁག་གི་མི་རྣམས་པེ་ཅིང་ལ་འབྱོར་བའི་རྗེས་སུ་ཉི་མ་༡༤་ལ་ཟུར་འགོག་བྱ་མི་དགོས། ཕྱི་རྒྱལ་གྱི་འགྲུལ་པ་དང་ཝུ་ཧན་ཚུད་པའི་ཧུ་པེ་ཞིང་ཆེན་གྱི་མི་རྣམས་པེ་ཅིང་ལ་འབྱོར་ན་སྔར་བཞིན་ཉི་མ་༡༤་ལ་ཟུར་འགོག་བྱ་དགོས་པའི་ཁྲིམས་ལ་འགྱུར་བ་མེད་ཅེས་གསལ་བཤད་བྱས་ཡོད་པ་རེད། རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་གྱི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་འགའ་ཞིག་གིས་གསར་འགོད་པར་ནང་མོལ་བྱས་པ་ལྟར་ན། ཁོ་ཚོ་བདེ་ཐང་ཡིན་མིན་དང་ཉིན་རེའི་ལུས་པོའི་ཚད་དྲོད་ཀྱི་གྲངས་ཚདཁོ་ཚོ་ས་གནས་གང་ལ་ཕྱིན་ཡོད་མེད་དང་མི་སུ་ལ་ཐུག་འཕྲད་བྱས་ཡོད་མེད། འཐུས་མི་དེ་ཚོར་ཉི་མ་༧་གྱི་སྔོན་ནས་བརྟག་དཔྱད་བྱས་ཏེ་ནད་རྟགས་མ་ཐོན་ན་པེ་ཅིང་ལ་མཉམ་དུ་བསྐྱོད་ཆོག་པའི་འགྲིམ་འགྲུལ་འཛིན་བྱང་མངགས་ཉོ་བྱེད་ཆོག ཁོ་ཚོ་པེ་ཅིང་ལ་སླེབས་པའི་རྗེས་སུ་གཞུང་གིས་གོ་སྒྲིག་བྱས་པའི་མགྲོན་ཁང་དུ་འདུག་དགོས། འཐུས་མི་ཚོས་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུ་གཉིས་མ་གྲོལ་བར་དུ་དགོས་ངེས་མ་ཡིན་པ་དང་འབྲེལ་བ་བྱ་མི་དགོས་པའི་མི་ལ་འབྲེལ་ཐུག་བྱ་རྒྱུ་འཛེམ་ཟོན་བྱ་དགོས་པའི་བཀོད་འདོམས་བྱས་སོང་ཞེས་བཤད།།

ཉིང་ཞཱ་ཧོས་རིགས་རང་སྐྱོང་ཁུལ་གྱི་ལས་བྱེད་པ་ཞིག་དང་ཧྲན་ཞཱི་ཞིང་ཆེན་གྱི་ལས་བྱེད་པ་ཞིག་གིས་ང་ཚོར་པེ་ཅང་ནས་བཀོད་འདོམས་གསལ་པོ་ཞིག་བྱུང་མ་སོང་ང་ཚོས་དཔྱིད་གསར་དུས་ཆེན་སྔོན་ནས་གྲ་སྒྲིག་བྱས་པ་ཡིནཉི་མ་འགའ་ཤས་ཀྱི་ནང་ཚུད་དུ་ཐག་གཅོད་གསལ་པོ་བྱེད་ཀྱི་ཡོད་ངེས་རེད། ངས་བལྟས་ན་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་རྣམས་ཟུར་འགོག་དང་ཉི་མ་༧་གྱི་སྔོན་ནས་བརྟག་དཔྱད་བྱ་དགོས་རྒྱུ་མ་རེད་སྙམ་ཞེས་བཤད། ད་ལོ་རྒྱ་ནག་གི་ཚོགས་ཆེན་གཉིས་ལ་གསར་འགྱུར་འགོད་དུ་ཡོང་མཁན་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་ལའང་དཀའ་ངལ་འཕྲད་སྲིད། པ་ཀི་སི་ཐན་གི་གསར་འགོད་པ་ཞིག་གིས་ན་ནིང་ང་ལ་ཟླ་བ་གཅིག་གི་སྔོན་ནས་མགྲོན་ཤོག་འབྱོར་བྱུང་། ད་ལོ་ང་ལ་མགྲོན་ཤོག་འབྱོར་མ་བྱུང་ཞེས་བཤད། ཉི་ཧོང་གི་གསར་འགོད་པ་ཞིག་གིས་ང་པེ་ཅིང་ལ་བསྐྱོད་ན་ཉི་མ་༡༤་ལ་ཟུར་འགོག་བྱ་སྲིད་པའི་ཉེན་ཁ་ཆེ། རྒྱ་ནག་གཞུང་གིས་མགྲོན་འབོད་བྱས་པའི་ཕྱི་རྒྱལ་གྱི་གསར་འགོད་པ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཚོ་པེ་ཅིང་གི་ཚོགས་ཆེན་གཉིས་ལ་ཞུགས་དུས་ཉི་མ་༡༤་ལ་ཟུར་འགོག་བྱ་ངེས་རེད་ཅེས་བཤད་འདུག རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཚོར་ནུབ་ཕྱོགས་ཀྱི་དམངས་གཙོ་དང་རང་དབང་། ཁྲིམས་སྐྱོང་ལམ་ལུགས་ལྡན་པའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་གོང་འོག་གི་འཐུས་མི་ལྟར་ཆབ་སྲིད་ཀྱི་ལས་དོན་གལ་ཆེན་ཁག་ལ་ཐག་གཅོད་དང་གྲོས་སྡུར། ལྷག་པར་དུ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོར་སྟངས་འཛིན་དང་གཞུང་གི་ལས་དོན་སྒྲུབ་ཕྱོགས་ལ་རྟོག་ཞིབ་བྱེད་ཆོག་པའི་དབང་ཚད་ཅི་ཡང་མེད་ཅིང་། ཁོ་ཚོས་རྒྱ་ནག་དམར་ཤོག་ཚོགས་པས་ཐག་གཅོད་བྱས་ཟིན་པའི་གྲོས་ཆོད་ཁག་ལ་མོས་མཐུན་ཡོད་ཅེས་ལག་པ་བརྐྱང་རྒྱུའི་ལས་འགན་འབའ་ཞིག་བསྒྲུབ་དགོས་པ་རེད།།

XS
SM
MD
LG