ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིའི་གྲོས་ཚོགས་འཐུས་མི་སོགས་ལ་རྒྱ་ནག་གིས་ཉེས་ཆད་གཅོད་རྒྱུ། 


༄༅།། ཉེ་ཆར་ཨ་མི་རི་ཀས་ཞིན་ཅང་གི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་གཙོས་མཐོ་རིམ་འགོ་ཁྲིད་ཁག་ཅིག་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་མིན་པ་དང་མི་དེ་དག་ལ་ཚོང་ལས་བཀག་སྡོམ་བྱ་དགོས་པའི་ཐག་བཅད། དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་མཱར་ཁོ་རུ་བྷིའོ་དང་ཊེ་ཊི་ཁུ་རུ་ཟི། གྲོས་ཚོགས་འོག་མའི་འཐུས་མི་ཁེ་རི་སི་སེ་མཱི་ཐེ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགོ་ཁྲིད་སམ་བྷ་རོན་བྷག ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཞིབ་འཇུག་ལྷན་ཚོགས་བཅས་ལ་ཉེས་ཆད་གཅོད་རྒྱུའི་ཐག་བཅད། དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་གསར་འགོད་པ་ཚོར་ཨ་མི་རི་ཀའི་སྲིད་དོན་པ་དང་གཞུང་འབྲེལ་མི་སྣ་ཁག་ཅིག་གི་བྱ་སྤྱོད་ཀྱིས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་གཏོར་བརླག་ཚབས་ཆེན་ཞིག་བཏང་སོང་བས་ང་ཚོས་དེ་ལ་ཁ་རྡུང་གཏོང་རྒྱུ་ཡིན། ཞིན་ཅང་གི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་འབའ་ཞིག་ཡིན་པས་ཨ་མི་རི་ཀར་དེ་ལ་ཐེ་གཏོགས་བྱེད་ཆོག་པའི་ཐོབ་ཐང་མེད། རྒྱ་ནག་གཞུང་གིས་རང་གི་བདག་དབང་སྲུང་སྐྱོབ་དང་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ལ་འཐབ་རྒོལ་བྱ་རྒྱུའི་ཆོས་སེམས་བརྟན་པོ་བཙུགས་ཡོད་པ་སུ་གཅིག་གིས་ཀྱང་སྒུལ་མི་ཚུགས་ཞེས་ཁྱབ་བསྒྲགས་བྱས་འདུག
ཨ་རི་མི་རི་ཀའི་ལས་སྣེ་བཞི་དང་ཚོགས་པ་ཞིག་ལ་རྒྱ་ནག་གིས་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བསྒྲགས་ཀྱང་ཉེས་ཆད་ཅི་ཞིག་གཅོད་རྒྱུ་ཡིན་མིན་གསལ་པོར་མ་འཁོད། ཨ་མི་རི་ཀས་ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་སོགས་ཉེས་ཆད་གཅོད་ཡུལ་དོ་བདག་རྣམས་དང་དེ་དག་གི་བཟའ་ཟླ་བུ་ཕྲུག་ཚོ་ཨ་མི་རི་ཀར་ཡུལ་སྐོར་སྤྲོ་འཆམ་དང་སློབ་སྦྱོང་སོགས་ལ་ཡོང་ཆོག་པའི་ཐོངས་མཆན་བཀག་སྡོམ་བྱ་རྒྱུ་ཡིན། ཁྲེན་ཆོན་གོ་སོགས་ལ་ཨ་རིའི་ས་ཐོག་ཏུ་རང་བདག་གི་མཁར་དངོས་ཡོད་ན་འགོག་ཉར་བྱེད་ཆོག ཁོ་ཚོས་ཚོགས་སྡེ་གཞན་ལ་མཉམ་འབྲེལ་བྱས་ནས་ཨ་མི་རི་ཀའི་ཁྲོམ་རའི་ནང་དུ་མ་རྩ་བཙུགས་ཏེ་མ་རྩ་བརྒྱ་ཆ་༥༠་ཐམ་པའམ། ཡང་ན་མ་རྩ་དེ་ལས་མང་བ་ཡོད་ཀྱང་འགོག་ཉར་བྱ་དགོས། ཨ་མི་རི་ཀའི་སྤྱི་སྒེར་སུ་ཞིག་གིས་ཀྱང་ཁྲེན་ཆོན་གོ་སོགས་ལ་ཚོང་འབྲེལ་བྱེད་མི་ཆོག་ཅེས་བཀོད། ཨ་རིའི་གྲོས་ཚོགས་འཐུས་མི་མཱར་ཁོ་རུ་བྷིའོ་དང་ཊེ་ཊི་ཁུ་རུ་ཟི་གཉིས་ཀས་ཨ་རིའི་གྲོས་ཚོགས་སུ་ཞིན་ཅང་གི་ཡུ་གུར་བ་ཚོར་རྒྱ་ནག་གིས་དྲག་གནོན་བྱེད་ཀྱི་ཡོད་པར་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་ཨ་མི་རི་ཀས་ཉེས་ཆད་གཅོད་དགོས་ཞེས་ཁྲིམས་གཞི་མཚམས་སྦྱོར་བྱས་པར་མ་ཟད། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཁེ་རི་སི་སེ་མཱི་ཐེ་ཡང་རྟག་ཏུ་རྒྱ་ནག་གཞུང་གིས་ཞིན་ཅང་དང་ཧོང་ཀོང་ལ་འཛིན་པའི་སྲིད་ཇུས་དེ་ཚོར་སྐྱོན་བརྗོད་དྲག་པོ་བྱེད་མཁན་གཙོ་གྲས་ཤིག་ཡིན་ཞིང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཞིབ་འཇུག་ལྷན་ཚོགས་ཀྱིས་ལོ་ལྟར་འཛམ་གླིང་ཡུལ་གྲུ་ཁག་གི་ཆོས་དད་རང་དབང་གི་གནས་སྟངས་ལ་ཞིབ་འཇུག་བྱས་ནས་སྙན་ཐོ་འགྲེམ་སྤེལ། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཞིབ་འཇུག་ལྷན་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྐྱོང་ལམ་ལུགས་བཅས་ལ་ཞིབ་འཇུག་བྱས་ནས་ལོ་ལྟར་ཨ་རིའི་གྲོས་ཚོགས་དང་སྲིད་འཛིན་བཅས་ལ་སྙན་ཐོ་འབུལ་དགོས་པ་རེད།།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགོ་ཁྲིད་སམ་བྷ་རོན་བྷག་ལགས་བཞུགས་སྒར་དུ་བཅར་ནས་༧གོང་ས་མཆོག་ལ་མཇལ་བ།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགོ་ཁྲིད་སམ་བྷ་རོན་བྷག་ལགས་བཞུགས་སྒར་དུ་བཅར་ནས་༧གོང་ས་མཆོག་ལ་མཇལ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་པ་ཚོས་རྒྱ་ནག་གཞུང་གིས་ཉུང་མཐར་ཡང་ཞིན་ཅང་གི་ཡུ་གུར་བ་དང་ཧ་ས་ཁ་བ། ཀིར་ཀི་བ་སོགས་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་གཅིག་ལྷག་བཀག་ཉར་ཁང་འདྲ་མིན་ཞིག་གི་ནང་དུ་བཙོན་འཇུག་བྱས་ནས་རྡུག་རྡེག་དང་མནར་གཅོད། ཁོ་ཚོར་ངལ་རྩོལ་བཙན་བཀོལ་བྱེད་པ་དང་ཉིན་མཚན་དུས་དྲུག་ལ་པར་ཆས་བཙུགས་ནས་ལྟ་རྟོག་བྱེད་པ། ཞིན་ཅང་གི་ཡུ་གུར་བ་སོགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་སྲིད་གཞུང་། རྒྱ་མི་རིགས་རྣམས་བཀའ་དྲིན་ཆེན་པོ་ཡིན་པ་བསམ་ཤེས་ཐུབ་དགོས་པ། ཁོ་ཚོས་རང་ཉིད་རྒྱ་ནག་གི་ཁྱིམ་ཚང་ཆེན་པོའི་ཁོངས་མི་ཡིན་པའི་འདུ་ཤེས་འཛིན་དགོས་པ། ཞིན་ཅང་གི་ཡུ་གུར་བ་ཚོས་རྒྱ་ཡིག་རྒྱ་སྐད་དང་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་ལ་སློབ་སྦྱོང་བྱ་དགོས་ཞེས་བསམ་བློའི་སློབ་གསོ་གཏོང་བ། ཡུ་གུར་བའི་བུད་མེད་ཚོར་བཀག་ཉར་ཁང་དེ་དག་གི་ནང་དུ་བཙན་གཡེམ་དང་སྐྱེས་སྒོ་རྩ་གཅོད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཙན་བྱོལ་ལ་བྲོས་པའི་ཡུ་གུར་བ་དང་དེ་དག་གི་ཕ་ཡུལ་དུ་ལུས་པའི་ཕ་མ་སྤུན་མཆེད་དང་བཟའ་ཟླ་བུ་ཕྲུག གཉེན་ཚན་སོགས་ལ་འབྲེལ་བ་བཙན་གཅོད་བྱེད་དུ་བཅུག་སྟེ་ཕྱི་ནང་གཉིས་ཀས་ཕན་ཚུན་གཅིག་གིས་གཅིག་བདེ་ཐང་ཡིན་མིན་དང་འཆི་གསོན་ཅི་ཡིན་ཤེས་རྟོགས་ཐུབ་ཀྱི་མེད་པ། ཡུ་གུར་བའི་སྐྱེས་པ་ཚོས་རྒྱ་དང་སྨ་ར་འཇོག་མི་ཆོག་པ་དང་བུད་མེད་ཚོས་མགོ་རས་དཀྲིས་ཏེ་གདོང་ཁེབས་གཡོགས་མི་ཆོག་པ། ཡུ་གུར་བ་ཚོས་རང་གི་ཆོས་ལུགས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་གཅེས་འཛིན་གྱི་ལས་དོན་ཞིག་སྤེལ་ན་རྒྱ་ནག་གཞུང་གིས་དེ་ལ་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ཀྱི་ཉེས་མིང་བཏག་ནས་དྲག་གནོན་བྱེད་ཀྱི་འདུག་ཅེས་སྙན་ཐོ་བཏོན།།
ཉེ་དུས་ཤིག་ནས་རྒྱ་ནག་དང་ཨ་མི་རི་ཀ་མི་མཐུན་པའི་འགལ་ཟླ་ཇེ་མང་དང་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་པ་སྟེ། དེང་སྐབས་འཛམ་གླིང་ཡོངས་སུ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་གང་ཡིན་དང་དེའི་ལན་ཁག་སུ་ལ་ཡོད་མེད་ཀྱི་རྩོད་གླེང་། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱས་ནས་མངའ་ཁུལ་དེའི་རང་སྐྱོང་གི་ཐོབ་ཐང་མེད་པར་བཏང་བ། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་མཚམས་འཇོག་གི་གྲོས་མཐུན་རིམ་པ་དང་པོའི་འབྲུ་དོན་ཁག་ལག་ལེན་ཚུལ་བཞིན་བསྟར་ཐུབ་ཀྱི་མེད་པ། བདུན་ཕྲག་སྔོན་མར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་བོད་ལ་འགྲོ་འོང་འདྲ་མཉམ་གྱི་བོད་དོན་སྲིད་ཇུས་དེའི་དགོངས་དོན་ལྟར་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བཅས་ལ་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པའི་ལས་སྣེ་ཚོ་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་བ། རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་མཚོ་འགག་ཏུ་དམག་སྦྱོང་བྱེད་པ་དང་སྐོར་གཡེང་བྱས་ནས་ཐེ་ཝན་ལ་སྡིགས་ར་བསྐུལ་རྒྱུ་ཇེ་མང་དུ་སོང་བ། རྒྱ་ནག་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཉི་ཧོང་ལ་གླིང་ཕྲན་གསུམ་གྱི་བདག་དབང་དོན་དུ་འཁྲུག་རྩོད་སློང་གི་ཡོད་པ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་རྒྱ་སྐྱེད། རྒྱ་ནག་གིས་ཧི་མ་ལ་ཡའི་རི་འདབས་སུ་རྒྱ་གར་ལ་འཁྲུག་རྩོད་བསླངས་ནས་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་འབྱུང་གི་ཡོད་པ། ཨ་མི་རི་ཀས་ཐེ་ཝན་དང་ཉི་ཧོང་། ལྷོ་རྒྱ་ནག་རྒྱ་མཚོའི་མཐའ་འཁོར་དུ་ཆགས་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་རྒྱབ་སྐྱོར། རྒྱ་གར་ལ་དམག་དོན་དང་གསང་བའི་གནས་ཚུལ་མཁོ་སྤྲོད་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་རྒྱ་ནག་དང་ཨ་མི་རི་ཀའི་འགལ་ཟླ་ཕྱོགས་མང་པོ་ཞིག་ལ་འབྲེལ་བ་མཐུད་འདུག
རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་སོགས་ལ་དྲག་གནོན་བྱེད་ཀྱི་ཡོད་པར་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་ཁ་རྡུང་དྲག་པོ་གཏོང་གི་ཡོད་མོད། ཧ་ཅང་ཁྱད་མཚར་ཞིག་ལ་ཏུར་ཀི་རྒྱལ་ཁབ་མ་གཏོགས་འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་ཁག་གི་གྲས་སུ་ཞིན་ཅང་གི་ཡུ་གུར་བ་དང་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་བདེ་སྡུག་དོན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་ཕོད་མཁན་རྒྱལ་ཁབ་གཅིག་ཀྱང་མེད་ཅིང་། ད་དུང་པ་ཀི་སི་ཐན་དང་ཁ་ཆེའི་བསྟན་པའི་སྦྱིན་བདག་ཏུ་གྲགས་པའི་སོ་ཌི་ཨ་རེ་བྷི་ཡ་སོགས་ཀྱིས་རྒྱ་ནག་གཞུང་གིས་ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་པ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པ་འོས་ཤིང་འཚམས་པ་ཞིག་རེད་ཅེས་གསལ་བསྒྲགས་སྤེལ། ཨི་ཇེབ་གཞུང་གིས་རང་གི་སློབ་ཆེན་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་ཞིན་ཅང་གི་ཡུ་གུར་བའི་སློབ་ཕྲུག་ཚོ་སློབ་ཆེན་མཐར་མ་ཕྱིན་གོང་ནས་རྒྱ་ནག་གི་དགོས་འདུན་ལྟར་རང་ཡུལ་ལ་ཕྱིར་སློག་བྱས་པ། རྒྱ་ནག་གིས་པ་ཀི་སི་ཐན་དང་སོ་ཌི་ཨ་རེ་བྷི་ཡ། ཨུ་རུ་སུ་དང་ཀུ་པ་སོགས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམས་ཞིན་ཅང་ལ་གདན་འདྲེན་ཞུས་ནས་ལག་ཤེས་སློབ་གྲྭ་ཡིན་ཟེར་པའི་བཀག་ཉར་ཁང་རྣམས་བསྟན། རྒྱ་གཞུང་གིས་བཀོད་སྒྲིག་བྱས་པའི་ཞིན་ཅང་གི་ན་གཞོན་ཁག་ཅིག་གིས་བྲོ་འཁྲབ་ནས་ལག་ཤེས་སློབ་གྲྭར་སྐྱིད་པོ་འདུག་ཅེས་བཤད། དེ་ནས་རྒྱ་ནག་གི་མཐུན་གྲོགས་རྒྱལ་ཁབ་དེ་ཚོས་ཞིན་ཅང་གི་ཡུ་གུར་བ་རྣམས་འཚོ་བ་ཡག་པོ་དང་མི་ཚེ་སྐྱིད་པོ་རེད་ཅེས་འཛམ་གླིང་ཡོངས་སུ་བསྒྲགས། གལ་སྲིད་འཛམ་གླིང་གི་ཁ་ཆེ་རྒྱལ་ཁབ་ཁག་གིས་ཀྱང་ཞིན་ཅང་གི་ཡུ་གུར་བའི་བདེ་སྡུག་དོན་དུ་རྒྱ་ནག་ལ་ངོ་རྒོལ་བྱེད་ཕོད་ན་ཞིན་ཅང་གི་གནས་སྟངས་དེ་ཧ་ཅང་གི་ཐབས་རྡུགས་ཤིག་འགྱུར་དགོས་ཀྱི་མི་འདུག་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG