ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རྒྱའི་ཚོང་དོན་གྲོས་མོལ་དང་ཆ་རྐྱེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་ལངས་ནས་ལོ་༡་དང་ཟླ་བ་༤་ཙམ་འགྲོ་བཞིན་ཡོད། འདས་པའི་ལོ་གཅིག་ལྷག་ལ་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་བ་ཚོས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་མཇུག་བསྒྲིལ་ཐུབ་པའི་འབད་བརྩོན་ལན་མང་བྱས་ཀྱང་ད་དུང་ཡང་ཚོང་དོན་གྲོས་མོལ་ཁག་ལ་གྲུབ་འབྲས་ཆེན་པོ་ཞིག་ཐོན་མེད། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གིས་འཛམ་གླིང་ཁྱོན་གྱི་དངུལ་རྩའི་ཁྲོམ་ར་ཁག་ལ་འཕར་ཆག་གི་བརྡབས་འཁྲུག་ཆེན་པོ་ཞིག་ཐེབས། རྒྱལ་སྤྱིའི་དངོས་ཟོག་མཁོ་འགྲེམ་ལའང་བར་ཆད་བྱུང་། ཐ་ན་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱང་དལ་དུ་ཕྱིན་ནས་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཀྱི་ཡོད་ཅིང་། གཟའ་པ་སངས་ཉིན་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོས་ཁ་པར་ནང་དུ་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་འཕར་མ་འགེལ་འཆར་ཡོད་པ་རྣམས་ཕྱིར་འཐེན་བྱ་རྒྱུ་དང་རྒྱ་ནག་གིས་ཨ་མི་རི་ཀའི་ཞིང་ལས་ཐོན་སྐྱེད་ནང་འདྲེན་བྱ་ཆོག་ཅེས་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་ཐབས་ཀྱི་གྲོས་བསྡུར་བྱས་འདུག

ཟླ་བ་འདིའི་མགོ་སྟོད་ལ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཟླ་བ་རྗེས་མར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆི་ལེར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་འཚོགས་ཀྱི་ཡོད། སྐབས་དེར་ང་དང་ཞིས་ཅིན་ཕིང་གཉིས་ཀྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་གྲོས་མཐུན་གསར་པ་ཞིག་ལ་མིང་རྟགས་འགོད་སྲིད་ཅེས་བཤད་མོད། འོན་ཀྱང་ད་སྔ་ཕན་ཆད་ལ་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་ཨ་སྒོར་ཐེར་འབུམ་༢༥༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་འཕར་མ་འགེལ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་པ་ཕྱིར་འཐེན་བྱས་པ་ཙམ་ལས་དེ་མིན་གྱི་ཁས་ལེན་གཞན་པ་ཅི་ཡང་བྱས་མེད། རྒྱ་ནག་གི་ནོར་སྲིད་ཁྲོམ་ར་ཁག་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་སྒོ་འབྱེད་བྱ་དགོས་པ་དང་ཨ་རིའི་རིག་དངོས་བདག་དབང་ལ་སྲུང་སྐྱོབ། རྒྱ་ནག་གི་དངུལ་སྒོར་འཛའ་ཐང་ཁྲོམ་རའི་འཕར་ཆག་ལ་བསྟུན་དགོས་པ་བཅས་ལ་འགྱུར་བ་ཕྱིན་མེད། གལ་སྲིད་རྒྱ་ནག་དང་ཨ་མི་རི་ཀས་ཚོང་ལས་གྲོས་མཐུན་ཞིག་འཇོག་མ་ཐུབ་ཚེ། ཕྱི་ཟླ་༡༢་པའི་ཚེས་༡༥་ནས་ཨ་མི་རི་ཀས་སླར་ཡང་ཨ་སྒོར་ཐེར་འབུམ་༡༥༦་གི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་ཞིང་། ཁ་སྔོན་ཕྱི་ཟླ་༨་པར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལ་གྲུབ་འབྲས་མ་ཐོན་པའི་རྗེས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་སྒོར་ཐེར་འབུམ་༡༢༥་ཡི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༥་སྤར། ད་ལྟ་ཁྱོན་བསྡོམས་ཨ་མི་རི་ཀས་ཨ་སྒོར་ཐེར་འབུམ་༥༥༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་རེད།

ཝ་ཤིང་ཊོན་གྱི་ཨ་རིའི་ཁེ་ལས་ཁང་གི་རྒྱ་ནག་ཉམས་ཞིབ་པ་སི་སོར་ཞེས་པ་ཞིག་གིས་བཤད་པ་ལྟར་ན། ཟླ་བ་འདིའི་མགོ་སྟོད་དུ་ཨ་རི་དང་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ཚོས་ཨ་མི་རི་ཀའི་རིག་དངོས་བདག་དབང་ལ་རྒྱ་ནག་གིས་སྲུང་སྐྱོབ་བྱ་རྒྱུ་དང་རྒྱ་ནག་གིས་ཨ་མི་རི་ཀའི་ཞིང་ལས་ཐོན་སྐྱེད་ནང་འདྲེན་བྱ་རྒྱུ་མང་དུ་གཏོང་དགོས་པ། རྒྱ་ནག་གི་ནོར་སྲིད་ཁྲོམ་ར་རྣམས་ཨ་མི་རི་ཀར་སྒོ་འབྱེད་བྱ་རྒྱུ། དེ་ལྟར་བྱུང་ན་ཕྱི་ཟླ་༡༢་པར་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་འཕར་མ་འགེལ་རྒྱུ་འཕར་འགྱངས་བྱ་ཆོག་ཅེས་གྲོས་བསྡུར་བྱས་་འདུག སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ལིའུ་ཧེ་ལ་བལྟས་ནས་ཚོང་ལས་གྲོས་མཐུན་གསར་པ་ཞིག་འཇོག་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད། ཁོ་པས་ཕྱི་ཟླ་༡༢་པའི་ཚེས་༡༥་ནས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་འཆར་གཞི་ཞིག་ཡོད་པ་ཕྱིར་འཐེན་བྱེད་མེད་པ་ནི་ནང་འགལ་རེད་ཅེས་བཤད། བདུན་ཕྲག་སྔོན་མར་ཨ་རིའི་ནོར་སྲིད་དྲུང་ཆེ་མ་ནུ་ཆིན་གྱིས་ཕྱི་ཟླ་༡༢་པའི་ཚེས་༡༥་ནས་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སླར་ཡང་སྒོ་ཁྲལ་སྤར་དགོས་མིན་གྱི་ཐག་གཅོད་བྱས་མེད། འོན་ཀྱང་ང་ཚོས་གྲོས་མོལ་བྱས་ནས་གནད་དོན་དེ་ཚོར་གླེང་སློང་བྱ་ངེས་ཡིན་ཞེས་བཤད། ཕྱི་ཟླ་༡༢་པའི་ཚེས་༡༥་ནས་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སླར་ཡང་སྒོ་ཁྲལ་མ་སྤར་ན་རྒྱ་ནག་གིས་ཀྱང་ཨ་རིའི་སྲན་དཀར་དང་མ་རྨོས་ལོ་ཏོག ཤ་སོགས་ཞིང་འབྲོག་གི་ཐོན་སྐྱེད་ཁག་ཅིག་ལ་སྒོ་ཁྲལ་འཕར་མ་འགེལ་རྒྱུ་མིན་པའི་བརྡ་ཞིག་གཏོང་གི་ཡོད་པ་རེད།

སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གིས་ལོ་ལྟར་ཨ་སྒོར་ཐེར་འབུམ་༤༠་ནས་༥༠་ཙམ་གྱི་ཨ་རིའི་ཞིང་འབྲོག་གི་ཐོན་སྐྱེད་རྣམས་ནང་འདྲེན་བྱ་དགོས་ཟེར་གྱི་ཡོད་ཀྱང་རྒྱ་ནག་གིས་ལོ་ལྟར་ཨ་སྒོར་ཐེར་འབུམ་༢༠་ཐམ་པའི་ཨ་རིའི་ཞིང་འབྲོག་གི་ཐོན་སྐྱེད་རྣམས་ནང་འདྲེན་བྱེད་ཆོག མ་འོངས་པར་ཁྲོམ་རའི་དགོས་མཁོར་གཞིགས་ནས་རྒྱ་ནག་གིས་ཨ་མི་རི་ཀའི་ཞིང་འབྲོག་གི་ཐོན་སྐྱེད་ནང་འདྲེན་བྱ་རྒྱུ་མང་དུ་གཏོང་ཆོག་ཟེར། རྒྱ་ནག་གིས་ཨ་མི་རི་ཀའི་རིག་དངོས་བདག་ལ་སྲུང་སྐྱོབ་བྱེད་ཀྱི་མེད་པ་དང་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པ། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ལག་རྩལ་རྒྱ་ནག་གིས་བཙན་འཕྲོག་བྱེད་ཀྱི་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཕྱོགས་གཉིས་ཀྱི་ཚོང་ལས་གྲོས་མོལ་གསར་པ་ཞིག་བྱ་དགོས་པའི་མགོ་བརྩམས། རྒྱ་ནག་གིས་ཨ་མི་རི་ཀའི་རིག་དངོས་བདག་དབང་ལ་སྲུང་སྐྱོབ་བྱ་རྒྱུ་དང་འཕྲུལ་རིག་ལག་རྩལ་བཙན་འཕྲོག་བྱ་རྒྱུ་མིན་པ། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་ཡོང་ཐབས་སུ་ཨ་རིའི་དངོས་ཟོག་ནང་འདྲེན་བྱ་རྒྱུ་མང་དུ་གཏོང་ཆོག་ཅེས་ཁས་ལེན་བྱས་མེད་ཅིང་། ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དམག་དེའི་འབྱུང་རྩ་ནི་གོང་གི་གནད་དོན་དེ་དག་ལ་ཐུག་ཡོད་པས་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀས་ཚོང་དམག་གི་འབྱུང་རྩ་འདིར་གྲོས་བསྡུར་བྱས་ནས་ཐག་གཅོད་བྱེད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།

ཉམས་ཞིབ་པ་མང་པོ་ཞིག་གིས་ལོ་རྗེས་མར་ཨ་མི་རི་ཀར་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད། སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་ལ་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་པའི་ཆེད་དུ་རྒྱ་ནག་ལ་མཁྲེགས་འཛིན་གྱི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པར་འགྱུར་བ་བཏང་སྟེ་རྒྱ་ནག་གིས་ཨ་མི་རི་ཀའི་ཞིང་ལས་ཐོན་སྐྱེད་མང་ཙམ་ནང་འདྲེན་བྱ་རྒྱུའི་ཁས་ལེན་བྱས་ཚེ། ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་མཚམས་འཇོག་བྱ་སྲིད། དེ་ནས་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གིས་ཀྱང་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་ལོ་དེར་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་ཚོང་དམག་རྒྱུན་འཁྱོངས་བྱ་མི་སྲིད་པའི་ཁོག་རྩིས་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་མགོ་སྟོད་དེར་ཨ་རིའི་ཚོང་དོན་གྲོས་མོལ་འགོ་བ་ལཱ་ཡེ་ཊི་ཧར་ཛར་དང་ནོར་སྲིད་དྲུང་ཆེ་མ་ནུ་ཆིན་གཉིས་རྒྱ་ནག་ལ་ཚོང་དོན་གྲོས་མོལ་བྱེད་དུ་ཕེབས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་ཨ་རིའི་ནོར་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་རྣམ་པ་རྒྱ་ནག་ལ་ཕེབས་རྒྱུའི་འཆར་གཞི་གཏན་འབེབས་བྱས་མེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། གང་ལྟར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གིས་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས། མི་མང་གི་ལས་ཀ འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་དང་ཚོང་ལས་བཅས་ལ་དོ་ཕོག་འགྲོ་ཡི་ཡོད་པ་རེད།

XS
SM
MD
LG