ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་དང་རྒྱ་མི་རིགས་ཀྱི་ཁ་འཐོར་སྤྱི་ཚོགས།


རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་འཛམ་གླིང་ཡུལ་གྲུ་གང་སར་གཞིས་ཚུགས་ཡོད་པའི་རྒྱ་མི་རིགས་ཀྱི་ཁ་འཐོར་སྤྱི་ཚོགས་ཀྱི་ཚོགས་སྡེ་སྟོང་ཕྲག་མང་པོར་འབྲེལ་བ་ཡར་རྒྱས་བཏང་སྟེ། པེ་ཅིང་གི་ཁེ་ཕན་སྒྲུབ་ཐབས་དང་རྒྱ་ནག་གི་སྲིད་ཇུས་ལ་རྒྱལ་སྤྱིའི་ཐོག་ཏུ་རྒྱབ་སྐྱོར་འཐོབ་ཐབས་ཀྱི་ལས་དོན་བསྒྲུབ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག དཔེར་ནརྒྱ་ནག་གཞུང་གིས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འབྲེལ་བ་བརྒྱུད་ནས་ཕྱི་རྒྱལ་དུ་གནས་འཁོད་རྒྱ་ནག་གི་དམངས་གཙོ་དོན་གཉེར་བའི་ལས་འགུལ་ཁག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་དུ་འཇུག་རྒྱུདང་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་རྒྱུ། ཕྱིའི་རྒྱལ་ཁབ་ཁག་གི་གསང་བའི་གནས་ཚུལ་རྣམས་བསྡུ་རུབ་བྱས་ནས་རྒྱ་ནག་ལ་མཁོ་སྤྲོད་བྱ་རྒྱུ། ཕྱི་རྒྱལ་གྱི་འཕྲུལ་རིག་ལག་རྩལ་རྣམས་ལྐོག་ཏུ་རྒྱ་ནག་ལ་མཁོ་སྤྲོད་བྱ་དགོས་པའི་ལས་འགུལ་སྣ་མང་ཞིག་སྤེལ་གྱི་ཡོད་པ་རྩད་གཅོད་བྱུང་ཡོད་པ་སྟེ། ྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་འགུལ་འདི་དམངས་གཙོའི་རྒྱལ་ཁབ་ཁག་གིས་དོགས་ཟོན་ནན་པོ་དང་དེ་ལ་འགོག་རྒོལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་དགོས་ཀྱི་འདུག་ཅེས་ཨོ་གླིང་རྒྱལ་ཁབ་ཀྱི་འཐབ་ཇུས་ཞིབ་འཇུག་ཁང་གིས་སྙན་ཐོ་གསར་པ་ཞིག་བཏོན་འདུག

ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་ལ་འབྲེལ་བ་ཡོད་པའི་ཚོགས་པ་དང་སྐྱེ་བོ་སྒེར་པ་ཇི་སྙེད་ཅིག་གིས་དམངས་གཙོའི་རྒྱལ་ཁབ་ཁག་གི་ཆབ་སྲིད་ལ་ཐེ་གཏོགས་དང་སློབ་ཆེན་ཁག་ལ་རང་དབང་གི་ཤེས་ཡོན་སློབ་གསོའི་ལམ་ལུགས་ཤིག་དར་ཡོད་པར་ཤུགས་རྐྱེན་ཐེབས་ཐབསནུབ་ཕྱོགས་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་ཚོང་ལས། དམག་དོན་སོགས་ཀྱི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་བྱས་ནས་རྒྱ་ནག་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ། དམངས་གཙོའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་ལ་འབྲེལ་བ་ཡོད་པའི་ཚོགས་པ་དང་སྐྱེ་བོ་སྒེར་པ་ཁག་ལསྔོན་ཆད་བྱུང་མྱོང་མེད་པའི་བརྟག་ཞིབ་བྱ་དགོས་བྱུང་ཞིང་། རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་ལ་འབྲེལ་བ་ཡོད་པའི་ཨོ་གླིང་རྒྱལ་ཁབ་ཀྱི་ཚོང་པའི་མཐུན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་རྒྱལ་ཁབ་དེའི་ཆབ་སྲིད་ལ་ཐེ་གཏོགས་དང་རྒྱ་ནག་གི་དགོས་དོན་བསྒྲུབས་པའི་ཉེས་འཛུགས་ཕོག ཨ་མི་རི་ཀས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཚན་རིག་པའི་མཐུན་ཚོགས་ཀྱི་མཐོ་རིམ་ཚོགས་མི་གཉིས་ལ་འཕྲུལ་རིག་ལག་རྩལ་རྐུ་འཁྱེར་གྱི་ནག་ཉེས་བཙུགས་ནས་ཁྲིམས་ཁང་ལ་གཏུགས། འདས་པའི་ལོ་མང་རིང་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཁུང་ཙིའི་སློབ་གླིང་ཁག་གིས་ཨ་མི་རི་ཀ་དང་ཨོ་གླིང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སློབ་ཆེན་ཁག་ལ་རང་གི་ཐུན་མོང་མ་ཡིན་པའི་ཤེས་ཡོན་སློབ་གསོ་དང་རང་དབང་གི་ཞིབ་འཇུག་ལམ་སྲོལ་ཞིག་དར་ཡོད་པ་རྣམས་སྒྱུར་ཐབས། དམངས་གཙོའི་རྒྱལ་ཁབ་ཁག་གི་སློབ་ཆེན་དེ་ཚོར་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་རྣམས་ཁྱབ་སྤེལ་བྱ་ཐབས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་ནི་རྩོད་གཞི་ཆེན་པོ་ཞིག་ཏུ་གྱུར།།

རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་ལ་འབྲེལ་བ་ཡོད་པའི་ཕྱི་འགྲིམ་སློབ་ཕྲུག་དང་མཁས་པ་ཚོས་ཨོ་གླིང་རྒྱལ་ཁབ་དང་ཁེ་ན་ཌ། ཨ་མི་རི་ཀདང་དབྱིན་ཇིཨར་ཆིན་ཊི་ན་དང་ཉི་ཧོང་། ཡུ་རོབ་ཀྱི་ཅེཀ་སྤྱི་མཐུན་རྒྱལ་ཁབ་སོགས་ཀྱི་སློབ་ཆེན་ཁག་ཏུ་ཚོགས་པ་བཙུགས་ནས་རྒྱལ་ཁབ་དེ་དག་གི་མཁས་པའི་ཞིབ་འཇུག་དང་ཆེད་རྩོམ་སྒྲོགས་སྦྱང་། གཏམ་བཤད་ཀྱི་རང་དབང་སོགས་ལ་བཀག་སྡོམ། ཕྱི་རྒྱལ་གྱི་སློབ་ཆེན་ཁག་ཏུ་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་དང་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་གླེང་སློང་ ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་འཕྲིན་དང་བོད་དོན་ཁྱབ་སྤེལཐེ་ཝན་རང་བཙན་དང་ཞིན་ཅང་གི་ཡུ་གུར་བའི་རང་དབང་འཐབ་རྩོད། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ལས་འགུལ་སོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་ངོ་རྒོལ། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་ཇུས་དང་ལྟ་བརྒྱ་ནག་གི་ལངས་ཕྱོགས་རྣམས་ཕྱི་རྒྱལ་གྱི་སློབ་ཆེན་ཁག་ལ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པས་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཕལ་མོ་ཆེས་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་རྣམས་སྒོ་རྒྱག་པའམ། ཡང་ན་ཁུང་ཙིའི་སློབ་གླིང་ལ་འབྲེལ་བ་རྒྱུན་འཁྱོངས་བྱེད་མཁན་སློབ་ཆེན་ཁག་ལ་འབྲེལ་ཡོད་རྒྱལ་ཁབ་ཁག་གི་སྲིད་གཞུང་དེ་ཚོས་འགྲོ་གྲོན་ཁག་ཅིག་གཅོད་ཀྱི་ཡོད་ཅིང་། ལྷག་པར་དུ་ཨ་མི་རི་ཀའི་གཞུང་གིས་རང་ཡུལ་གྱི་སློབ་ཆེན་ཁག་ཏུ་ཨ་རིའི་དམག་དོན་ཚན་རིག་དང་འཕྲུལ་རིག་ལག་རྩལ། ནད་འབུ་བཅས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པའི་ཚན་ཁག་དེ་ཚོས་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ལ་འབྲེལ་བ་འཛིན་མི་ཆོག གལ་སྲིད་ཨ་རིའི་སློབ་ཆེན་ཁག་གི་ཚན་ཁག་དེ་ཚོས་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ལ་འབྲེལ་བ་འཛིན་ན་ཨ་རིའི་གཞུང་གིས་སློབ་ཆེན་དེ་དག་གི་ཚན་ཁག་དེ་ཚོར་རོགས་དངུལ་གཅོད་དགོས་པའི་ཐག་བཅད་འདུག

ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་ལ་དོགས་ཟོན་བྱ་དགོས་པའི་གནས་ཚུལ་གསར་པ་ཞིག་ནི་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དུས་སུ་བྱུང་འདུག སྔ་ལོ་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་ནས་ཉིན་ཤས་རྗེས་སུ་ཨོ་གླིང་རྒྱལ་ཁབ་དང་ཁེ་ན་ཌ། དབྱིན་ཇི་དང་ཨ་རིཨར་ཆིན་ཊི་ན་དང་ཉི་ཧོང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་བཅས་སུ་བཙུགས་ཡོད་པའི་རྒྱ་ནག་གི་ཕྱི་སྡོད་རྒྱལ་གཅེས་སྤུན་ཟླའི་མནའ་འབྲེལ་ཚོགས་པ་དང་རྒྱ་ནག་གི་ཕྱི་འགྲིམ་སློབ་ཕྲུག་གི་མཐུན་ཚོགས། ཕྱི་རྒྱལ་གྱི་རྒྱ་ནག་པའི་ཁ་འཐོར་ཚོགས་སྡེ་ཁག་ལ་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་སྐུལ་སློང་བྱས་ནས་ཚོགས་སྡེ་དེ་དག་གིས་ཁ་རས་དང་དུག་སེལ་འདག་ཆུ། སྨན་ཁང་གི་ཡོ་བྱད་དང་དབུགས་གཏོང་འཕྲུལ་ཆས་སོགས་སྡེབ་ཉོ་བྱས་ནས་རྒྱ་ནག་ལ་བཏང་ཞིང་། རྒྱ་ནག་གཞུང་གིས་ཕྱི་སྡོད་རྒྱལ་གཅེས་སྤུན་ཟླའི་མནའ་འབྲེལ་མཐུན་ཚོགས་ནི་རྒྱ་ནག་དང་ཕྱིའི་རྒྱལ་ཁབ་ཁག་གི་བར་གྱི་ཟམ་པ་ལྟ་བུ་ཞིག་ཡིན། རྒྱ་ནག་གི་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ལས་དོན་ལ་ཕྱི་སྡོད་རྒྱལ་གཅེས་སྤུན་ཟླའི་མནའ་འབྲེལ་མཐུན་ཚོགས་ཀྱིས་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་སོང་ཞེས་བསྔགས་བརྗོད་བྱས་ཤིང་ དེས་ན་ཕྱིས་སུ་ཨ་མི་རི་ཀ་སོགས་ལ་ཏོག་དབྱིབས་རིམས་ནད་ཁྱབ་པའི་དུས་སུ་ཁ་རས་དང་དུག་སེལ་འདག་ཆུ། སྨན་ཁང་གི་ཡོ་བྱད་དང་དབུགས་གཏོང་འཕྲུལ་ཆས་སོགས་འདང་ངེས་མེད་པར་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་པའི་འབྱུང་རྩའང་གང་ལ་ཐུག་ཡོད་པ་ར་འཕྲོད་ཡོད་པ་རེད།

རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་བཀོད་འདོམས་ལྟར་རྒྱ་མི་རིགས་ཀྱི་ཁ་འཐོར་ཚོགས་སྡེ་ཁག་གིས་སྨན་ཆས་སྡེབ་ཉོ་བྱས་ནས་རྒྱ་ནག་ལ་བཏང་བ་དེས་ཕྱིའི་རྒྱལ་ཁབ་ཁག་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ལས་དོན་ལ་གནོད་པ་སྐྱེལ་ཐུབ་ཡོད་མེད་ཐེ་ཚོམ་གྱི་གནས་སུ་ཟད། འོན་ཀྱང་དམངས་གཙོའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དེ་རྣམས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཤུགས་རྐྱེན་ལ་ཧང་སང་དགོས་པ་དང་དེའི་ལས་དོན་སྒྲུབ་ཕྱོགས་ལ་ནུས་པ་ཅི་ཙམ་ཐོན་ཡོད་པ་དེར་ཡ་མཚན་དགོས་པ་ཞིག་ཏུ་གྱུར་འདུག ཉམས་ཞིབ་པ་ཚོས་དམངས་གཙོའིརྒྱལ་ཁབ་ཁག་གིས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཕྱི་རྒྱལ་ལ་ཐེ་གཏོགས་ཅི་ཙམ་བྱེད་ཀྱི་ཡོད་མེད་དང་གསང་ཉུལ་གྱི་ལས་དོན་སྒྲུབ་ཕྱོགས། རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལམ་ལུགས་དང་མ་ལག་རྣམས་ངོས་ཟིན་ནས་དེ་ལ་ཁ་གཏད་གཅོག་པའི་སྲིད་ཇུས་ཤིག་འཛིན་རྒྱུ་གནད་འགག་ཆེན་པོ་རེད་ཅེས་གླེང་། ད་ལོ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་བའི་རྗེས་སུ་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་ཁང་ཉེན་ཁ་ཆེན་པོཞིག་ཡིན་པར་དོ་སྣང་བྱུང་། དེ་རིང་གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་རྙིང་ཞེན་ཅན་༡༥༠་ཐམ་པས་རྒྱལ་ཡོངས་བདེ་འཇགས་འཐབ་ཇུས་ཞེས་པའི་གྲོས་གཞི་ཞིག་མཚམས་སྦྱོར་བྱ་རྒྱུ། གྲོས་གཞི་དེར་རྒྱ་ནག་ཕྱི་ནང་གཉིས་སུ་ལས་དོན་སྒྲུབ་བཞིན་པའི་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་མཐོ་རིམ་ལས་སྣེ་ཚོར་ཨ་མི་རི་ཀས་འགྲིམ་འགྲུལ་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་དགོས་ཞེས་བཀོད་ཡོད་པ་རེད།།

XS
SM
MD
LG