ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༣/༢༣

རྒྱ་ནག་གིས་ཧིན་བོད་ས་མཚམས་སུ་མཚོན་ཆ་གསར་པའི་རིགས་འགྲེམ་འཇོག 


༄༅།། རྒྱ་དཀར་ནག་གཉིས་ཀས་ཧིན་བོད་ས་མཚམས་ཀྱི་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་དང་སྔ་ལོ་གྷལ་ཝན་ལུང་གཤོང་དུ་འཐབ་འཁྲུག་ལངས་ཏེ་མི་གསོད་ཁྲག་སྦྱོར་བྱུང་བའི་འཁོན་འཛིང་རྣམས་ཞི་ཐབས་བྱེད་ཀྱི་ཡོད་པ་ནི་འགྲུབ་དཀའ་བ་ཞིག་ཏུ་སྣང་། ཉེ་ཆར་རྒྱ་ནག་གིས་བོད་ཀྱི་ས་མཐོའི་དམག་ས་སོགས་ནུབ་ཕྱོགས་ཀྱི་དམག་དཔུང་ལ་མཚོན་ཆ་གསར་པ་བཀྲམ། དཔེར་ན་ཧིན་བོད་ས་མཚམས་ཀྱི་རྒྱ་དམག་ལ་མེ་སྒྱོགས་གནམ་བླུག་གསར་པ་རིགས་བཞི་པ་དང་རང་འགུལ་མདེལ་ཆེན་མེ་སྒྱོགས། ཕར་རྒོལ་ལྕགས་ཁྲབ་རླངས་འཁོར་དང་སྡེབ་འཕེན་རྒྱང་སྙོབ་འཕུར་མདེལ་མཚོན་ཆ། རྒྱ་དམག་ལ་མུན་མཐོང་རྒྱང་ཤེལ་སོགས་བཀྲམ་སྟེ་མཚན་ལ་དམག་འཐབ་བྱེད་ཐུབ་པའི་སྦྱོང་བརྡར་དང་མཚོན་ཆ་ཡར་རྒྱས། ༢༠༡༩་ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་དུ་སྤོབས་ངོམ་བྱས་པའི་འཕུར་མདེལ་གསར་པ་རྣམས་ཧིན་བོད་ས་མཚམས་སུ་མཁོ་འགྲེམ། རྒྱ་ནག་གི་ནུབ་ཕྱོགས་དམག་དཔུང་གི་འཕུར་མདེལ་དཔུང་སྡེའི་སྟོབས་ཤུགས་ཆེ་རུ་བཏང་ཞིང་། ལི་ཅུན་ཞེས་པའི་དམག་མི་ཞིག་གིས་ང་ཚོར་མཚོན་ཆ་གསར་པ་བཀྲམ་པ་དེར་དགའ་བཞིན་ཡོད། མཚོན་ཆ་འདི་ཚོ་མགྱོགས་མྱུར་ངང་དུ་བཀོལ་སྤྱོད་བྱེད་ཐུབ་པ་དང་སྐྱེལ་འདྲེན་བདེ་པོ། ང་ཚོའི་དམག་འཐབ་ཀྱི་སྟོབས་ཤུགས་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་སོང་ཞེས་རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་གི་གསར་འགོད་པར་བཤད། རྒྱལ་སྤྱིའི་རྒྱལ་སྲུང་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཁེ་རི་སི་ཨོ་སི་བྷོན་གྱིས་ཀྱང་རྒྱ་ནག་གིས་བཀྲམ་པའི་མཚོན་ཆ་གསར་པ་དེ་རྣམས་ས་མཐོ་དང་རྫ་རི་བྲག་རི་སོགས་ལ་ཧ་ཅང་གི་ཕན་ཐོགས་ཆེན་པོ་རེད། ད་ལྟའི་མཚོན་ཆ་གསར་པ་མེད་ན་མཐོ་ས་ནས་དམའ་སར་འཐབ་རྒོལ་བྱེད་དགོས་པ་དང་དམའ་ས་ནས་མཐོ་སར་འཐབ་རྒོལ་བྱེད་དགོས་ཀྱང་ཁག་པོ་རེད་ཅེས་བསྟན།།

བོད་མཐོ་སྒང་གི་དམག་ས་ཁག་ཏུ་རྒྱ་ནག་གི་ཐད་འཕུར་གནམ་གྲུས་མེ་སྒྱོགས་དང་མེ་ཤུགས་འཕུར་མདེལ་སོགས་སྐྱེལ་འདྲེན་བྱས་ཀྱང་དམག་ས་ནས་ཕར་ཚུར་འོར་འདྲེན་བྱེད་དཀའ། རྒྱ་ནག་གཞུང་གིས་གསར་དུ་བཀྲམ་པའི་མཚོན་ཆ་རྣམས་ལྷུ་ལག་བཤིག་སྟེ་འཁྱེར་བདེ་པོ་དང་མྱུར་དུ་ལྷུ་ལག་སྒྲིག་ཐུབ་པ། སྒྱོགས་མདེལ་ཡང་ཆེན་པོ་ཡིན་པས་གཏོར་རྒོལ་གྱི་ནུས་པ་ཆེ་བ་བཅས་ཡིན་ཞིང་། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་རང་འགུལ་མེ་སྒྱོགས་གནམ་བླུག་དེ་རྣམས་འཁོར་ལོ་བཞི་ཅན་གྱི་རླངས་འཁོར་ཐོག་ཏུ་སྐྱེལ་འདྲེན་བྱེད་ཐུབ། མཚོན་ཆ་འདི་མཁའ་དབུགས་ཤིན་ཏུ་སྲབ་པའི་ཧི་མ་ལ་ཡའི་གངས་ཁྲོད་དུ་དགེ་མཚན་ཆེན་པོ་ཡོད། ཞིན་ཅང་དམག་དཔུང་བཀོད་འདོམས་ཁང་གི་དམག་དཔུང་གི་མཚོན་ཆ་རྣམས་ཕྱོགས་ཡོངས་ནས་དེང་རབས་ཅན་ལ་བསྒྱུར་ཏེ་དམིགས་བསལ་གྱི་ས་མཐོའི་དམག་འཐབ་ཀྱི་མཐུན་རྐྱེན་རྣམས་སྦྱོར་གྱི་ཡོད་ཅེས་གནས་ཚུལ་སྤེལ། བདུན་ཕྲག་སྔོན་མར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་སྔ་ལོ་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀ་འཐབ་འཁྲུག་བྱུང་བའི་ལན་ཁག་ནི་རྒྱ་ནག་ལ་ཡོད། གལ་སྲིད་ཧི་མ་ལ་ཡའི་གངས་འདབས་ཀྱི་ཧིན་བོད་ས་མཚམས་ཡོངས་ལ་ཞི་བདེ་བརྟན་ལྷིང་ཞིག་བསྐྲུན་མ་ཐུབ་ན་དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་ཆེན་པོ་འབྱུང་ཤས་ཆེ་ཞེས་བཤད་པའི་གནས་ཚུལ་ཐོན་མོད། འོན་ཀྱང་ན་ནིང་ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོར་གྷལ་ཝན་ལུང་གཤོང་དུ་རྒྱ་གར་བའི་དམག་མི་༢༠་དང་རྒྱ་ནག་གི་དམག་མི་༤་ལ་སྲོག་སྐྱོག་ཕོག རྒྱ་དཀར་ནག་གི་དམག་དོན་མི་སྣ་ཚོས་གྲོས་མོལ་ཐེངས་༡༡་བྱས་ཀྱང་ཕྱོགས་གཉིས་ཀས་ཧིན་བོད་ས་མཚམས་སུ་དམག་དཔུང་ཁྲི་ཚོ་མང་པོ་འགྲེམ་འཇོག་བྱེད་ཡོད་པ་རྣམས་ཉུང་འཕྲི་བྱེད་ཐུབ་ཀྱི་མེད་པ་རེད།།

སྤང་ཀོང་མཚོ།
སྤང་ཀོང་མཚོ།

༢༠༢༠་ལོར་རྒྱ་དཀར་ནག་གཉིས་ཧིན་བོད་ས་མཚམས་སུ་དམག་འཁྲུག་རྒྱག་གྲབས་བྱས་པ་དགུན་གྱི་གྲང་ངར་དང་ཁ་བ་སོགས་ཀྱིས་བཀག ད་ལྟ་དབྱར་དུས་སླེབས་ཀྱི་ཡོད་པས་ས་མཚམས་ཀྱི་ཁ་བ་དང་གངས་རྣམས་ཞུ་བཞིན་ཡོད་པ་དང་རྒྱ་དཀར་ནག་གི་དམག་དཔུང་རྣམས་སླར་ཡང་ཧིན་བོད་ས་མཚམས་སུ་གདོང་ཐུག་འབྱུང་སྲིད་པའི་ཉེན་ཁ་ཆེ། འདས་པའི་ལོ་དེར་ལ་དྭགས་ནས་ཨ་རུ་ན་ཅལ་མངའ་སྡེ་བར་དུ་རིང་ཚད་དབྱིན་ལེ་༢༡༦༧་གྱི་ས་མཚམས་ཁག་ཏུ་དམག་དཔུང་སྟོང་ཕྲག་མང་པོ་བཀྲམ། རྒྱ་དཀར་ནག་གཉིས་ཀས་སྤང་གོང་མཚོ་འགྲམ་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བཞག ཕྱི་ཟླ་༥་པའི་མགོ་སྟོད་དེར་རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པར་དམག་སྤྱི་ན་ར་ཝྭེན་གྱིས་དམག་དཔུང་ཕྱིར་འཐེན་བྱས་ཀྱང་ཛ་དྲག་ཞི་འཇམ་གཏོང་ཐུབ་མི་འདུག རྒྱ་གར་གྱི་དམག་མི་༥༠༠༠༠་ནས་༦༠༠༠༠་ཕྱོགས་གཉིས་ཀྱི་དབང་སྒྱུར་ས་ཐིག་ས་མཚམས་སུ་རང་སོར་འཇོག་དགོས་ཐུག་སོང་། རྒྱ་དཀར་ནག་གཉིས་ཀས་དམག་དཔུང་ཕྱིར་འཐེན་གྱི་གྲོས་མཐུན་ནི་ཡིག་ཐོག་ཏུ་བཀོད་པ་ལྟར་ལག་ལེན་བསྟར་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག ང་ཚོའི་གྲོས་མོལ་ཡང་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ད་ལྟའི་བར་དུ་ས་མཚམས་སུ་ཟིང་འཁྲུག་གང་ཡང་བྱུང་མ་སོང་། ཡིན་ནའང་དེ་ནི་དགུན་གྱི་གྲང་ངར་ཁྲོད་དུ་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་གདོང་ཐུག་བྱུང་མ་ཐུབ་པའི་སྟབས་ཀྱིས་རེད། རྒྱ་དཀར་ནག་གཉིས་ཀས་ས་མཚམས་སུ་སྐོར་གཡེང་བྱ་རྒྱུ་མཚམས་བཞག་སྟེ་དམག་དཔུང་རྣམས་གདོང་ཐུག་འབྱུང་མ་དགོས་པ་རེད། ད་ལྟ་དབྱར་འགོ་ཚུགས་ཀྱི་ཡོད་པས་ཀ་ར་ཀོ་རམ་གྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀས་སླར་ཡང་སྐོར་གཡེང་བྱ་རྒྱུ་མགོ་བརྩམས་སོང་ཞེས་བཤད་འདུག

རྒྱ་གར་གྱི་དམག་སྤྱི་གཞོན་པ་ཟུར་པ་ཧུ་དྷ་ཞེས་པ་ཞིག་གིས་ཀྱང་དབྱར་དུས་ས་མཚམས་སུ་འཁྲུག་རྩོད་འབྱུང་གི་རེད། དྲོད་བབས་པའི་རྗེས་སུ་ས་མཚམས་ལ་སྐོར་གཡེང་བྱས་ནས་ཕྱོགས་གཉིས་ཀ་དོགས་པ་ཆེ་རུ་སོང་། རྒྱ་དཀར་ནག་གི་དབང་སྒྱུར་ས་མཚམས་དེར་ས་ཐིག་གསལ་པོ་ཞིག་འཐེན་མེད་པས་མངའ་ཁོངས་ཀྱི་རྩོད་པ་འབྱུང་གི་ཡོད་པ་དང་ས་ཐིག་གི་རྩོད་པ་བྱུང་ནས་རྒོལ་འཛིང་འབྱུང་གི་ཡོད་པ་རེད། ན་ནིང་ཕྱི་ཟླ་༥་པའི་ནང་དུ་སྤང་གོང་མཚོ་དང་ཕྱི་ཟླ་༦་པའི་ནང་དུ་གྷལ་ཝན་ལུང་གཤོང་དུ་གདོང་ཐུག་བྱུང་བ་རེད་ཅེས་བཀྲལ། དམག་སྤྱི་གཞོན་པ་ཧུ་དྷ་ནི་༢༠༡༦་ལོར་རྒྱ་གར་བྱང་ཕྱོགས་ཀྱི་དམག་དཔུང་བཀོད་འདོམས་པ་ཡིན་པས་ལ་དྭགས་ཀྱི་ས་མཚམས་ཁག་ཏུ་པ་ཀི་སི་ཐན་དང་རྒྱ་ནག་གཉིས་ཀར་ཉམས་མྱོང་ཐོབ། ལོ་འདིའི་ཕྱི་ཟླ་གཉིས་པར་རྒྱ་གར་གཞུང་གིས་སྤང་གོང་མཚོ་འགྲམ་དང་གྷལ་ཝན་ལུང་གཤོང་གི་དམག་དཔུང་རྣམས་ཉུང་འཕྲི་བྱ་དགོས་པའི་གྲོས་མཐུན་བཞག་པར་དམག་དོན་མཁས་པ་ཚོ་དང་ཉམས་ཞིབ་པ་ཚོས་སྐྱོན་བརྗོད་བྱས་ཤིང་། ཁོ་ཚོས་ཆུ་ཚན་དང་གྷོ་ར། དྷེབ་སང་ཐང་གཤོང་སོགས་ཀྱི་དམག་དཔུང་རྣམས་ཕྱིར་འཐེན་ནམ། ཡང་ན་ཉུང་འཕྲི་བྱེད་ཐུབ་པའི་གྲོས་མཐུན་འཇོག་ཐུབ་མི་འདུག་ཅེས་བཤད། བདུན་ཕྲག་སྔོན་མར་རྒྱ་གར་གྱི་ཧིན་རྡུ་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༥་པའི་མགོ་སྟོད་དེར་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་དཔུང་ཐུག་གྲབས་བྱས་ཀྱང་རྒྱ་གར་གྱི་དམག་དོན་མི་སྣ་ཚོས་གནས་ཚུལ་དེ་བདེན་པ་མ་རེད་ཟེར། རྒྱ་གར་གྱི་དམག་དོན་མི་སྣ་ཞིག་གིས་ཧིན་རྡུ་ཉིན་རེའི་ཚགས་པར་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་དེས་རྒྱ་དཀར་ནག་གི་གྲོས་མོལ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པར་གཏོར་བརླག་གཏོང་ཐབས་ཤིག་ཡིན་སྲིད་ཅེས་དགག་པ་བརྒྱབ།།

རྒྱ་གར་གཞུང་གིས་ནི་མུ་ནས་པ་དམ་དར་ཆུ་བར་དུ་ཕུག་ལམ་ཞིག་བཟོ་སྐྲུན་བྱེད་ཀྱི་ཡོད་པ་དང་ཕུག་ལམ་དེ་འཛུགས་སྐྲུན་འགྲུབ་པའི་རྗེས་སུ་ཧི་མ་ཅལ་མངའ་སྡེ་དང་ལ་དྭགས་གཉིས་དགུན་གྱི་དུས་སུའང་འགྲིམ་འགྲུལ་དང་སྐྱེལ་འདྲེན་ཀྱི་འབྲེལ་བ་མཐུད་ཐུབ། དགུན་གྱི་དུས་སུ་ལ་དྭགས་ཀྱི་རྒྱ་ལམ་རྣམས་གངས་ཀྱིས་མནན་ནས་འགྲིམ་འགྲུལ་བྱེད་མི་ཐུབ་པ་དང་གནམ་གྲུ་ཡང་ཉི་མ་རེར་ཆུ་ཚོད་འགའ་ཤས་ལ་མ་གཏོགས་འཕུར་འབབ་བྱེད་མི་ཐུབ་པ། དེར་བརྟེན་རྒྱ་གར་གྱི་དམག་གིས་མཐའ་མཚམས་སུ་དབྱར་དགུན་སྟོན་དཔྱིད་ལ་གནས་སྡོད་ཐུབ་པའི་དམག་སྒར་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། དེ་བཞིན་རྒྱ་ནག་གིས་ཀྱང་ཞིན་ཅང་གི་ས་ཐོག་ཏུ་རྐང་དམག་དང་གནམ་དམག་མཉམ་འབྲེལ་གྱི་དཔུང་སྡེ་གསར་འཛུགས། ན་ནིང་ཕྱི་ཟླ་༡༠་ནས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལི་ཀྲའོ་ཅན་གྱིས་རྒྱ་གར་གྱི་དམག་གིས་ས་མཚམས་སུ་དམག་སྒར་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ཛ་དྲག་སློང་གཞི་ཞིག་རེད་ཅེས་སྐྱོན་བཙུགས། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་སི་ཊིམ་སན་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཡུ་པིན་ཧྲེང་གིས་རྒྱ་ནག་ལ་ཐེ་ཝན་དང་ཧོང་ཀོང་གི་གནད་དོན་སོགས་དཀའ་ངལ་མང་དག་ཅིག་འཕྲད་བཞིན་འདུག རྒྱ་གར་གྱིས་ཨ་མི་རི་ཀར་འབྲེལ་བ་ཡག་ཏུ་བཏང་སྟེ་ཝ་ཤིང་ཊོན་དང་ལྡི་ལི་གསར་པའི་འབྲེལ་བ་ཡར་རྒྱས་འགྲོ་བཞིན་པར་རྒྱ་ནག་མ་དགའ་བར་རྒྱ་གར་ལ་འཁྲུག་རྩོད་སློང་གི་ཡོད་པ་རེད། རྒྱ་ནག་གིས་རྒྱ་གར་ལ་དམག་འཁྲུག་ཆེན་པོ་ཞིག་རྒྱག་མི་ཐུབ། ཁོ་ཚོས་རྒྱ་གར་གཞུང་ལ་ཨ་མི་རི་ཀ་ནི་ཡིད་རྟོན་རུང་བའི་མཐུན་གྲོགས་ཤིག་མིན་པ་ངོ་འཕྲོད་དུ་འཇུག་གི་ཡོད་པ་རེད། རྒྱ་ནག་གི་དམིགས་ཡུལ་གཙོ་བོ་དེ་རྒྱ་གར་དང་ཨ་མི་རི་ཀའི་འབྲེལ་བ་ཡར་རྒྱས་འགྲོ་བཞིན་པ་དེར་འགལ་རྐྱེན་སློང་ཐབས་རེད་ཅེས་བཤད་འདུག

XS
SM
MD
LG