ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་ནག་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ཁང་དག་གིས་རྒྱལ་ཁབ་ཀྱི་གསང་བ་རྐུ་ཁྱེར་བྱེད་བཞིན་འདུག་ཅེས་ཉེན་བརྡ་བཏང་འདུག


༄༅། །པེ་ཅིང་གཞུང་གིས་རྒྱ་ནག་ཏུ་གནས་སྡོད་ཕྱི་རྒྱལ་གྱི་བློ་འདོན་བཟོ་ཚོང་ཁང་དག་གིས་རྒྱལ་ཁབ་ཀྱི་གསང་བ་དང་ཚོང་ལས་ཀྱི་གནས་ཚུལ་བསྡུ་རུབ་བྱེད་ཐབས་བྱས་ནས་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པའི་ཉེན་བརྡ་བཏང་ཡོད་ཅིང་། ཉེན་བརྡ་དེ་ནི་ན་ནིང་ལོར་རྒྱ་ནག་གིས་ཡུལ་དེར་ཡོད་པའི་རྒྱལ་སྤྱིའི་བཟོ་ཚོང་ཁང་འགའ་ཤས་ལ་ཆེད་དམིགས་ཀྱིས་གློ་བུར་དུ་ཞིབ་བཤེར་བྱས་པའི་རྗེས་ལ་བཏང་བའི་ཉེན་བརྡ་ཞིག་ཡིན་པ་རེད།

བར་སྐབས་ཤིག་རིང་ལ་ནུབ་ཕྱོགས་ཀྱི་བཟོ་གྲྭ་ཁག་གིས་རྒྱ་ནག་ནི་ཚོང་ལས་གཉེར་ཡུལ་མཆོག་ཏུ་གྱུར་པ་ཞིག་ཏུ་འདོད་མྱོང་ཡོད་ཀྱང་། ད་ལྟ་བཟོ་ཚོང་ལས་ཁུངས་དེ་དག་གིས་རྒྱ་ནག་ཏུ་ཚོང་ལས་རྒྱུན་འཁྱོངས་བྱེད་ཐུབ་མིན་ཐད་བློ་འཚབ་བྱ་དགོས་པ་ཞིག་ཏུ་ཆགས་འདུག་པར་མ་ཟད། རྒྱ་ནག་དམར་ཤོག་གཞུང་གི་ཆེས་མཐོའི་གསང་བའི་ལས་དོན་འགོག་སྲུང་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གིས་ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ལ་བདག་ཚགས་བྱེད་པ་དང་བསྟུན་ནས་བྱེད་སྒོ་དེའི་ནང་ཆེད་ལས་མི་སྣའི་ཉེན་ཁར་གསལ་འདེབས་བྱ་རྒྱུར་འབད་བརྩོན་བྱེད་བཞིན་པ་དང་ཆབས་ཅིག། ཕྱི་རྒྱལ་གྱི་ལས་ཁུངས་ཁག་གིས་བློ་འདོན་ལ་ཁ་གཡར་ནས་ཚོང་དོན་དང་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱས་འདུག་ཅེས་བརྗོད་འདུག།

རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རེས་གཟའ་ཕུར་བུའི་ཉིན་ལ་སྐད་འཕྲིན་བརྒྱུད་ལམ་ཐོག་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་ཕྱི་རྒྱལ་གྱི་ལས་ཁུངས་དག་གིས་བློ་འདོན་བྱེད་སྒོ་ལ་ཁ་གཡར་ནས་གནས་ཚུལ་རྐུ་ཐབས་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་འདུག་ཅེས་འཁོད་ཡོད་པར་མ་ཟད། རྩོམ་ཡིག་དེའི་མཇུག་ཏུ་བརྙན་པར་དུས་ཚོད་སྐར་མ་དྲུག་ཅན་ཞིག་བཀོད་ཡོད་པའི་ནང་། ཕྱི་རྒྱལ་གྱི་བློ་འདོན་བཟོ་ཚོང་ཁང་ཞིག་གིས་རྒྱ་ནག་གི་བཟོ་ཚོང་ཁང་ཞིག་གི་གསང་བ་རྐུ་ཁྱེར་བྱེད་པའི་དཔེ་བརྗོད་ཅིག་ཡིན་པ་རེད།

འདས་པའི་ལོ་ངོ་གཅིག་གི་རིང་ལ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་དེས་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ཐོག་ཕྱི་རྒྱལ་གྱི་གསང་བའི་ལས་དོན་གྱི་ཉེན་ཁའི་ཐད་ནས་ཉེན་བརྡ་ལན་མང་བཏང་ཡོད་པར་མ་ཟད། མང་ཚོགས་ལ་དོགས་ཡོད་དེ་འདྲ་མཐོང་ཚེ་ཡར་ཞུ་བྱ་དགོས་པའི་སྐུལ་མ་ཡང་བཏང་འདུག། རྒྱ་ནག་གིས་བསྐྱར་བཅོས་བྱས་པའི་གསང་བའི་ལས་དོན་འགོག་སྲུང་གི་ཁྲིམས་ལུགས་དེ་༢༠༢༣ ལོའི་སྤྱི་ཟླ་བདུན་པའི་ནང་དངོས་སུ་ལག་ལེན་བསྟར་འགོ་ཚུགས་ཏེ། གསང་བའི་ལས་དོན་ཁྱབ་ཁོངས་རྒྱ་ཇེ་ཆེ་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་དབང་ཚད་ཇེ་ཆེར་བཏང་ཡོད་པ་རེད།

འདས་པའི་ལོ་གཅིག་གི་རིང་ལ་ཚོང་ཟོག་མཁོ་འདོན་རྒྱུན་ཐག་དེ་བཞིན་རྒྱ་ནག་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་སྤོས་པ་དང་བསྟུན་ནས་རྒྱ་ནག་ཏུ་མ་རྩ་འཛུགས་འཇོག་བྱེད་མཁན་གྱི་ཕྱི་རྒྱལ་གྱི་བཟོ་ཚོང་ཁང་ཇེ་ཉུང་དུ་ཕྱིན་ཡོད་པའི་ཐོག་རྒྱ་ནག་དབང་འཛིན་པས་ད་ཆ་གསང་བའི་ལས་དོན་འགོག་སྲུང་གི་ཁྲིམས་ལུགས་ལག་བསྟར་བཏང་བ་དང་། ཁེ་ལས་ཁག་གི་འགོ་ཁྲིད་དང་མི་གཞན་པ་རྣམས་རྒྱ་ནག་གི་ཕྱི་ལོགས་སུ་འགྲོ་མི་ཆོག་བཟོས་ཡོད་པ་དང་། དེ་ལས་ད་དུང་བློ་འདོན་བཟོ་ཚོང་ཁང་དང་བཟོ་ཚོང་ཁང་ཁག་ལ་གློ་བུར་ཞིབ་བཤེར་ཡང་བྱས་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་འགའ་ཤས་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན། བརྙན་པར་དེ་བཞིན་རྒྱ་ནག་ནང་ལོགས་ཀྱི་མང་ཚོགས་ལ་བསྟན་རྒྱུའི་ཆེད་དུ་ཡིན་པ་ལས། ཕྱིའི་རྒྱལ་ཁབ་ཁག་གི་བཟོ་ཚོང་ཁང་རང་ལ་དམིགས་པ་ཞིག་མ་རེད་ཅེས་བརྗོད་ཡོད་ཀྱང་། རྒྱ་ནག་གི་ཁྲོམ་རའི་ནང་འཛུལ་འདོད་ཡོད་མཁན་གྱི་ཕྱི་རྒྱལ་གྱི་ཁེ་ལས་ཁག་ལ་ར་བཤས་ན་ལུག་འདར་བའི་ཤུགས་རྐྱེན་ཡོང་རྒྱུ་རེད་ཅེས་བརྗོད་འདུག།

གླེང་སྟེགས།

XS
SM
MD
LG