ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༢

རྒྱལ་ཁབ་བདེ་འཇཊ་ཁྲིམས་གསར་དང་ཧོང་ཀོང་ཁྲིམས་འཛིན་སྤྱི་ཁྱབ་ཀྱི་ཉེན་བརྡ།


ཧོང་ཀོང་ཁྲིམས་འཛིན་སྤྱི་ཁྱབ་ཀྱིས་ཉེ་ལམ་ཧོང་ཀོང་ནས་བཏོན་པའི་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གསར་པ་དེར། དྲ་ཐོག་ནས་སྐྱོན་བརྗོད་བྱས་ན། རྒྱལ་ཁབ་བདེ་འཇཊ་སྲུང་སྐྱོབ་ཀྱི་དོན་ཚན་ལ་འགལ་སྲིད་པའི་ཉེན་བརྡ་བཏང་ཡོད་པ་དང་། སྤྱི་ཟླ་༣ པའི་ཚེས་༢༣ ཉིན་ལ་ལག་བསྟར་བྱས་པའི་ཁྲིམས་ལུགས་དེས་ངོ་ལོག་ཟིང་འཁྲུག་ལ་ངན་སྐུལ་བྱེད་ཐད་ཉེས་ཆད་ནན་མོ་གཅད་རྒྱུའི་དོན་ཚན་འཁོད་འདུག་ཅིང་། ཧོང་ཀོང་གཞི་རྩའི་ཁྲིམས་ལུགས་དོན་ཚན་༢༣ པ་གཞིར་བཟུང་གཏན་འབེབས་བྱས་པའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་དོན་ཚན་ཞེས་པ་དེའི་ཁོངས་སུ་རྒྱལ་ཁབ་ལ་ངོ་ལོག་གི་ནག་ཉེས་དང་། ངོ་ལོག་ཟིང་འཁྲུག་གི་ནག་ཉེས། གསང་བ་བརྐུས་འཁྱེར་སོ་མྱུལ་གྱི་ནག་ཉེས། གཏོར་བཤིག་གི་ནག་ཉེས། ཕྱིའི་ཐེ་ཇུས་ཀྱི་ནག་ཉེས་བཅས་ཁྲིམས་དང་འགལ་བའི་ནག་ཉེས་རིགས་༥ ལ་མང་མཐར་ཚེ་གང་བཙོན་འཇུག་གི་ཉེས་ཆད་གཅད་རྒྱུའི་དོན་ཚན་གསལ་འདུག།

རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་གསར་པའམ་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་དོན་ཚན་ཞེས་པ་དེ་ལས། དེ་སྔོན་ཧོང་ཀོང་གི་བདག་པོ་དབྱིན་ཇི་ཡིན་སྐབས་ངོ་ལོག་ཟིང་འཁྲུག་ལ་ངན་སྐུལ་གྱི་ནག་ཉེས་ཞེས་པ་དེ་ད་ཆ་རྒྱ་ཆེ་རུ་བཏང་ནས་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཚོར་སྡང་ཟུག་བྱ་རྒྱུར་ངན་སྐུལ་བྱས་ཚེ་མང་མཐར་ལོ་ངོ་བཅུའི་བཙོན་འཇུག་བཅད་ཁྲ་བཏང་ཆོག་པ་འཁོད་འདུག་པ་དང་། ཧོང་ཀོང་གི་སྤྱི་ཁྱབ་གྱིས་ད་ཆ་ཞོར་གཏོགས་ཁྲིམས་བཟོ་བརྒྱུད་ནས་ཉེས་ཆད་གསར་པ་ཁ་སྣོན་བྱ་ཆོག་ཅིང་། མང་ཤོས་ལོ་ངོ་བདུན་གྱི་བཅད་ཁྲ་གཏང་ཆོག་པ་བྱས་ཡོད་པར་མ་ཟད། ཁྲིམས་འཛིན་སྤྱི་ཁྱབ་ཀྱིས་ཕྱིའི་རྒྱལ་ཁབ་ཏུ་གནས་བཞུགས་ལས་འགུལ་བ་ཚོར་ཉེས་ཆད་གཅོད་པའི་བྱེད་ཐབས་ལག་ལེན་བསྟར་ཆོག་པའི་ཁོངས་ལས་དོ་བདག་གི་ཕྱི་བསྐྱོད་ལག་ཁྱེར་ཕྱིར་བསྡུ་བྱ་ཆོག་པ་བྱས་འདུག། དེ་བཞིན་ཉེན་རྟོག་པའི་དབང་ཆ་ཇེ་ཆེར་བཏང་སྟེ། ཉེས་འཛུགས་དངོས་སུ་མ་བྱས་པའི་སྔོན་དུ་དོགས་ཡོད་ཉེས་ཅན་ལ་དེ་སྔོན་དུས་ཚོད་༤༨ རིང་ལ་བཀག་སྐྱིལ་བྱེད་སྲོལ་དེ་ད་ཆ་ཉིན་གྲངས་༡༤ ཡི་རིང་ལ་བཀག་སྐྱིལ་བྱ་ཆོག་པ་བྱས་འདུག།

སྤྱི་ཟླ་༣ པའི་ཚེས་༢༤ རེས་གཟའ་ཉི་མའི་ཉིན། ཧོང་ཀོང་གི་ཁྲིམས་འཛིན་སྤྱི་ཁྱབ་ལིན་ཏིན་གོས་བརྙན་འཕྲིན་བཅར་འདྲི་ཞིག་གི་སྐབས་སུ། གལ་ཏེ་མི་ཞིག་གིས་དྲ་རྒྱའི་བརྒྱུད་ལམ་ནང་ཕྱི་རྒྱལ་དང་ཕྱི་རྒྱལ་དུ་གནས་བཞུགས་མི་སྣས་སྤེལ་བའི་སྐྱོན་བརྗོད་ཀྱི་སྐད་ཆ་ཞིག་ཁྱབ་སྤེལ་བྱས་ཚེ། ཁྲིམས་འགལ་ཆགས་སྲིད་ཅིང་། ཁྲིམས་འགལ་ཆགས་མིན་དོ་བདག་གི་ཀུན་སློང་ལ་རག་ལས་ཀྱི་རེད་ཅེས་བརྗོད་འདུག་པ་དང་། གནས་སྟངས་ཚབས་ཆེ་ཤོས་ཤིག་ལ། གང་ཟག་དེས་སྨྲ་བརྗོད་ག་གེ་མོ་ཞིག་ལ་མོས་མཐུན་ཡོད་པའི་རྐྱེན་ཀྱིས་ཁྱབ་སྤེལ་བྱས་པ་ཙམ་མ་ཟད། ད་དུང་དེའི་སྒང་ལ་དཔྱད་བརྗོད་སྣོན་མ་བརྒྱབ་ནས། དཔྱད་གཏམ་ཁ་སྣོན་བྱས་ཏེ་ཧོང་ཀོང་མི་མང་ལ་ངན་སྐུལ་དང་དབུས་གཞུང་ལ་སྡང་ཟུག་ལངས་འཇུག་པའི་གནས་སྟངས་ཆགས་སྲིད་པ་རེད། ཅེས་བརྗོད་འདུག། གནད་དོན་དབྱེ་ཞིབ་པ་ཚོས། ཧོང་ཀོང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཀྱིས་ཧོང་ཀོང་གི་སྲིད་དོན་ཁ་གཏད་ཚོགས་པ་དང་གཞི་རིམ་སྤྱི་ཚོགས་ཀྱི་ནུས་སྟོབས་ཉམས་ཆག་བཏང་ཞིང་། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་དོན་ཚན་ཞེས་པ་དེས་སྔར་ལས་ལྷག་པར་མི་དམངས་ཀྱི་རང་དབང་དང་ཁེ་དབང་ལ་ཚོད་འཛིན་བྱ་རྒྱུ་ངེས་གཏན་རེད། ཅེས་བརྗོད་འདུག།

རའེ་ཌར་སི་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཨ་མེ་རི་ཀ་དང་། ཡུ་རོབ། ཉི་ཧོང་། དབྱིན་ཇི་སོགས་རྒྱབ་ཁབ་ཁག་གིས་ཁྲིམས་ལུགས་དོན་ཚན་ཅན་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག་ཅིང་། དབྱིན་ཇིའི་ཕྱི་སྲིད་བློན་ཆེན་དྷེ་ཝེ་ཌི་ཁ་མེ་རོན་ David Cameron ལགས་ཀྱིས་ཁྲིམས་ལུགས་དེས་ཧོང་ཀོང་མི་དམངས་ཀྱི་ཁེ་དབང་དང་རང་དབང་ལ་སྔར་ལས་ལྷག་པར་དོ་ཕོག་གཏང་རྒྱུ་རེད་ཅེས་གསུངས་འདུག། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷུ་ལིན་ཁེན་ལགས་ཀྱིས་རེས་གཟའ་པ་སངས་ཉིན་ཁྲིམས་ལུགས་དེ་བཞིན་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་མགོ་རྡུང་སྤྲོད་བྱེད་དུ་བེད་སྤྱོད་གཏོང་སྲིད་པའི་ཐད་དོ་སྣང་ཆེན་པོ་ཡོད་ཅེས་གསུངས་ཡོད་པར་མ་ཟད། ཧོང་ཀོང་དེ་བཞིན་རྒྱལ་སྤྱིའི་ཚོང་འདུས་གྲོང་ཁྱེར་ཞིག་ཡིན་པའི་མཚན་སྙན་ལ་དོ་ཕོག་གཏང་སྲིད་པ་རེད། ཅེས་བློ་འཚབ་བསྟན་འདུག།

འོན་ཀྱང་། ཧོང་ཀོང་གི་སྤྱི་ཁྱབ་ལི་ཅ་ཁྲའོ་ཡིས་སྤྱི་ཟླ་༣ པའི་ཚེས་༢༢ ཉིན་ཁྲིམས་ལུགས་དེར་མིང་རྟགས་བཀོད་སྐབས། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་དོན་ཚན་ཞེས་བྱ་བ་ཁྲིམས་ལུགས་སུ་གཏན་འབེབས་བྱུང་བ་ནི་ལོ་རྒྱུས་ཀྱི་ངོ་བོ་ལྡན་པ་ཞིག་ཡིན་པ་དང་། དེ་ནི་ཧོང་ཀོང་དམིགས་བསལ་ས་ཁུལ་གྱིས་གཞི་རྩའི་ཁྲིམས་ལུགས་དོན་ཚན་༢༣ པའི་གཏན་འབེབས་གཞིར་བཟུང་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་དོན་ཚན་ས་གནས་སུ་ཁྲིམས་བཟོ་བའི་འོས་འགན་ཚུལ་བཞིན་བསྒྲུབས་ཤིང་། རྒྱལ་རབས་ལོ་རྒྱུས་ཀྱིས་བསྐོས་པའི་འོས་འགན་ལེགས་པར་གྲུབ་པའི་མཚོན་རྟགས་ཤིག་རེད། ཅེས་འགྲེལ་བརྗོད་བྱས་འདུག།

གླེང་སྟེགས།

XS
SM
MD
LG