ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་ནག་གིས་ཧིན་བོད་དང་བལ་བོད་ས་མཚམས་བཀག་སྟེ་ནད་དུག་སྔོན་འགོག 


༄༅།། ཨ་མི་རི་ཀ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ནས་འགྲིམ་འགྲུལ་སྒོ་འབྱེད་དང་སློབ་ཕྲུག་རྣམས་བསྐྱར་དུ་འཛིན་གྲྭར་མཉམ་ཚོགས། མི་དམངས་ཀྱི་ཉིན་རེའི་འཚོ་བ་ཡང་རྒྱུན་ལྡན་ཅན་དུ་འགྱུར་རྒྱུ་མགོ་རྩོམ་གྱི་ཡོད་ཀྱང་རྒྱ་ནག་གིས་ས་མཚམས་བཀག་སྡོམ་དང་གནམ་ཐང་ཁག་ཏུ་དུག་སེལ། ཕྱི་ནང་གི་འགྲོ་འོང་བཀག་སྡོམ། རྒྱ་ནག་གི་ས་གནས་གང་ཞིག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་རེ་ཟུང་ཞིག་ཐོན་ན་གྲོང་གསེབ་ཧྲིལ་པོ་དང་གྲོང་ཁྱེར་སོགས་སྒོ་བརྒྱབ་སྟེ་མི་གྲངས་ས་ཡ་མང་པོ་བཙོན་པ་ལྟར་རང་ཁྱིམ་དུ་བཀག་ནས་ནད་དུག་སྔོན་འགོག་གི་ལས་ཐབས་བསྟེན། རྒྱ་ནག་ལ་མི་འབོར་དུང་ཕྱུར་༡༤་ལྷག་ཡོད་པ་དེའི་མི་གྲངས་དུང་ཕྱུར་༣་ལྷག་ལ་མ་གཏོགས་འགོག་ཁབ་རྒྱག་ཐུབ་མེད་པ། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༥་པའི་ཚེས་༩་ཉིན་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་མི་༡༨་བྱུང་སོང་། ནད་དུག་དེ་དག་གི་འབྱུང་ཁུངས་ནི་ཕྱི་རྒྱལ་ནས་རྒྱ་ནག་ལ་ནང་ཁྱབ་བྱུང་བ་ཞིག་རེད་ཅེས་བཤད་ཀྱང་ཕྱིའི་རྒྱལ་ཁབ་གང་ནས་བྱུང་བ་སོགས་ཀྱི་འགྲེལ་བཤད་གསལ་པོ་ཞིག་མ་བརྒྱབ། ད་ལྟ་རྒྱ་ནག་གཞུང་གིས་ས་མཚམས་ཁག་དང་གནམ་ཐང་ཁག གྲོང་ཁྱེར་ཁག་ལ་ནད་ཡམས་སྔོན་འགོག་གི་བཀོད་ཁྱབ་གསར་པ་བཏང་ནས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འབྱུང་སྲིད་པར་སྔོན་འགོག་བྱ་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། ད་ལྟའི་ཆར་རྒྱ་ནག་གི་ས་ཐོག་ཏུ་ལས་དོན་སྒྲུབ་ཀྱི་ཡོད་པའམ། ཡང་ན་རྒྱ་ནག་ཏུ་གཏན་སྡོད་བྱེད་ཀྱི་ཡོད་པའི་ཕྱི་རྒྱལ་བ་ཚོ་ལས་ཕྱི་ལོགས་ཀྱི་འགྲུལ་པ་རྣམས་ཡོང་དུ་འཇུག་མེད་པ། རྒྱ་ནག་གཞུང་གིས་ཡོང་བཅུག་པའི་ཕྱི་རྒྱལ་བ་དེ་དག་གིས་ཁྲག་ལ་བརྟག་དཔྱད་བྱས་ནས་ཆུ་ཚོད་༢༤་ནང་དུ་ནད་རྟགས་སོགས་གང་ཡང་མ་ཐོན་པ་རྣམས་ཡོང་དུ་འཇུག་གི་ཡོད་པ་རེད།།

དེང་སྐབས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཐེངས་གཉིས་པ་ཁྱབ་གདལ་བྱུང་སྟེ་ཛ་དྲག་གི་གནས་སུ་ལྷུང་ཡོད་པས་རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་གྱི་ས་མཚམས་ཁག་ཏུ་སྔར་ལས་ལྷག་པའི་དམ་དྲག་ཆེ་རུ་བཏང་ཞིང་། རྒྱ་ནག་དམར་ཤོག་གི་འབྲེལ་ཡོད་ལས་སྣེ་ཚོར་རྒྱ་གར་དུ་ཁྱབ་ཀྱི་ཡོད་པའི་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་བོད་རང་སྐྱོང་ལྗོངས་ལ་ཁྱབ་ཏུ་འཇུག་མི་ཉན་ཞེས་བཀོད་ཁྱབ་ནན་པོ་བཏང་ནས་བློ་འཚབ་བྱེད་ཀྱི་ཡོད་པ་སྟེ། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་དབྱིང་ཅཱེས་བོད་དང་རྒྱ་གར་གྱི་ཧི་མ་ཅལ་དང་ཨུ་ཏར་ཁན་མངའ་སྡེ་སོགས་ཀྱི་ས་མཚམས་ཁག་ལ་དམག་མི་ཁ་སྣོན་བཏང་ནས་ཁྲིམས་འགལ་གྱི་འགྲུལ་བཞུད་སོགས་བཀག་སྡོམ་ནན་པོ་བྱེད་དུ་འཇུག་གི་ཡོད་པར་མ་ཟད། ཧིན་བོད་ས་མཚམས་སུ་བཀྲམ་པའི་རྒྱ་ནག་གི་མཐའ་མཚམས་སྲུང་དམག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་སྟེ་ནད་དུག་འགོས་ཁྱབ་ལ་དོ་གཟབ། བོད་རང་སྐྱོང་ལྗོངས་ལ་མི་འབོར་ས་ཡ་༣་དང་ཕྱེད་ཀ་ཡོད་པ་དེའི་ཁོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་མི་གཅིག་ཐོན་པ་ནི་ལོ་གཉིས་ཀྱི་སྔོན་ནས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་རང་ཁྱིམ་དུ་བཏང་བ་རེད་ཅེས་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་འདུག དེ་བཞིན་བོད་དང་བལ་ཡུལ་གྱི་ས་མཚམས་ཁག་ལའང་དམ་དྲག་ཆེ་རུ་བཏང་སྟེ་བལ་པོ་རྣམས་བོད་ཀྱི་ས་མཚམས་ཁག་ལ་ཐར་གྱི་མེད་པ། ཐ་ན་རྒྱ་ནག་གཞུང་གིས་ཇོ་མ་གླང་མའི་རྩེ་ལའང་བར་གྱང་བརྩིགས་ཏེ་བལ་བོད་གཉིས་ཀྱི་ས་མཚམས་དབྱེ་འབྱེད། རྒྱ་ནག་གཞུང་གིས་བལ་ཡུལ་ལ་ཁྱབ་ཀྱི་ཡོད་པའི་ཏོག་དབྱིབས་ནད་དུག་ཇོ་མོ་གླང་མའི་རྩེ་ནས་བྱང་ཕྱོགས་ཀྱི་བོད་ས་ཁག་ལ་ཁྱབ་སྲིད་པའི་དོགས་ཟོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

བོད་རང་སྐྱོང་ལྗོངས་ཀྱི་རྩེ་རིགས་འགྲན་སྡུར་ཁང་གི་འགན་འཛིན་ཉི་མ་ཚེ་རིང་གིས་ཞིན་ཧྭ་གསར་འགྱུར་ལས་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། རྒྱ་ནག་གི་འཆར་གཞི་དེ་བལ་ཡུལ་གཞུང་གིས་ཇོ་མོ་གླང་མའི་ལྷོ་ཕྱོགས་ནས་རི་འཛེག་པ་ཚོར་གངས་ལམ་སྒོ་ཕྱེ། བོད་རང་སྐྱོང་ལྗོངས་ཀྱི་རི་འཛེག་པ་རྣམས་ཇོ་མོ་གླང་མའི་བྱང་ཕྱོགས་ནས་གངས་རི་འཛེགས་ཏེ་མཐའ་མཇུག་ལྷོ་བྱང་གཉིས་ཀྱི་རི་འཛེག་པ་རྣམས་ཇོ་མོ་གླང་མའི་རྩེ་རུ་མཉམ་འཛོམ་བྱུང་ན་ནད་དུག་འགོ་སྲིད་པའི་ཉེན་ཁ་འདུག རྒྱ་ནག་གིས་ཇོ་མོ་གླང་མའི་རྩེ་རུ་བར་གྱང་བརྩིག་འཆར་ཡོད་པ་ནི་ལྷོ་བྱང་གཉིས་ཀྱི་རི་འཛེག་པ་རྣམས་ཇོ་མོ་གླང་མའི་རྩེ་རུ་མཉམ་འཇོམ་འབྱུང་སྲིད་པ་འགོག་ཐབས་ཤིག་རེད་ཅེས་བཀྲལ། སྔ་ལོ་ནས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་བ་རྣམས་བོད་ཀྱི་ཕྱོགས་ནས་ཇོ་མོ་གླང་མར་འཛེག་རྒྱུ་དང་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་ཡོད་ཚད་བཀག ༢༠༢༡་ལོའི་རི་འཛེག་དུས་ཚིགས་སྐབས་སུ་རྒྱ་ནག་གཞུང་གིས་རང་གི་སྤྱི་དམངས་ལ་ཇོ་མོ་གླང་མར་འཛེག་ཆོག་པའི་ཆོག་མཆན་༢༡་སྤྲད། ཉིན་ཤས་གོང་དུ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་ནས་ཇོ་མོ་གླང་མའི་རི་འདབས་བར་དུ་ཏོག་དབྱིབས་ནད་དུག་ཁྱབ་འདུག་ཅེས་གནས་ཚུལ་ཐོན་ནས་བཟུང་། རྒྱ་ནག་གཞུང་གིས་ཇོ་མོ་གླང་མའི་རི་རྩེར་བར་གྱང་བརྩིག་རྒྱུའི་ཐག་གཅོད་བྱས་ཤིང་། བོད་རང་སྐྱོང་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་ཇོ་མོ་གླང་མའི་བྱང་ཕྱོགས་སུ་རྒྱང་ཁད་མཱི་ཊར་༣༠༠་ལྷག་གི་གངས་འདབས་སུ་འགོག་ར་བརྒྱབ་སྟེ་ས་མཚམས་བཀག་ཡོད་པའི་གནས་ཚུལ་ཐོན། གཟའ་འཁོར་སྔོན་མར་བལ་ཡུལ་གཞུང་གིས་ཇོ་མོ་གླང་མའི་རི་འདབས་སུ་མི་༡༧་ལ་ཏོག་དབྱིབས་ནད་དུག་འགོས་འདུག་ཅེས་ཁྱབ་བསྒྲགས་བྱས་ཀྱང་རི་འཛེག་པ་༣༠་ཐམ་པར་ནད་དུག་འགོས། ཇོ་མོ་གླང་མའི་ལྷོ་ཕྱོགས་སུ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པའི་གནས་ཚུལ་ངོ་མ་ནི་བལ་ཡུལ་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལས་ཀྱང་ཚབས་ཆེ་བ་ཡོད་པ་ར་འཕྲོད།།

རྒྱ་ནག་གཞུང་གིས་ས་མཚམས་བཀག་པ་དང་གནམ་ཐང་ཁག་ཏུ་དམ་དྲག ཕྱི་རྒྱལ་གྱི་འགྲུལ་པ་རྣམས་ཡོང་དུ་འཇུག་ཕོད་ཀྱི་མེད་པའི་དགག་རྩ་ནི་རྒྱ་ནག་མི་དམངས་ཀྱིས་འགོག་ཁབ་རྒྱག་གི་མེད་པར་ཐུག་ཡོད་ཅིང་། རྒྱ་ནག་གཞུང་གིས་ཕྱི་ཟླ་༦་པའི་ཟླ་མཇུག་བར་དུ་མི་གྲངས་དུང་ཕྱུར་༥་དང་བྱེ་བ་༦་ལ་འགོག་ཁབ་རྒྱག་ཐུབ་རྒྱུའི་དམིགས་ཚད་བཟུང་། འོན་ཀྱང་ད་ལྟའི་བར་དུ་རྒྱ་ནག་མི་མང་དུང་ཕྱུར་༣་དང་བྱེ་བ་༢་ལྷག་ལ་མ་གཏོགས་འགོག་ཁབ་རྒྱག་མ་ཐུབ། རྒྱ་ནག་གཞུང་གིས་འགོག་ཁབ་བརྒྱབ་ཟིན་པ་མང་ཆེ་བ་ནི་དམག་མི་དང་སྨན་པ། སྨན་ཞབས་པ་དང་རྒྱལ་ཁབ་ཀྱི་ལས་བྱེད་པ། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་སོགས་ལ་གདམ་ཀ་མེད་པར་སྨན་ཁབ་བཙན་གྱིས་རྒྱག་གི་ཡོད་འདུག རྒྱ་ནག་མི་དམངས་ཀྱིས་འགོག་ཁབ་རྒྱག་གི་མེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རང་ཡུལ་གྱི་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་གིས་བཟོས་པའི་སྨན་ཁབ་དེ་རྣམས་བདེ་འཇགས་ཡིན་མིན། རྒྱ་ནག་གི་འགོག་ཁབ་དེ་ཚོར་ནད་འགོག་གི་ནུས་པ་ཡོད་མེད་བཅས་ལ་དོགས་པ་ཡོད་པས་ཡིན་འདུག རྒྱ་ནག་གི་འབྱོར་ལྡན་པ་ཚོས་ཨ་རི་དང་འཇར་མན་ཎི་མཉམ་འབྲེལ་གྱིས་བཟོས་པའི་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་སྨན་ཐུན་རེར་རྒྱ་སྒོར་ཁྲི་ཚོ་༢་རེ་དང་འགོག་ཁབ་སྨན་ཐུན་གཉིས་ཀར་རྒྱ་སྒོར་ཁྲི་ཚོ་༤་ལྷག་སྤྲད་ནས་ཕྱི་རྒྱལ་གྱི་འགོག་ཁབ་སྤུས་དག་རྣམས་རེག་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་མི་དམངས་ཀྱིས་འགོག་ཁབ་བརྒྱབ་ཚེ། ཁོ་ཚོར་ཚོང་ཁང་གི་ཅ་ལག་ཉོ་བར་རིན་གོང་བཅག་པའི་འཛིན་བྱང་སྤྲོད་རྒྱུ་དང་སྒོ་ང་རིན་མེད་དུ་སྤྲོད་རྒྱུ། འགོག་ཁབ་བརྒྱབ་པའི་མི་རྣམས་ཟ་ཁང་དུ་མཉམ་འདུ་ཆོག་པ་དང་སྤྱི་ཚོགས་རྒྱང་བཀྱེད་བྱེད་མི་དགོས་པའི་གུ་ཡངས་ཡོད་ཅེས་བསྒྲགས། ཧོང་ཀོང་ས་གནས་གཞུང་གིས་ཀྱང་རྒྱ་ནག་གིས་བཟོས་པའི་འགོག་ཁབ་བརྒྱབ་པའི་མི་དམངས་ལ་དམིགས་བསལ་གྱི་ཁེ་ཕན་ཁག་ཅིག་སྤྲོད་རྒྱུ་ཡིན་ཞེས་མངའ་ཁུལ་དེའི་མི་དམངས་ལ་འགོག་ཁབ་རྒྱག་གང་ཐུབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ལྔ་གཅིག་དུས་ཆེན་སྐབས་ཀྱི་ནན་ཅིན་སྲང་ལམ།
ལྔ་གཅིག་དུས་ཆེན་སྐབས་ཀྱི་ནན་ཅིན་སྲང་ལམ།

ཨ་རིའི་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེར་གཞིས་ཚུགས་པའི་རྒྱ་ནག་གི་ནད་རིགས་བརྟག་དཔྱད་ཞིབ་འཇུག་ཁང་གི་སྨན་པ་ཇཱེ་ཎི་ཧྥར་ཧྭང་གིས་བཤད་པ་ལྟར་ན། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་བྱེད་ཀྱི་འདུག ཕྱི་ཟླ་༥་པའི་ཚེས་ཤར་དེར་རྒྱ་ནག་གཞུང་གིས་དུས་ཡུན་བདུན་ཕྲག་གཅིག་ལ་གུང་སེང་བཏང་ནས་མི་གྲངས་ས་ཡ་མང་པོ་འགྲིམ་འགྲུལ་བྱས་པ་དང་མི་ཚོགས་འདུ་འཛོམ་བྱེད་དུ་བཅུག་པ་ནི་ཉེན་ཁ་ཆེན་པོ་ཞིག་རེད། ཕྱི་ཟླ་༤་པའི་མགོ་སྟོད་དུ་རྒྱ་ནག་གཞུང་གིས་རྒྱལ་ནང་དུ་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་ནད་པ་ཁག་ཅིག་ཐོན་པ་ངོས་ལེན་བྱས་སོང་། ཕྱི་ཟླ་༥་པའི་ཚེས་ཤར་གྱི་གུང་སེང་རྗེས་སུ་སྤང་ལ་མེ་ཤོར་བ་ལྟར་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་མི་སྲིད་པའི་ངེས་པ་མེད། རྒྱ་ནག་གིས་ས་མཚམས་དམ་པོར་བཀག་ནས་ཕྱི་ལོགས་སུ་ཁྱབ་ཀྱི་ཡོད་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་དང་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་རྣམས་རྒྱ་ནག་ལ་ཁྱབ་དུ་འཇུག་གི་མེད་པ་རེད། རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དེ་ཚོར་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་དང་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་གཉིས་སྔོན་འགོག་བྱེད་ཐུབ་པའི་ནུས་པ་ཡོད་མེད་བཤད་དཀའ། རྒྱ་ནག་གིས་བཟོས་པའི་འགོག་ཁབ་དེ་དག་གིས་ངོ་བོ་འགྱུར་བ་དང་ངོ་བོ་གཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་དེ་དག་སྔོན་འགོག་བྱེད་ཐུབ་མིན་ངེས་གཏན་མ་བྱུང་བར་དུ་ས་མཚམས་སྒོ་འབྱེད་རྒྱུ་ཉེན་ཁ་ཞིག་རེད། གལ་སྲིད་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་རྒྱ་ནག་ལ་ཡོང་དུ་བཅུག་སྟེ་ཕྱི་ལོགས་ཀྱི་ངོ་བོ་འགྱུར་བ་དང་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་རྒྱ་ནག་ལ་ཁྱབ་ན་ཆག་སྒོ་ཆེན་པོ་ཞིག་འབྱུང་སྲིད་ཅེས་དྲྭ་ཚིགས་སུ་རྩོམ་ཡིག་བྲིས། སེངྒ་པུར་གྱི་མཉམ་འབྲེལ་སྔ་དྲོའི་ཚགས་པར་ལ་༢༠༢༢་ལོའི་དགུང་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་པེ་ཅིང་ལ་མ་ཚོགས་བར་དུ་རྒྱ་ནག་གཞུང་གིས་ས་མཚམས་ཁག་ལ་དམ་དྲག་བྱེད་ཀྱི་ཡོད་པ་ཕྱིར་འཐེན་བྱ་རྒྱུའི་རྟགས་མཚན་མི་འདུག་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG