ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༡༦

རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་ཇེ་ཉུང་དང་རྒན་རྒོན་མང་དུ་སོང་།


༄༅།། ༢༠༢༤་ལོའི་མགོ་སྟོད་ཟླ་བ་༣་གྱི་ནང་དུ་རྒྱ་ནག་གི་སྤྱི་ཚོགས་སུ་གཉེན་སྒྲིག་བྱེད་མཁན་བརྒྱ་ཆ་༨.༢་ཇེ་ཉུང་དུ་སོང་། ཕྱི་ཟླ་༦་པའི་ཚེས་༡༨་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ལ་ངལ་རྩོལ་བ་ན་གཞོན་མེད་པའི་དཀའ་ངལ་ཇེ་ཆེ་དང་དམངས་སྲིད་ལྷན་ཁང་གིས་༢༠༢༤་ལོའི་ཕྱི་ཟླ་དང་པོ་ནས་ཕྱི་ཟླ་༣་པའི་བར་དུ་གཉེན་སྒྲིག་བྱེད་མཁན་ས་ཡ་༡.༩༦༩་ལས་མི་འདུག ༢༠༢༣་ལོའི་མགོ་སྟོད་ཟླ་བ་༣་གྱི་ནང་དུ་གཉེན་སྒྲིག་བྱེད་མཁན་ས་ཡ་༢.༡༤༧་བྱུང་འདུག རྒྱ་ནག་གི་ས་གནས་ཁག་ཏུ་མིའི་སྐྱེས་གྲངས་ཇེ་ཉུང་དང་རྒན་རྒོན་ཇེ་མང་དུ་ཕྱིན་ཏེ་མི་འབོར་ཉམས། ཉི་ཧོང་དང་ལྷོ་ཀོ་རི་ཡ། སིངྒ་པུར་སོགས་ཨེ་ཤི་ཡའི་འབྱོར་ལྡན་རྒྱལ་ཁབ་ཁག་ལ་ན་གཞོན་ཉུང་བ་དང་རྒན་རྒོན་མང་བའི་དཀའ་ངལ་འཕྲད་བཞིན་པ་རྒྱ་ནག་ལའང་འཕྲད་ཀྱི་འདུག་ཅེས་གསལ་བསྒྲགས་སྤེལ།།

རྒྱ་ནག་ལ་མི་འབོར་དུང་ཕྱུར་༡༤་དང་བྱེ་བ་༡་ཡས་མས་ཤིག་ཡོད་ཀྱང་༢༠༢༣་ལོར་གཉེན་སྒྲིག་གི་ཐོ་འགོད་བྱེད་མཁན་ས་ཡ་༧.༦༨་ལས་མ་བྱུང་། དེ་ནི་༢༠༢༢་ལོའི་གཉེན་སྒྲིག་གི་གྲངས་འབོར་དང་བསྡུར་ན་བརྒྱ་ཆ་༡༢.༤་ཉུང་བ་ཡིན་འདུག ནེ་ཊིཀ་སེ་སི་བཟོ་ཚོང་ཁང་དང་མ་རྩ་འཛུགས་འཇོག་དངུལ་ཁང་གི་དཔལ་འབྱོར་ཉམས་ཞིབ་པ་གྷེ་རི་ཨེང་གིས་རྒྱ་ནག་ལ་གཉེན་སྒྲིག་བྱེད་མཁན་ཉུང་དུ་ཕྱིན་ནས་དུས་ཡུན་རིང་པོ་འགོར་ན་སྐྱེས་གྲངས་ཇེ་ཉུང་དང་ལས་རྩོལ་བའི་སྟོབས་ཤུགས་ཟད་ཤས་ཆེ། རྒྱ་ནག་གི་མི་འབོར་རིམ་བཞིན་རྒུད་རྒྱུ་ལྡོག་ཐབས་བྲལ། རྒྱ་ནག་གི་ན་གཞོན་ཚོའི་གྲས་སུ་ཕྲུ་གུ་གསོ་སྐྱོང་བྱ་རྒྱུ་ནི་ལས་ཚེགས་ཆེ་བ་དང་དཔལ་འབྱོར་གྱི་འགྲོ་གྲོན་ཆེ་བ། གཉེན་སྒྲིག་ནི་མི་ཚེ་དོན་སྙིང་ལྡན་པ་ཞིག་སྐྱེལ་བའི་བགེགས་སུ་འགྱུར་གྱི་ཡོད་པའི་འདུ་ཤེས་གསར་པ་ཞིག་འཛིན་གྱི་འདུག་ཅེས་བསྟན།།

རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་པ་ནི་དཀའ་ངལ་གསར་པ་ཞིག་མིན་པ་སྟེ། ༢༠༡༣་ལོར་རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་ས་ཡ་༡༣.༤༦་བྱུང་ཡང་༢༠༢༢་ལོར་གཉེན་སྒྲིག་བྱེད་མཁན་ས་ཡ་༦.༨༣་ལས་བྱུང་མེད་ཅིང་། སྐྱེ་འཆིའི་གཞི་གྲངས་ཉམས་ཞིབ་པ་ཚོས་རྒྱ་ནག་གི་སྲོལ་རྒྱུན་ལྟ་བའི་ནང་དུ་ཕོ་མོ་གཉིས་ལ་ཆེ་མཐོང་འཛིན་སྟངས་ཁྱད་པར་ཡོད་པ་དང་ན་གཞོན་ཚོའི་བློ་ཕུགས་སུ་གཉེན་སྒྲིག་བྱ་རྒྱུ་གནད་འགག་ཅིག་ཏུ་རྩི་ཡི་མེད་པ་རྣམས་མི་འབོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པར་འབྲེལ་བ་འདུག ༢༠༡༠་དང་༢༠༢༠་ལོའི་རྒྱ་ནག་གི་མི་འབོར་ཞིབ་བཤེར་ནང་དུ་མི་ཚོས་གཉེན་སྒྲིག་ཕྱི་པོ་བྱེད་ཀྱི་འདུག་ཅེས་འཁོད། ཨོ་གླིང་གི་ཊ་སི་མེ་ཎི་ཡ་སློབ་གྲྭ་ཆེན་མོའི་ཨེ་ཤི་ཡའི་ཞིབ་འཇུག་སློབ་དཔོན་ཇཱེམ་སི་ཆིན་གྱིས་མིའི་སྐྱེ་འཆིའི་གྲངས་འབོར་དོ་མཉམ་མེད་ན་བློ་འཚབ་བྱ་དགོས་པ་ཞིག་ཡིན་པ་དཔལ་འབྱོར་རིག་པ་བ་ཚོ་ལྟ་ཚུལ་གཅིག་མཐུན་རེད་ཅེས་བཀྲལ།།

ཨོ་གླིང་གི་ཊ་སི་མེ་ཎི་ཡ་སློབ་གྲྭ་ཆེན་མོའི་ཨེ་ཤི་ཡའི་ཞིབ་འཇུག་སློབ་དཔོན་ཇཱེམ་སི་ཆིན་
ཨོ་གླིང་གི་ཊ་སི་མེ་ཎི་ཡ་སློབ་གྲྭ་ཆེན་མོའི་ཨེ་ཤི་ཡའི་ཞིབ་འཇུག་སློབ་དཔོན་ཇཱེམ་སི་ཆིན་

རྒྱ་ནག་གི་དམངས་སྲིད་ལྷན་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ༢༠༢༤་ལོའི་དུས་ཚིགས་དང་པོའི་ནང་དུ་རྒྱ་ནག་ཏུ་བཟའ་ཚང་ཁ་འཐོར་བྱེད་མཁན་༥༧༣༠༠༠་བྱུང་འདུག རྒྱ་ནག་གཞུང་གིས་བཟའ་ཚང་རེར་ཕྲུ་གུ་མང་ཙམ་སྐྱེ་ཆོག་པའི་ཐག་གཅོད་བྱས་ཀྱང་མི་འབོར་འཕེལ་རྒྱས་ལ་ཕན་ཐོགས་མ་བྱུང་། ༢༠༡༩་ལོར་རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གིས་༢༠༣༥་ཡས་མས་སུ་རྒན་རྒོན་མང་དྲགས་ཏེ་སྲིད་གཞུང་གིས་རྒས་ཕོགས་སྤྲོད་མི་ཐུབ་པའི་མཚམས་སུ་སླེབས་རྒྱུ་རེད་ཅེས་ཉེན་བརྡ་བཏང་འདུག ༡༩༧༠་དོན་གྲངས་ནས་རྒྱ་ནག་གཞུང་གིས་སྐྱེ་སྒོ་བཀག་སྟེ་མི་འབོར་ཚོད་འཛིན་བྱས་ཀྱང་༢༠༢༡་ནས་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་ཚད་བཀག་མེད་པར་བཏང་སྟེ་ན་གཞོན་ཚོར་གཉེན་སྒྲིག་བྱ་དགོས་པའི་ལས་འགུལ་སྤེལ། རྒྱ་ནག་གི་ས་གནས་ཁག་ཅིག་གིས་སྦྲུམ་མ་ཚོར་ཕོགས་ཡོད་གུང་སེང་སྤྲད་ཀྱང་མི་འབོར་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་མ་ཐེབས།།

ཁ་སྔོན་ཕྱི་ཟླ་༢་པའི་ཚེས་༡༥་ཉིན་ཧྲང་ཧེ་སྤྱི་ཚོགས་ཚན་རིག་ཁང་གིས་དུས་རབས་འདིར་རྒྱ་ནག་གི་མི་འབོར་བརྒྱ་ཆ་༦༠་ཉུང་དུ་འགྲོ་ས་རེད། ༢༡༠༠་ལོར་རྒྱ་ནག་གི་མི་འབོར་ས་ཡ་༥༢༥་ལ་འགྱུར་རྒྱུའི་ཉེན་ཁ་འདུག་ཅེས་ཞིབ་འཇུག་སྙན་ཐོ་བཏོན། ཝིཀ་ཊོ་རི་ཡ་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཕེང་ཤུའི་ཅན་གྱིས་རྒྱ་ནག་གི་མི་འབོར་ཉུང་དུ་ཕྱིན་ན་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་ཀྱི་འདུག རྒྱ་ནག་མི་མང་གིས་འགྲོ་གྲོན་མ་བཏང་བར་དངུལ་སྒོར་བསྲི་ཚགས་བྱ་རྒྱུ་དང་སྲིད་གཞུང་གི་འགྲོ་གྲོན་ཆེ་རུ་ཕྱིན་ཏེ་དཔལ་འབྱོར་ཉམས་ས་རེད། རྒྱ་ནག་གི་དཔལ་འབྱོར་ཉམས་ན་འཛམ་གླིང་གི་དཔལ་འབྱོར་ལ་དོ་ཕོག་ཐེབས་ཀྱི་རེད་ཅེས་བཤད། ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གི་མི་འབོར་ཉུང་དུ་ཕྱིན་ན་ཁོར་ཡུག་དང་ཐོན་ཁུངས་ལ་གནོད་སྐྱོན་ཚབས་ཆེན་འཕོག་གི་ཡོད་པ་མཚམས་ཆད་ཐུབ་རེ་བ་ཡོད་སྲིད་ཅེས་ལྟ་ཚུལ་ཐ་དད་ཅིག་བརྗོད།།

ཉམས་ཞིབ་པ་ཚོས་རྒྱ་ནག་གི་མི་འབོར་ཉུང་དུ་འགྲོ་བཞིན་པར་རྒྱུ་རྐྱེན་འགའ་ཞིག་འདུག་ཟེར། ཉེ་བའི་ལོ་ཤས་ནང་དུ་རྒྱ་ནག་ལ་སྐྱེས་གྲངས་ལས་ཤི་གྲངས་མང་བ་དང་གྲོང་གསེབ་ཁག་གི་མི་རྣམས་གྲོང་ཁྱེར་ཁག་ཏུ་སྤོས། རྒྱ་ནག་གཞུང་གིས་ལོ་མང་རིང་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ཏེ་བུད་མེད་ཚོའི་སྐྱེ་སྒོ་བཀག ཏོག་དབྱིབས་ནད་ཡམས་རྗེས་སུ་རྒྱ་ནག་གི་བཟོ་གྲྭ་ཁག་སྒོ་བརྒྱབ་སྟེ་ན་གཞོན་ས་ཡ་མང་པོར་ལས་ཀ་མ་རག རྒྱ་ནག་གི་སྤྱི་ཚོགས་སུ་བུ་ཕྲུག་གི་སློབ་ཡོན་མཐོ་དྲགས་པོ་དང་འཚོ་བའི་འགྲོ་གྲོན་ཆེ་བ། རང་བདག་གི་ཁང་པ་མེད་ན་གླ་ཕོགས་ཀྱི་ཕྱེད་ཀ་ཙམ་ཁང་གླར་སྤྲོད་པས་ཕྲུ་གུ་གསོ་སྐྱོང་བྱ་རྒྱུ་ཤིན་ཏུ་དཀའ། སྔོན་ཆད་རྒྱ་ནག་གི་སྤྱི་ཚོགས་སུ་བཟའ་མི་མང་པོ་དང་ཁྱིམ་ཚང་ཆེན་པོ། ཕ་མ་བུ་ཕྲུག་དང་ཚ་བོ་ཚ་མོ་རྣམས་མཉམ་དུ་འདུས་ནས་འཚོ་བར་རོལ། དེང་སྐབས་རྒྱ་ནག་གི་སྤྱི་ཚོགས་སུ་བཟའ་མི་ཉུང་ཉུང་དང་ཁྱིམ་ཚང་ཆུང་ཆུང་ལ་དགའ་མོས་བྱེད་པའི་ལམ་སྲོལ་ཞིག་དར།།

ཉེ་ཆར་ཕྱི་ཟླ་༤་པའི་ཚེས་༡༥་ཉིན་བི་བི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པས་རྒྱ་ནག་གི་ལེའོ་ནིང་ས་ཁུལ་གྱི་ཞིང་པ་ལོ་ན་༧༢་ལ་སོན་པ་ཚའོ་ཧྭན་ཁྲུན་ཞེས་པ་ཞིག་ལ་ཟླ་བ་རེར་རྒས་ཕོགས་ཅི་ཙམ་ཡོད་ཅེས་དྲིས། རྒད་པོ་ཚའོ་ཧྭན་ཁྲུན་གྱིས་ཤོག་གུའི་ནང་དུ་ཐ་མག་དྲིལ་ཞོར་དུ་ང་ལ་རྒས་ཕོགས་མེད། ང་ཚོར་རྒས་ཕོགས་ཅི་ཡང་མེད་ཅེས་ལོ་༤༥་ལྷག་གི་ཆུང་མར་བལྟས་ནས་གསར་འགོད་པར་ལན་བཏབ། ཚའོ་ཧྭན་ཁྲུན་ནི་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་པའི་རྗེས་སུ་སྐྱེས། རྒྱ་ནག་དམར་ཤོག་རྒྱལ་ཁབ་དང་འདྲ་བར་ཚའོ་ཧྭན་ཁྲུན་ཡང་ཕྱུག་པོར་མ་གྱུར་གོང་དུ་ལོ་ན་རྒས། རྒྱ་ནག་གི་གྲོང་གསེབ་ཁག་ནས་གྲོང་ཁྱེར་དུ་ངལ་རྩོལ་ལ་བསླེབས་པའི་མི་ཚོར་རྒས་ཕོགས་དང་སྨན་བཅོས་ཀྱི་ཐོབ་ཐང་མེད། དེས་ན་ཚའོ་ཧྭན་ཁྲུན་ལྟ་བུའི་རྒྱ་ནག་གི་ཞིང་པ་ཚོ་ལོ་ན་རྒས་ཀྱང་ངལ་རྩོལ་མི་རྒྱུག་ཐབས་མེད་དུ་གྱུར།།

ད་ལྟ་ལོ་༥༠་ནས་༦༠་ཡས་མས་སུ་སོན་པའི་རྒྱ་ནག་པ་དུང་ཕྱུར་༣་མམ། ཨ་མི་རི་ཀའི་མི་འབོར་ལྟ་བུ་ཞིག་མ་འོངས་པའི་ལོ་བཅུའི་ནང་དུ་ངལ་རྩོལ་རྒྱུག་མི་ཐུབ་པའི་མཚམས་སུ་ལྷུང་རྒྱུ་ཡིན་ཞིང་། བི་བི་སི་གསར་ཁང་གིས་རྒན་རྒོན་དེ་ཚོར་སུས་ལྟ་སྐྱོང་བྱ་རྒྱུ་རེད་ཅེས་དྲིས་ཚེ། ས་གནས་མ་འདྲ་བ་དང་སྐད་ཆ་འདྲི་ཡུལ་ཚོར་ལན་འདེབས་བྱེད་སྟངས་མ་འདྲ་བ་རེ་འདུག རྒད་པོ་ཚའོ་ཧྭན་ཁྲུན་གྱིས་ང་ཚོའི་ཕྲུ་གུ་རྣམས་ས་གནས་གཞན་དུ་སྤོས་ཟིན་ཡོད་ཀྱང་དུས་ནས་དུས་སུ་སྐོར་བ་རེ་རྒྱག་གི་འདུག ངས་ལོ་བཞི་ནས་ལྔ་ཡས་མས་ཤིག་ལ་མ་གཏོགས་རང་ཁ་གསོ་ཐུབ་ས་མ་རེད། ང་ལོ་ལྔའི་རྗེས་སུ་བདེ་ཐང་ཡིན་ན་གོམ་པ་སྤོས་ནས་འགྲོ་ཐུབ་ཀྱི་རེད། བདེ་ཐང་མིན་ན་ཉལ་སར་ལྷུང་རྒྱུ་དང་བཟའ་མི་ཚོའི་རྡོག་ཁྲེས་ཤིག་ཏུ་འགྱུར་རྒྱུ་རེད། ཕྲུ་གུ་ཚོས་ང་ལ་ལྟ་རྟོག་བྱ་དགོས་ཐུག་ངེས་རེད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

གླེང་སྟེགས།

XS
SM
MD
LG