ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༡༣

རྒྱ་ནག་ལ་ཐོངས་མཆན་ཞུ་མི་དགོས་པར་བསྐྱོད་པའི་ཐབས་ལམ་ལྔ།


༄༅།། རྒྱ་ནག་ལ་སྐམ་མཚོ་གནམ་གསུམ་གང་ནས་ཕྱིན་ཀྱང་ཆུ་ཚོད་༧༢་ནས་ཉི་མ་༣༠་ཐམ་པའི་རིང་ཐོངས་མཆན་ཞུ་མི་དགོས་པར་བསྐྱོད་ཆོག་པའི་ཐབས་ལམ་༥་ཡོད་པའི་གསར་འགྱུར་ཐོན་འདུག ཕྱི་ཟླ་༦་པའི་ཚེས་༡༡་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་དུས་སུ་ལོ་༣་ལ་སྒོ་བརྒྱབ་སྟེ་འགྲིམ་འགྲུལ་དང་ཚོང་ལས་བཀག་ནས་དཔལ་འབྱོར་ཉམས། ད་ལྟ་རྒྱ་ནག་གིས་དཔལ་འབྱོར་དང་ཚོང་ལས་སླར་གསོ་བྱ་རྒྱུའི་དོན་དུ་ཡུལ་སྐོར་སྤྲོ་འཆམ་པ་ཚོས་ཐོངས་མཆན་ཞུ་མི་དགོས་པར་རྒྱ་ནག་ཏུ་ཡོང་ཆོག་པའི་སྲིད་ཇུས་ཤིག་གཏན་ལ་ཕབ། ཨོ་གླིང་དང་ཉི་ཧོང་། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་བཅས་རྒྱལ་ཁབ་༥༤་ཡི་ཕྱིར་སྐྱོད་ལག་འཁྱེར་ཡོད་པའི་སྤྱི་དམངས་མི་རྣམས་རྒྱ་ནག་གི་གྲོང་ཁྱེར་༢༣་གྱི་རྒྱལ་སྤྱིའི་གནམ་ཐང་ཁག་བརྒྱུད་ནས་རྒྱ་ནག་ཏུ་ཡོང་ཆོག་ཅེས་ཐག་བཅད་འདུག

རྒྱ་ནག་གི་རྒྱལ་སྤྱིའི་གནམ་ཐང་དེ་དག་གི་གྲས་སུ་པེ་ཅིང་དང་ཧྲང་ཧེ། ཞི་ཨན་དང་ཁྲེང་ཏུའུ། ཁྲུང་ཆིང་དང་གུའི་ལིན། ཁུན་མིང་དང་ཆིང་ཏོ། ཧྲེན་དབྱང་དང་ཐེན་ཅིན། ཝུ་ཧན་དང་ཞ་མེན་བཅས་འདུས། ཀོང་ཏུང་དང་ཧྲང་ཧེ། ཅང་སུའུ་དང་ཀྲེ་ཅང་བཅས་ལ་ཆུ་ཚོད་༧༢་ནས་ཆུ་ཚོད་༡༤༤་ཡི་རིང་ཐོངས་མཆན་ཞུ་མི་དགོས་པར་ཡོང་ཆོག་ཅིང་། དུས་ཡུན་དེའི་རིང་འགྲུལ་པ་རྣམས་ངེས་པར་དུ་བཅད་རྒྱ་བྱས་པའི་གྲོང་ཁྱེར་རམ། རྒྱ་ནག་གི་ཞིང་ཆེན་དེའི་ནང་ཁུལ་དུ་འདུག་དགོས་པ་དང་ས་གནས་གཞན་དུ་བསྐྱོད་མི་ཆོག འགྲུལ་པ་ཚོ་ཧོང་ཀོང་དང་ཨོ་མན། ཐེ་ཝན་ནས་ཀྱང་འགྲོ་འོང་བྱེད་ཆོག་པ་དང་གནམ་གྲུའི་འཛིན་བྱང་གཅིག་པུ་བསྟན་ན་འཐུས། ཁོ་ཚོས་འགེངས་ཤོག་སོགས་ཅི་ཡང་བརྒྱང་མི་དགོས་ཞེས་བཀོད། རྒྱ་ནག་གི་གྲོང་ཁྱེར་༢༣་ནི་ཞིང་ཆེན་༡༨་ཀྱི་ནང་དུ་ཁྱབ་ཡོད་པ་དང་ཁྱོན་བསྡོམས་སྐམ་མཚོ་གནམ་གསུམ་གྱི་འཛུལ་སྒོ་༣༡་ཡོད་ཅེས་བཀྲལ།།

རྒྱ་ནག་གི་ཧེ་ནན་ཞིང་ཆེན་ལ་རྒྱལ་ཁབ་༥༩་ཡི་སྤྱི་དམངས་ཡོང་ན་ཐོངས་མཆན་ཞུ་མི་དགོས། འགྲུལ་པ་ཚོས་སན་ཡ་དང་ཧེ་ཁུག་གཉིས་སུ་གནམ་གྲུའི་འཛིན་བྱང་བསྟན་ནས་ཕར་འགྲོ་ཚུར་འོང་བྱེད་ཆོག གནམ་གྲུའི་ནང་དུ་འབྱོར་ཐོ་འགོད་དགོས་པ་དང་ཕྱི་མི་གཞིས་ཆགས་ལས་ཁུངས་ཡོད་སའི་གྲུ་ཁ་ཁག་ཏུ་ཐོངས་མཆན་མི་དགོས་པའི་འགྲུལ་པ་བསུ་ལེན་གྱི་སྲི་ཞུ་བསྒྲུབ་རྒྱུ་ཡིན་ཟེར། ༢༠༡༨་ནས་ཕྱི་རྒྱལ་གྱི་འགྲུལ་པ་ཚོ་ཐོངས་མཆན་མེད་པར་ཧེ་ནན་ཞིང་ཆེན་ལ་ཡོང་ནས་ཟླ་བ་གཅིག་འདུག་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། སྲིད་ཇུས་དེའི་འོག་ཏུ་འགྲུལ་པ་ཚོ་ཧེ་ནན་ནས་རྒྱ་ནག་གི་ས་གནས་གཞན་དུ་བསྐྱོད་མི་ཆོག་ཅེས་བཀག རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་གི་སྤྱི་དམངས་རྣམས་ཧོང་ཀོང་དང་ཨོ་མན་གང་རུང་ནས་ཀོང་ཏུང་ཞིང་ཆེན་ལ་ཉི་མ་༦་གི་རིང་ཐོངས་མཆན་ཞུ་མི་དགོས་པར་ཡོང་ཆོག འགྲུལ་པ་ཚོ་སྐམ་མཚོ་གནམ་གསུམ་བརྒྱུད་ནས་ཀོང་ཏུང་ཞིང་ཆེན་གྱི་ནང་དུ་ཐོངས་མཆན་ཞུ་མི་དགོས་པར་ཆུ་ཚོད་༡༤༤་རིང་ཡོང་ནས་འདུག་ཆོག ཀོང་ཧོང་ནས་གྲུ་གཟིངས་དང་རླངས་འཁོར་གྱི་འགྲིམ་འགྲུལ་མཐུན་རྐྱེན་ཡོད་ཅེས་གསལ་བསྒྲགས་སྤེལ།།

ཝི་ཏེ་ནམ་སོགས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་ཡུལ་སྐོར་སྤྲོ་འཆམ་པའི་ཚོགས་པ་སྟེ། ཉུང་མཐར་ཡང་མི་༢་ཡོད་པའི་ཡུལ་སྐོར་བ་ཚོས་ཆུ་ཚོད་༡༤༤་རིང་ཐོང་མཆན་ཞུ་མི་དགོས་པར་རྒྱ་ནག་གི་གུའི་ཀྲུག་ཀྲོང་རིགས་རང་སྐྱོང་ཁུལ་དུ་ཡོང་ནས་འདུག་ཆོག རྒྱ་ནག་གི་ཏ་ལཱེན་དང་སན་ཡ་ཚུད་པའི་གྲུ་ཁ་༡༣་ནས་ཉུང་མཐར་ཡང་ཚོགས་མི་གཉིས་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་ཚོགས་པ་ཁག་བསུ་ལེན་བྱ་རྒྱུ་ཡིན། ན་ནིང་ཕྱི་ཟླ་༡༡་པའི་ཟླ་མཇུག་ནས་ཡུ་རོབ་རྒྱལ་ཁབ་ཧྥ་རན་སི་དང་འཇར་མན་ཎི། ཨི་ཊ་ལི་དང་ནེ་དྷར་ལན་ཌི། སི་པེན་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་མ་ལེ་ཤི་ཡ་བཅས་ཀྱི་སྤྱི་དམངས་རྣམས་ཉིན་བཅོ་ལྔའི་རིང་རྒྱ་ནག་ཏུ་ཡོང་ན་ཐོངས་མཆན་ཞུ་མི་དགོས་པའི་ཐག་བཅད། དེའི་རྗེས་སུ་ཡུ་རོབ་རྒྱལ་ཁབ་ཨོ་སི་ཊི་རི་ཡ་དང་བྷེལ་ཇམ། ཧང་གྷ་རི་དང་ཨར་ལན་ཌི། ལག་སིམ་བྷག་དང་སུད་ཛར་ལན་ཌི་རྣམས་ཀྱང་ཐོངས་མཆན་ཞུ་མི་དགོས་པར་རྒྱ་ནག་ཏུ་ཡོང་ཆོག་པའི་ཐོ་གཞུང་དུ་བསྣན།།

རྒྱ་ནག་གཞུང་གིས་ཐོངས་མཆན་ཞུ་མི་དགོས་པར་ཡོང་ཆོག་པའི་རྒྱལ་ཁབ་ཁག་གི་ཐོ་གཞུང་ཞིག་བཏོན། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་འཁོད་བོད་པ་ཁག་ཅིག་གིས་ཕྱི་རྒྱལ་གྱི་ཕྱིར་སྐྱོད་ལག་འཁྱེར་བསྟན་ནས་རྒྱ་ནག་ཏུ་བསྐྱོད། བོད་པ་ཁག་ཅིག་ཁྲེང་ཏུའུ་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཐར་ཡོད་པར་མ་ཟད། བོད་དུ་ལུས་པའི་ཕ་མ་སྤུན་མཆེད་རྣམས་ཁྲེང་ཏུའུ་སོགས་སུ་འདུས་ནས་ཐུག་འཕྲད་བྱུང་མོད། འོན་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ལག་འཁྱེར་ཡོད་པའི་བོད་པ་ཁག་ཅིག་རྒྱ་ནག་གི་གནམ་ཐང་ཁག་ནས་འཕྲལ་དུ་ཕྱིར་སློག་བྱས་པའམ། ཡང་ན་བོད་པ་དེ་ཚོ་གནམ་ཐང་དུ་ཆུ་ཚོད་མང་པོར་བཀག་སྟེ་ཕྱི་རྒྱལ་དུ་ཇི་ལྟར་ཕྱིན་པ་ཡིན། རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་ཡོད་མེད། ཕྱི་རྒྱལ་དུ་འཚོ་བ་ཇི་ལྟར་རོལ་གྱི་ཡོད། རྒྱ་ནག་ལ་ངོ་རྒོལ་དང་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཁག་ཞུགས་ཀྱི་ཡོད་མེད། བོད་དུ་ཕ་མ་སྤུན་མཆེད་སོགས་སུ་སུ་ཡོད་མེད་ཞིབ་ཕྲ་འདྲི་རྩད་བྱས་ནས་ཕྱིར་སློག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བཏོན་པའི་སྙན་ཐོའི་ནང་དུ་བོད་ལ་བསྐྱོད་པའི་ཨ་མི་རི་ཀ་བ་ཚོར་རྒྱ་ནག་གི་བདེ་འཇགས་མི་སྣ་ཚོས་འཇིགས་སྐུལ་དང་སུན་གཙེར། རྗེས་འདེད་དང་རྒྱལ་ཁབ་གཞན་གྱི་ཕྱི་འབྲེལ་མི་སྣ་ཁག་དང་གསར་འགོད་པ་ཚོ་བོད་ལ་ཡོང་མི་ཆོག་པའི་བཀག་སྡོམ་བྱས་འདུག ལྷག་པར་དུ་བོད་རང་སྐྱོང་ལྗོངས་ལ་དམ་དྲག་ཆེ་བ་དང་རྒྱ་ནག་གི་ཞིང་ཆེན་གཞན་ལྟར་འགྲིམ་འགྲུལ་རང་དབང་མི་འདུག་ཅེས་འཁོད། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་བོད་ལ་འགྲོ་སྐྱོད་ཀྱི་སྙན་ཐོ་ཐེངས་༦་པ་བཏོན་པ་དེའི་ནང་དུ་ནད་ཡམས་རྗེས་སུ་རྒྱ་ནག་གི་ས་གནས་གཞན་ཁག་ལ་འགྲིམ་འགྲུལ་རང་དབང་ཐོབ་ཀྱང་བོད་ལ་སྔར་བཞིན་འགྲིམ་འགྲུལ་བཀག་སྡོམ་བྱེད་བཞིན་འདུག ཐ་ན་ཨ་རིའི་གཞུང་འབྲེལ་མི་སྣ་ཁག་ཀྱང་བོད་ལ་ཡོང་དུ་འཇུག་གི་མི་འདུག་ཅེས་ཐེར་འདོན་བྱས་འདུག

ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་ནས་ཨ་རི་དང་རྒྱ་ནག་གི་ཚོང་དམག་ལངས། སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར། ༢༠༡༩་ཡི་ལོ་མཇུག་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ། རྒྱ་ནག་གིས་ལོ་གསུམ་ལ་སྒོ་རྒྱ་བསྡམས་ནས་ཚོང་ལས་དང་འགྲིམ་འགྲུལ་བཀག རྒྱ་ནག་གི་ས་ཐོག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པའི་ཕྱི་རྒྱལ་གྱི་བཟོ་གྲྭ་ཁག་ཝི་ཏེ་ནམ་དང་རྒྱ་གར། ཐེ་ཝན་དང་མེཀ་སི་ཀོ་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་སྤོས། རྒྱ་ནག་གི་བཟོ་གྲྭ་བརྒྱ་ཕྲག་མང་པོ་སྒོ་བརྒྱབ། རྒྱ་ནག་གི་ས་ཁང་ཚོང་ལས་མ་རྩ་བརྡིབས་ཏེ་སློབ་ཆེན་ཐོན་པའི་ན་གཞོན་ས་ཡ་མང་པོ་ལས་མེད་དུ་གྱུར། འདས་པའི་ལོ་༣༠་ལྷག་ལ་བྱུང་མྱོང་མེད་པའི་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཕྱིན་པར་བརྟེན། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་འགུགས་པར་ཐོངས་མཆན་ཞུ་མི་དགོས་པའི་སྲིད་ཇུས་གསར་པ་ཞིག་ལག་ལེན་བསྟར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༦་པའི་ཚེས་༡༠་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཁ་སྔོན་གཟའ་སྤེན་པའི་ཉིན་ཏུར་ཀི་རྒྱལ་ཁབ་ཀྱིས་རྒྱ་ནག་གི་རླངས་འཁོར་ལ་སྒོ་ཁྲལ་སྤར་རྒྱུའི་གསལ་བསྒྲགས་སྤེལ། ཏུར་ཀིའི་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གི་རླངས་འཁོར་དེ་ཚོར་སྒོ་ཁྲལ་བརྒྱ་ཆ་༤༠་སྤར་ནས་རྒྱལ་ནང་གི་རླངས་འཁོར་བཟོ་གྲྭ་ཁག་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་བཀྲལ། རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་༢༠༢༣་ལོར་ཏུར་ཀིའི་རླངས་འཁོར་བཟོ་ལས་ཀྱི་བརྒྱ་ཆ་༤་དང་ཕྱེད་ཀ་རྒྱ་ནག་གིས་བཟུང་ཡོད། ༢༠༢༤་ལོར་ཏུར་ཀིའི་རླངས་འཁོར་བཟོ་ལས་ཀྱི་བརྒྱ་ཆ་༡༠་ཐམ་པ་རྒྱ་ནག་གིས་འཛིན་ཐུབ་རྒྱུའི་དམིགས་ཚད་བཟུང་ཡོད་ཅེས་བསྒྲགས། ཡིན་ནའང་ཨ་རི་དང་ཡུ་རོབ། ཏུར་ཀི་སོགས་ཀྱིས་རྒྱ་ནག་གི་རླངས་འཁོར་ལ་སྒོ་ཁྲལ་སྤར་ཚེ། འཛམ་གླིང་གི་ཁྲོམ་རའི་ནང་དུ་རྒྱ་ནག་ནས་ཐོན་པའི་གློག་གི་རླངས་འཁོར་སོགས་ལ་ཚོང་ར་ཇེ་ཆུང་དུ་ཕྱིན་ཏེ་རྒྱ་ནག་གི་དཔལ་འབྱོར་སླར་གསོ་དང་ཐོངས་མཆན་ཞུ་མི་དགོས་པར་ཕྱི་རྒྱལ་གྱི་འགྲུལ་པ་འགུགས་ཐབས་བྱེད་ཀྱི་ཡོད་པར་གྲུབ་འབྲས་ཐོན་རྒྱུ་ཡིན་མིན་ངེས་གཏན་མེད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG