ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༢༥

རྒྱ་ནག་གི་ཡིག་ཟམ་ལས་བྱེད་པ་ཚོས་སོ་མྱུལ་བྱ་དགོས་པའི་སྒྲིག་གཞི་གསར་པ།


སྦྲག་ཁང་དུ་བསྐུར་མ་དབྱེ་གསེས་བྱེད་མཁན་
སྦྲག་ཁང་དུ་བསྐུར་མ་དབྱེ་གསེས་བྱེད་མཁན་

༄༅།། རྒྱ་ནག་གི་ཅང་སུའུ་ཞིང་ཆེན་གྱི་ཡིག་ཟམ་ལས་ཁུངས་ཁག་གི་ཡིག་སྐྱེལ་བ་དང་སྦྲག་ཁང་དུ་བསྐུར་མ་དབྱེ་གསེས་བྱེད་མཁན་ཚོས་མི་གང་ཞིག་གིས་སྦྲག་ཁང་བརྒྱུད་ནས་ཁྲིམས་འགལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་དངོས་པོ་སྐུར་གྱི་ཡོད་པ་འཛིན་ཐུབ་ན་ལས་བྱེད་པ་དེར་རྒྱ་སྒོར་ཁྲི་ཚོ་༣་བྱ་དགའ་ཡོད་ཅེས་སྒྲིག་གཞི་གསར་པ་ཞིག་ལག་ལེན་བསྟར་རྒྱུ་མགོ་བརྩམས། ཕྱི་ཟླ་༤་པའི་ཚེས་༢༤་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཅང་སུའུ་ཞིང་ཆེན་གཞུང་ནས་ཡིག་ཟམ་གྱི་ལས་བྱེད་པ་ཚོས་དཔེ་དེབ་དང་ཡིག་ཆ་དཔར་མ། སྒྲ་སྐད་དང་བརྙན་རིས་ཅན་གྱི་དངོས་པོ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་འཕྲད་སྲིད་པ་ཅི་ཞིག་ཡིན་རུང་འཛིན་ཐབས་བྱ་དགོས་ཞེས་བཀའ་ཕབ། ཅང་སུའུ་ཞིང་ཆེན་ནི་རྒྱ་ནག་རྒྱལ་ཡོངས་སུ་སྒྲིག་གཞི་དེ་ལག་ལེན་བསྟར་མཁན་ཨང་དང་པོ་ཡིན་པས་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་རང་རྗེས་སུ་ཡི་རང་ཞུས་ནས་བསྔགས་བརྗོད་ཐོབ།།

གཟའ་ལྷག་པའི་ཉིན་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་སྐད་འཕྲིན་ནང་དུ་རྩོམ་ཡིག་ཅིག་སྤེལ་ཡོད་པ་དེའི་ནང་དུ་ཅང་སུའུ་ཞིང་ཆེན་གྱི་སྒྲིག་གཞི་དེ་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒྲིག་གཞི་ཞིག་རེད། སྒྲིག་གཞི་དེའི་དམིགས་ཡུལ་ནི་མི་ཁག་ཅིག་གིས་ཡིག་ཟམ་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ཅ་ལག་བསྐུར་སྲིད་པ་འཛིན་ཐབས་ཤིག་ཡིན། སྒྲིག་གཞི་དོན་ཚན་༢༥་ཡོད་པ་དེ་དག་གི་འབྲུ་དོན་ལྟར་ཡིག་ཟམ་དང་སྐྱེལ་འདྲེན་ལས་ཁུངས་ཁག དེ་བཞིན་ལས་ཁུངས་དེ་དག་གི་ལས་བྱེད་པ་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག་འབྱུང་གི་ཡོད་པ་དང་ཁྲིམས་འགལ་བྱེད་མཁན་ཡོད་པ་ཤེས་ན་ངེས་པར་དུ་གཞུང་ལ་སྙན་སེང་ཞུ་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ཚན་པ་ཁག་གིས་གསང་བའི་གནས་ཚུལ་མཁོ་སྤྲོད་བྱུང་བ་དེར་ཕན་ཐོགས་ཡོད་མེད། གཞུང་གི་སྲིད་ཇུས་དང་སྒྲིག་གཞི་ཁག་ལ་མཐུན་གྱི་ཡོད་མེད་ཞིབ་འཇུག་བྱས་ནས་བྱ་དགའ་ཅི་ཙམ་སྤྲོད་དགོས་མིན་ཐ་མའི་ཐག་གཅོད་བྱ་རྒྱུ་ཡིན་ཞེས་འཁོད།།

ད་ལྟའི་སྒྲིག་གཞི་གསར་པ་དེ་ཅང་སུའུ་ཞིང་ཆེན་གྱི་གསང་བའི་ལས་ཁུངས་དང་ཞིང་ཆེན་གྱི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་། ཅང་སུའུ་ཞིང་ཆེན་གྱི་ཡིག་ཟམ་ལས་ཁུངས་གསུམ་མཉམ་འབྲེལ་གྱིས་གཏན་འབེབས་བྱས་ཏེ་ཕྱི་ཟླ་༤་པའི་ཚེས་༡༥་ནས་ལག་ལེན་བསྟར། རྒྱ་ནག་གི་ཡིག་ཟམ་ལས་ཁུངས་ཁག་གིས་མི་དམངས་ལ་སོ་མྱུལ་བྱ་དགོས་པའི་ལམ་སྲོལ་གསར་པ་ཞིག་དར། ཅང་སུའུ་ཞིང་ཆེན་གཞུང་གིས་གསང་བ་བརྟོལ་ཐུབ་མཁན་ཚོར་བྱ་དགའི་དངུལ་སྒོར་མང་ཤོས་རྒྱ་སྒོར་ཁྲི་ཚོ་༣་དང་ཉུང་ཤོས་རྒྱ་སྒོར་ཁྲི་ཚོ་༡་མ་ཟིན་ཙམ་ཞིག་སྤྲོད་ཀྱི་ཡོད་ཅིང་། སྒྲིག་གཞི་གསར་པ་དེའི་ནང་དུ་སྦྲག་ཁང་གི་ལས་བྱེད་པ་ཚོས་གསང་ཉུལ་གྱི་ཡོ་བྱད་དམ། གསང་ཉུལ་གྱི་ཡོ་བྱད་རེད་བསམས་པའི་བསྐུར་མ་དེ་ཚོར་དམིགས་བསལ་གྱིས་དོ་སྣང་བྱ་དགོས། སྲིད་གཞུང་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཚོ་སུ་ཡིན་ཕྱི་རུ་མི་སྒྲོགས་པར་གསང་བ་བྱེད་ཆོག་ཅེས་ཁས་བླངས།།

ཕྱི་ཟླ་༤་པའི་ཚེས་༡༨་ཉིན་ཅང་སུའུ་ཞིང་ཆེན་གྱི་ཡིག་ཟམ་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་ཅང་སུའུ་མྱུར་འཕྲིན་མཐུན་ཚོགས་ཀྱི་དྲྭ་ཚིགས་སུ་ཕྱི་ཚེས་༡༥་ཉིན་ཞིང་ཆེན་གྱི་ཡིག་ཟམ་ལས་ཁུངས་དང་ཞིང་ཆེན་གྱི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་ལས་སྣེ་ཚོ་ཚོགས་འདུ་ཚོགས་ནས་སྒྲིག་གཞི་གསར་པ་འདི་ལག་ལེན་ཇི་ལྟར་འགེལ་དགོས་མིན་ཐད་གྲོས་སྡུར་བྱས་པ་རེད། ཚོགས་འདུའི་ཐོག་ཏུ་ཡིག་སྐྱེལ་ལས་ཁུངས་ཁག་གིས་བསྐུར་མ་ཁ་འབྱེད་ས་དང་གློག་བཤེར་བྱ་ས་སོགས་བརྟག་དཔྱད་ཀྱི་མཐུན་རྐྱེན་རྣམས་ལོགས་སུ་འཛུགས་དགོས། སྔ་ལོ་ཅང་སུའུ་ཞིང་ཆེན་གྱི་ཡིག་ཟམ་ལས་ཁུངས་གཅིག་པུས་བསྐུར་མ་དུང་ཕྱུར་༡༣༤་ཕར་བསྐུར་ཚུར་ལེན་བྱས་འདུག དེ་ནི་རྒྱ་ནག་རྒྱལ་ཡོངས་སུ་བསྐུར་མ་ཐེར་འབུམ་༡༦༢.༥་ཕར་བསྐུར་ཚུར་བསྐུར་བྱས་པ་དེའི་བརྒྱ་ཆ་༨.༢་ཟིན་གྱི་འདུག་ཅེས་རྩོམ་ཡིག་ཅིག་བཀོད།།

ཕྱི་ཟླ་༤་པའི་ཚེས་༢༡་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མར་རྒྱ་ནག་གི་རྒྱལ་ཡོངས་བདེ་འཇགས་སློབ་གསོའི་ཉིན་མོ་སྲུང་བརྩི་ཞུས་ཏེ་ཕྱི་རྒྱལ་གྱི་གསང་ཉུལ་རྣམས་གང་ས་གང་དུ་ཁྱབ་ཡོད་པ་རེད་ཅེས་བསྟན། རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱིས་བརྙན་ཐུང་ཞིག་བཀྲམ་པ་དེའི་རྒྱབ་ལྗོགས་སུ་སྒྲ་དབྱངས་སྦྱར། སྐྱེས་པ་ངོ་གདོང་ཆེན་པོ་དང་མིག་ཟུང་ཁྲ་སྒོར་ཅན་ཞིག་སྲང་ལམ་གྱི་པར་པ་ཞིག་ཏུ་བརྫུས། བརྟག་དཔྱད་ཁང་གི་ཉམས་ཞིབ་པ་ཞིག་ཚོང་པར་བརྫུས། ཐ་ན་ཟས་རིགས་སྐྱེལ་མཁན་བྱེད་མཁན་ཞིག་གིས་ཀྱང་དྲྭ་ལམ་དུ་གཡོ་ཁྲམ་གྱི་རྙི་བཙུགས། རྒྱ་ནག་གི་བདེ་འཇགས་ལ་ཉེན་ཁ་ཡོང་ས་ཕྱོགས་ཀུན་ཡོད་པ་རེད་ཅེས་མི་དམངས་ལ་སློབ་གསོ་སྤྲད། བརྙན་ཐུང་འགྲེལ་བཤད་པས་གྲོག་ཚང་ལྟ་བུའི་མི་ཚོགས་ཁྲོད་དུ་གསང་ཉུལ་ལ་ནམ་ཡང་དོ་སྣང་མི་འབྱུང་། མི་དེའི་ངོ་བོ་འགྱུར་སླ། མི་དེ་གང་དུ་ཡོད་པ་མི་རྙེད། ཁོ་ཚོ་གཡོ་སྒྱུ་ཅན་དང་ལྐོག་འཇབ། མི་དེ་དག་ང་ཚོའི་ཁྲོད་དུ་ཡོད་སྲིད་ཅེས་བཀྲལ།།

རྒྱ་ནག་སྦྲག་སྐྱེལ་རླངས་འཁོར་
རྒྱ་ནག་སྦྲག་སྐྱེལ་རླངས་འཁོར་

རྒྱ་ནག་གཞུང་གིས་བཀྲམ་པའི་བརྙན་ཐུང་དེའི་ནང་དུ་རྒྱལ་ཁབ་བདེ་འཇགས་ལྷན་ཁང་ལ་མང་ཚོགས་ཀྱིས་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ནས་ཕྱི་རྒྱལ་གྱི་གསང་ཉུལ་དེ་འཛིན་བཟུང་ཐུབ་པ་རེད། གསང་ཉུལ་ཚོ་རྣམ་པ་འདྲ་མིན་དུ་བརྫུ་སྲིད། ང་ཚོ་མཉམ་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས། རྒྱ་ནག་ལ་མི་གྲངས་དུང་ཕྱུར་༡༤་ཡོད་པ་ནི་རྒྱལ་སྲུང་གི་བང་རིམ་དུང་ཕྱུར་༡༤་རེད་ཅེས་འགྲེལ་བཤད་མཇུག་བསྡུས། ཞིས་ཅིན་ཕིང་གི་དབང་བསྒྱུར་འོག་ཏུ་རྒྱ་ནག་ནི་སྔར་ལས་བཙན་དྲག་ཆེ་བ་དང་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་སོ་མྱུལ་ཇེ་མང་། རྒྱལ་ཁབ་ཀྱི་གསང་བའི་ལས་ཁུངས་ཞེས་པ་མངོན་གསལ་མེད་པ་ཞིག་ཡིན་དགོས་ཀྱང་རྒྱ་ནག་གི་གསང་བའི་ལས་ཁུངས་མི་དམངས་ཀྱི་ཉིན་རེའི་འཚོ་བའི་ནང་དུ་བསླེབས། རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཅེས་འཁོད་པའི་སྦྱར་ཡིག་རྣམས་སྲང་ལམ་ཁག་དང་ས་འོག་མེ་འཁོར་འབབ་ཚུགས། སློབ་ཆེན་ཁག་སོགས་ལ་ཁྱབ།།

རྒྱ་ནག་གི་བདེ་འཇགས་ལྷན་ཁང་གིས་ཉིན་ལྟར་སྤྱི་ཚོགས་དྲྭ་ལམ་དུ་བརྙན་ཐུང་དང་ཆེད་བརྗོད་སྤེལ། མི་དམངས་ལ་བརྡ་བཏང་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དོ་སྣང་བྱ་དགོས་ཞེས་བསྐུལ། དེའི་ཞོར་དུ་རྒྱ་ནག་མི་དམངས་ལ་སྲིད་གཞུང་གིས་བལྟས་ནས་བསྡད་ཡོད་ཅེས་གོ་བརྡ་འཕྲོད་དུ་བཅུག རྒྱ་གཞུང་གིས་བཏང་བའི་འཕྲིན་ཐུང་དེ་དག་གི་ནང་དུ་ས་ཁྲ་འབྲི་བའི་བཀོལ་ཆས་དང་གནམ་གཤིས་བརྟག་ས་ཚིགས་ཁག་ཏུ་ཕྱི་རྒྱལ་གྱི་གསང་ཉུལ་ལྐོག་འཛུལ་བྱས་ཡོད་པ་རེད། ཨ་རི་དང་དབྱིན་ཇི་སོགས་ཀྱི་གསང་ཉུལ་རྣམས་རྒྱ་ནག་ཏུ་ལྷགས། ཕྱི་རྒྱལ་ལ་སློབ་སྦྱོང་དུ་ཕྱིན་པའི་སློབ་ཕྲུག་གམ། ཕྱི་རྒྱལ་དུ་ཆེད་ལས་སྒྲུབ་བཞིན་པ་རྒྱ་ནག་པ་རྣམས་ཨ་རི་དང་དབྱིན་ཇིའི་གསང་བའི་ལས་ཁུངས་ཁག་གི་གསང་ཉུལ་ལ་བསྡུས་འདུག་ཟེར། རྒྱ་ནག་གི་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་སློབ་གསོའི་ཉིན་མོར་ལོ་ཤས་གོང་དུ་ཚན་རིག་པ་ཞིག་གིས་ཕྱི་རྒྱལ་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པ་རེད། རྒྱ་ནག་གི་ཚན་རིག་པ་དེར་སྲོག་ཁྲིམས་བཅད་ནས་༢༠༡༦་ལོར་བསད་པ་ཡིན་ཞེས་བསྒྲགས།།

ཕྱི་ཟླ་༤་པའི་ཚེས་༡༨་ཉིན་དབྱིན་ཇིའི་ཉིན་རེའི་སྦྲག་འཕྲིན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དེང་སྐབས་རྒྱ་ནག་ནི་སྤྱིར་བཏང་གི་རྒྱལ་ཁབ་ཅིག་མིན་པར་མཐར་ཐུག་གི་སོ་མྱུལ་རྒྱལ་ཁབ་དེར་གྱུར་འདུག རྒྱ་ནག་གིས་ཕྱོགས་གཅིག་ནས་རང་གི་མི་དམངས་ལ་སོ་ལྟ་ནན་པོ་དང་ཕྱོགས་གཞན་ཞིག་ནས་ཕྱིའི་རྒྱལ་ཁབ་ཁག་ལ་གསང་ཉུལ་བཏང་སྟེ་འཛམ་གླིང་ཧྲིལ་པོ་དམར་ཤོག་ལ་བསྒྱུར་རྒྱུའི་ཧམ་སེམས་བཅངས་འདུག རྒྱ་ནག་གློག་གི་རླངས་འཁོར་བཟོ་མཁན་ཨང་དང་པོ་དེ་ཡིན་ཞིང་། ང་ཚོའི་དོགས་པ་དེ་ཚན་རིག་གི་རྟོག་སྒྲུང་གློག་བརྙན་ལྟ་བུ་ཞིག་ཡིན་སྲིད་ཀྱང་རྒྱ་ནག་གིས་བཟོས་པའི་གློག་གི་རླངས་འཁོར་རྣམས་གསང་བའི་གནས་ཚུལ་བསྡུ་རུབ་བྱེད་སྤྱད་ཅིག་ཏུ་འགྱུར་མི་སྲིད་པ་མིན། ང་ཚོ་རྒྱ་ནག་གི་དཔེ་སྒྲོམ་ནང་དུ་ཚུད་ན་རང་གི་གསང་བའི་གནས་ཚུལ་ལ་སྲུང་སྐྱོབ་བྱེད་མི་ཐུབ་པ་དང་རྒྱལ་སྲུང་གི་སྟོབས་ཤུགས་ཉམས། ནུབ་ཕྱོགས་ཀྱི་སློབ་ཆེན་ཁག་རྒྱ་ནག་གི་སློབ་ཕྲུག་ཚོའི་སློབ་ཡོན་གྱི་ཡོང་འབབ་དང་རྒྱ་ནག་གི་རོགས་དངུལ་ལ་མགོ་བོ་འཁོར་རྒྱུ་ཐལ་དྲགས་ཚེ། ནུབ་ཕྱོགས་ཀྱི་ཚན་རིག་ལག་རྩལ་དང་གསང་བའི་གནས་ཚུལ་རྣམས་རྒྱ་ནག་ལ་འཆོར་རྒྱུའི་ཉེན་ཁ་ཡོད་པ་རེད་ཅེས་གསར་འགྱུར་སྤེལ་འདུག

གླེང་སྟེགས།

XS
SM
MD
LG