ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༢༩

ཡུ་རོབ་གྲོས་ཚོགས་ཀྱི་འཇར་མན་ཎིའི་འཐུས་མི་ཞིག་གི་ལས་རོཊ་འཛིན་བཟུང་།


ཡུ་རོབ་གྲོས་ཚོགས་ཀྱི་འཇར་མན་ཎིའི་འཐུས་མི་དེ་གཡས་ཐལ་ཚོགས་པའི་འཐུས་མི་མཀ་སི་མཱི་ལན་ཀ་རཱ་
ཡུ་རོབ་གྲོས་ཚོགས་ཀྱི་འཇར་མན་ཎིའི་འཐུས་མི་དེ་གཡས་ཐལ་ཚོགས་པའི་འཐུས་མི་མཀ་སི་མཱི་ལན་ཀ་རཱ་

༄༅།། ཡུ་རོབ་གྲོས་ཚོགས་ཀྱི་འཇར་མན་ཎིའི་འཐུས་མི་ཞིག་གི་ལས་བྱེད་པ་རྒྱ་ནག་གི་གསང་ཉུང་ཡིན་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག ཕྱི་ཟླ་༤་པའི་ཚེས་༢༣་ཉིན་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། འཇར་མན་གཞུང་གིས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་དེའི་ལས་བྱེད་པའི་མིང་ལ་ཅཱན་གོ་ཟེར་གྱི་འདུག ཁོ་པ་གཡས་ཐལ་ཚོགས་པའི་འཐུས་མི་ཞིག་གི་ལས་བྱེད་པ་རེད། ཅཱན་གོས་ཡུ་རོབ་གྲོས་ཚོགས་ནང་ཁུལ་གྱི་གསང་བའི་ཡིག་ཆ་རྣམས་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་གསང་ཉུང་ཚོར་མཁོ་སྤྲོད་ལན་མང་བྱས་འདུག ད་དུང་འཇར་མན་ཎིའི་ས་ཐོག་ཏུ་གནས་འཁོད་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཁ་གཏད་པ་ཚོར་ལྟ་རྟོག་བྱས་འདུག་ཅེས་ཉེས་འཛུགས་ཡིག་ཆའི་ནང་དུ་འཁོད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཉེས་འཛུགས་དེ་རྒྱ་ནག་གི་ནག་པོ་བཟོ་ཐབས་དང་མགོ་བོ་གནོན་ཐབས། ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གཉིས་མཉམ་འབྲེལ་བྱེད་ཀྱི་ཡོད་པར་འགལ་ཟླ་སློང་ཐབས་ཤིག་རེད་ཅེས་དགག་པ་བརྒྱབ།།

འཇར་མན་ཎིའི་ནང་སྲིད་བློན་ཆེན་ནན་སི་ཧྥེ་སར་གྱིས་ཉེས་འཛུགས་དེ་ཚབས་ཆེན་ཞིག་རེད། གལ་སྲིད་ཡུ་རོབ་གྲོས་ཚོགས་ཀྱི་འཇར་མན་ཎིའི་འཐུས་མི་ཞིག་གི་ལས་བྱེད་པས་ནང་ཁུལ་གྱི་གསང་བའི་ཡིག་ཆ་རྒྱ་ནག་ལ་མཁོ་སྤྲོད་བྱས་ཡོད་པ་བདེན་པ་ཡིན་ཚེ། འཇར་མན་པ་ཞིག་གིས་ནང་ཁུལ་ནས་ཡུ་རོབ་ཀྱི་དམངས་གཙོའི་ལམ་ལུགས་ལ་གཏོར་བརླག་བྱས་པ་རེད་ཅེས་བསྒྲགས། འཇར་མན་ཎིའི་གསར་འགྱུར་ལས་ཁང་མང་ཆེ་བས་ཡུ་རོབ་གྲོས་ཚོགས་ཀྱི་འཇར་མན་ཎིའི་འཐུས་མི་དེ་གཡས་ཐལ་ཚོགས་པའི་འཐུས་མི་མཀ་སི་མཱི་ལན་ཀ་རཱ་རེད་ཅེས་ངོ་ཐག་བཅད། འཇར་མན་ཎིའི་གཡས་ཐལ་ཚོགས་པའི་མགྲིན་ཚབ་པ་ཞིག་གིས་ང་ཚོར་གནས་ཚུལ་གསར་པ་ཅི་ཡང་བཤད་རྒྱུ་མེད། ང་ཚོས་འཇར་མན་གཞུང་གི་འབྲེལ་ཡོད་ཚན་པ་ཁག་གིས་ཞིབ་འཇུག་བྱས་ནས་གནས་ཚུལ་ཕྱིར་བསྒྲགས་བྱ་རྒྱུ་དེར་སྒུག་བཞིན་ཡོད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

འཇར་མན་ཎིའི་ནང་སྲིད་བློན་ཆེན་ནན་སི་ཧྥེ་སར་
འཇར་མན་ཎིའི་ནང་སྲིད་བློན་ཆེན་ནན་སི་ཧྥེ་སར་

ཕྱི་ཟླ་༤་པའི་ཚེས་༢༣་ཉིན་འཇར་མན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཇར་མན་ཎིའི་གཡས་ཐལ་ཚོགས་པའི་འཐུས་མི་ཀ་རཱ་ཞེས་པ་ནི་༢༠༠༠་ལོར་འཇར་མན་ཎིའི་ཌེ་རེ་སི་དེན་ས་གནས་སུ་ཁྲིམས་ལུགས་ཀྱི་འབུམ་རམས་པ་ཐོན། དེ་ནས་ཁོ་པ་རྒྱ་ནག་གི་ཧོང་ཀོང་དམིགས་བསལ་ས་ཁུལ་དང་ཧྲང་ཧེ་ལ་ཕྱིན་ནས་བསྡད། ཀ་རཱས་རྒྱ་ནག་ལ་མཛའ་མཐུན་གྱི་འབྲེལ་བ་འཛིན་དགོས། རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་དང་གྲངས་ཉུང་མི་རིགས་ཁག་བཙོན་སྒར་དུ་བཅུག་སྟེ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གི་ཡོད་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རྣམས་རྒྱ་ནག་དགྲར་འཛིན་གྱི་དྲིལ་བསྒྲགས་རེད། ཐེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་པ་དང་བོད་ཀྱང་རྒྱ་ནག་གི་མངའ་ཁོངས་བསྙོན་མེད་ཅིག་རེད་ཅེས་རྟག་ཏུ་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་རྒྱ་ནག་དམར་ཤོག་གཞུང་གིས་བོད་དང་ཞིན་ཅང་སོགས་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་ཁྲིམས་མཐུན་རེད་ཟེར་མཁན་ཞིག་ཡིན་པའི་གནས་ཚུལ་ཐོན་འདུག

གསར་འགོད་པ་ཚོས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཀ་རཱ་ལ་ཁྱེད་རང་གི་ལས་བྱེད་པ་ཞིག་རྒྱ་ནག་གི་གསང་ཉུལ་ཡིན་པའི་གནས་ཚུལ་ཐོན་པར་ལྟ་ཚུལ་ཅི་ཞིག་ཡོད་ཅེས་དྲིས། ཁོ་པས་ཕྱིའི་རྒྱལ་ཁབ་ཅིག་གི་གསང་ཉུལ་ཡིན་ན་གནད་དོན་ཚབས་ཆེན་རེད། ངས་ཀྱང་ད་ནངས་ཞོགས་པར་ལས་བྱེད་པ་དེ་འཛིན་བཟུང་བྱས་པ་གསར་འགྱུར་ནང་དུ་ཤེས་རྟོགས་བྱུང་སོང་། ང་ལ་གནས་ཚུལ་གསར་པ་ཅི་ཡང་བཤད་རྒྱུ་མེད། ཁོ་པ་རྒྱ་ནག་གི་གསང་ཉུལ་ཡིན་པ་ཁུངས་སྐྱེལ་ཐུབ་ན་འཕྲལ་དུ་ལས་མཚམས་འཇོག་ཏུ་འཇུག་རྒྱུ་ཡིན་ཟེར། འཇར་མན་ཎིའི་ཞིབ་འཇུག་པ་ཚོས་མི་སྣ་དོགས་གཞི་ཅན་དེས་ཡུ་རོབ་གྲོས་ཚོགས་ཀྱི་གསང་བའི་ཡིག་ཆ་རྣམས་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་ལ་སྤྲད་ཡོད་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་ཅིང་། མི་དེར་འབྲེལ་བ་ཡོད་པའི་ཁང་པ་ཚང་མར་སྔོག་བཤེར་བྱས་པ་དང་གཟའ་མིག་དམར་ཉིན་ཁྲིམས་ཁང་དུ་ཁྲིད་ཡོད་པའི་གནས་ཚུལ་ཐོན་འདུག

འཇར་མན་ཎིའི་སྔོ་ལྗང་ཚོགས་པའི་གྲོས་ཚོགས་འཐུས་མི་ཀོན་སི་ཊན་ཊིན་ཝོན་ནོ་ཛིས་
འཇར་མན་ཎིའི་སྔོ་ལྗང་ཚོགས་པའི་གྲོས་ཚོགས་འཐུས་མི་ཀོན་སི་ཊན་ཊིན་ཝོན་ནོ་ཛིས་

འཇར་མན་ཎིའི་སྔོ་ལྗང་ཚོགས་པའི་གྲོས་ཚོགས་འཐུས་མི་ཀོན་སི་ཊན་ཊིན་ཝོན་ནོ་ཛིས་གཡལ་ཐལ་ཚོགས་པའི་འཐུས་མི་ཞིག་གི་ལས་བྱེད་པ་འཛིན་བཟུང་བྱས་པ་ནི་སྲིད་དོན་ཚོགས་པ་དེ་བཙན་དབང་རིང་ལུགས་ལ་དགའ་མོས་ཡོད་པའི་དཔང་རྟགས་རེད། གཡས་ཐལ་ཚོགས་པ་དེས་སྲིད་དབང་གཅིག་སྡུད་ལམ་ལུགས་ལ་རྒྱབ་སྐྱོར་བྱས་ནས་མཐའ་མཇུག་འཇར་མན་ཎི་ལའང་སྲིད་དབང་གཅིག་སྡུད་ལམ་ལུགས་དར་ཁྱབ་གཏོང་རྒྱུའི་དམིགས་ཡུལ་བཅངས་ཡོད་པ་རེད། སྲིད་དོན་ཚོགས་པ་དེས་དམངས་གཙོའི་ལམ་ལུགས་དང་རྩ་ཁྲིམས་ཀྱིས་སྐྱོང་རྒྱལ་ཁབ་ཁག་ལ་མངོན་སུམ་འཛེམ་མེད་ཀྱིས་ཁྱད་གསོད་བྱེད་ཀྱི་འདུག སྲིད་དོན་པ་ཚོར་རྒྱ་ནག་དང་ཨུ་རུ་སུའི་བཙན་དབང་རིང་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ཁོ་ན་མིན། ང་ཚོས་གང་ཟག་སྒེར་པ་རེ་ཟུང་ཞིག་ལ་ཤུགས་རྐྱེན་ཐེབས་པ་རེད་ཟེར་གྱི་མེད། སྲིད་དོན་ཚོགས་པ་ཧྲིལ་པར་ཤུགས་རྐྱེན་ཐེབས་ཀྱི་འདུག་ཅེས་སྐྱོན་བཙུགས།།

ཕྱི་ཟླ་༤་པའི་ཚེས་༢༢་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཟླ་བའི་ཉིན་འཇར་མན་པ་༣་གྱིས་རྒྱ་ནག་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག འཇར་མན་ཎིའི་དབུས་ཉེས་འཛུགས་ལྷན་ཁང་གི་ལས་སྣེ་ཚོས་མི་དེ་དག་སྐྱེས་པ་༢་དང་བུད་མེད་༡་རེད། ཁོ་ཚོས་འཇར་མན་ཎིའི་ཕྱིར་ཚོང་དང་དངུལ་སྒོར་སྤྲོད་ལེན་གྱི་ཁྲིམས་ལ་འགལ་འཛོལ་བྱས་འདུག མི་སྣ་དོགས་ཅན་དེ་རྣམས་༢༠༢༢་ལོའི་ཕྱི་ཟླ་༦་ནས་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་འབྲེལ་བ་འདུག་ཅེས་བཀྲལ། རྒྱ་ནག་གི་གསང་ཉུལ་རེད་ཟེར་བ་དེ་དག་གིས་གཙོ་བོ་འཇར་མན་ཎིའི་དམག་དོན་འཕྲུལ་རིག་ལག་རྩལ་མཁོ་སྒྲུབ་དང་འཇར་མན་ཎིའི་ཚན་རིག་པ་ཚོར་འབྲེལ་བ་འཛུགས་ཐབས། ཁོ་ཚོས་ཡུ་རོབ་མཉམ་འབྲེལ་གྱི་ཕྱིར་ཚོང་བཀག་སྡོམ་གྱི་ཁྲིམས་ལ་བརྩི་མེད་བཏང་ནས་འོད་རླབས་ཀྱི་འཕྲུལ་རིག་ལག་རྩལ་རྒྱ་ནག་ལ་བཙོང་ཐབས་སུ་འབད། དེ་བཞིན་དབྱིན་ཇིའི་གཞུང་གིས་ཀྱང་མི་གཉིས་ལ་རྒྱ་ནག་གི་གསང་ཉུལ་ཡིན་པའི་ནག་ཉེས་བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་འཇར་མན་ཎིའི་སྲིད་བློན་ཨོ་ལཱབ་ཤོལ་ཚི་རྒྱ་ནག་ལ་འཚམས་འདྲིར་ཕེབས་
ཉེ་ཆར་འཇར་མན་ཎིའི་སྲིད་བློན་ཨོ་ལཱབ་ཤོལ་ཚི་རྒྱ་ནག་ལ་འཚམས་འདྲིར་ཕེབས་

ཉེ་ཆར་འཇར་མན་ཎིའི་སྲིད་བློན་ཨོ་ལཱབ་ཤོལ་ཚི་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཏེ་ཕྱོགས་གཉིས་ཀྱི་ཚོང་ལས་ཡར་རྒྱས་གཏོང་དགོས། རྒྱ་ནག་གིས་ཨུ་རུ་སུར་གནོན་ཤུགས་སྤྲད་ནས་ཡུཀ་རེན་གྱི་དམག་འཁྲུག་མྱུར་དུ་ཐག་ཆོད་པ་ཞིག་བྱ་དགོས་པའི་བཀའ་མོལ་གནང་བའི་རྗེས་སུ་འཇར་མན་གཞུང་ནས་རྒྱ་ནག་གི་གསང་ཉུལ་ཡིན་པའི་མི་སྣ་དོགས་ཅན་ཁག་ཅིག་འཛིན་བཟུང་བྱས་པར་མ་ཟད། སྔ་ལོ་འཇར་མན་གཞུང་གིས་རྒྱ་ནག་ལ་འཛིན་པའི་ཕྱི་འབྲེལ་ཐབས་ཇུས་ཞེས་པའི་ཡིག་ཆ་ཞིག་བཏོན། ཡིག་ཆ་དེའི་ནང་དུ་རྒྱ་ནག་ལ་གོ་རིམ་ལྡན་པའི་སྒོ་ནས་ཁ་གཏད་གཅོག་དགོས། འཇར་མན་ཎིའི་དཔལ་འབྱོར་རྒྱ་ནག་གཅིག་པུར་བརྟེན་མི་ཉན། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཚོང་ལས་ཐོག་ཏུ་རྒྱ་ནག་ལ་འབྲེལ་བ་དམ་ཟབ་འཛིན་དགོས། རྒྱ་ནག་གི་གསང་ཉུལ་རྣམས་ཡུ་རོབ་གླིང་དུ་ཁྱབ་ཡོད་པས་དེ་ལ་ནུས་པ་ལྡན་པའི་སྒོ་ནས་ཁ་གཏད་གཅོག་དགོས་ཞེས་བཀོད་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG