ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༨/༠༨

རྒྱ་ནག་གི་འབྱོར་ལྡན་ཚོས་རང་གི་དངུལ་སྒོར་སིངྒ་པུར་ལ་གཏོང་ཐབས། 


༄༅།། རྒྱ་ནག་གི་འབྱོར་ལྡན་པ་མང་དག་ཅིག་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་དང་ཐེ་ལན་ཌི་སོགས་ལ་ཁྱིམ་གཞིས་སྤོས། ཁོ་ཚོའི་དངུལ་སྒོར་རྣམས་སིངྒ་པུར་སོགས་ལ་བཏང་སྟེ་རྒྱལ་ཁབ་དེ་དག་གི་དངུལ་ཁང་ཁག་ཏུ་བཅོལ་བའམ། ཡང་ན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ཁྲོམ་རའི་ནང་དུ་མ་རྩ་བཙུགས་ཏེ་ཚོང་ལས་གཉེར། ཕྱི་ཟླ་༣་པའི་ཚེས་༢༩་ཉིན་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་གཅིག་གི་རིང་དེར་སིངྒ་པུར་ལ་གནས་སྤོར་ཇི་ལྟར་བྱེད་དགོས་པ་དང་ཆ་རྐྱེན་ཅི་ཞིག་ཚང་དགོས་མིན་འདྲི་རྩད་བྱེད་མཁན་ལྡབ་འགྱུར་གྱིས་མང་དུ་སོང་། དེའི་རྒྱུ་མཚན་གཙོ་བོ་ཞིག་ནི་ཞིས་ཅིན་ཕིང་གིས་འབྱོར་ལྡན་པ་དང་སྒེར་གྱི་ཁེ་ལས་ཁག་ལ་དམ་དྲག་བྱ་རྒྱུ་ཐལ་དྲགས་པས་ཡིན་ཞིང་། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་འབྱོར་ལྡན་པ་ཚོར་རང་གི་དངུལ་སྒོར་རྣམས་རྒྱ་ནག་གི་ས་ཐོག་ཏུ་འཇོག་རྒྱུ་དེར་བློ་འཚབ་བྱུང་། ཁོ་ཚོས་རང་གི་དངུལ་སྒོར་རྣམས་རྒྱ་ནག་གི་རིག་གཞུང་དར་ཁྱབ་ཆེ་བ་དང་རྒྱ་མི་རིགས་མང་བ། ཤེས་ཡོན་སློབ་གསོ་དང་འཕྲོད་བསྟེན་གྱི་མཐུན་རྐྱེན་ཡག་ག གནམ་གཤིས་དྲོན་པོ་དང་འཁོར་ཡུག་གཙང་མ། མི་འབོར་ཉུང་བ་དང་རྒྱལ་ཁབ་ལ་ཁྲིམས་ལུགས་ལྡན་པ། འབྱོར་ལྡན་པའི་རྒྱུ་དངོས་ལ་དཔྱ་ཁྲལ་རྒྱག་མི་དགོས་པའི་སིངྒ་པུར་མཚོ་གླིང་རྒྱལ་ཁབ་ལ་བཏང་སྟེ་ཁྱིམ་ཚང་གི་ལས་ཁུངས་འཛུགས་རྒྱུའི་ལམ་སྲོལ་ཞིག་དར། སྔོན་ཆད་རྒྱ་ནག་གི་འབྱོར་ལྡན་པ་ཚོ་གནས་སྤོར་བྱ་ཡུལ་དགའ་ཤོས་དེ་ཧོང་ཀོང་ཡིན་རུང་༢༠༡༩་ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཟེར་བ་ཞིག་གཏན་འབེབས་བྱས་ནས་བཟུང་། རྒྱ་ནག་གི་འབྱོར་ལྡན་པ་ཚོས་ཧོང་ཀོང་མ་ཡིན་པའི་གནས་སྤོར་བྱ་ཡུལ་ཞིག་གསར་པ་ཞིག་འཚོལ་རྒྱུ་མགོ་བརྩམས། སྔ་ལོ་ཞིས་ཅིན་ཕིང་གིས་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་ཐུན་མོང་གི་འཕེལ་རྒྱས། དབུལ་ཕྱུག་དོ་མཉམ་གཙིགས་སུ་འཛིན་དགོས་ཞེས་གཏམ་བཤད་བྱས་པའི་རྗེས་སུ་རྒྱ་ནག་གི་འབྱོར་ལྡན་པ་ཚོ་ཕྱི་རྒྱལ་ལ་སྤོར་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

སིངྒ་པུར།
སིངྒ་པུར།

སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་སིངྒ་པུར་གྱི་ཁྱིམ་ཚང་ལས་ཁུངས་གསར་འཛུགས་ཁེ་ལས་འགའ་ཞིག་ལ་བཅར་འདྲི་ཞུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སིངྒ་པུར་དུ་ཁྱིམ་ཚང་གི་ལས་ཁུངས་ཤིག་གསར་འཛུགས་བྱེད་པར་ཉུང་མཐར་ཡང་ཨ་སྒོར་ས་ཡ་ལྔའི་མ་རྩ་དང་རྒྱུ་དངོས་དགོས་ཤིང་། སིངྒ་པུར་གྱི་ཇིན་གྷ་ཁྱིམ་ཚང་ལས་ཁུངས་གསར་འཛུགས་ཁེ་ལས་ཁང་གི་འགན་འཛིན་ཨ་རི་སི་ཤུའི་ཞེས་པ་ཞིག་གིས་རྒྱ་ནག་གི་འབྱོར་ལྡན་པ་ཚོར་རང་ཡུལ་དུ་ཚོང་ལས་ཀྱི་གོ་སྐབས་ཆེན་པོ་ཡོད་ཀྱང་དངུལ་སྒོར་རྣམས་རྒྱ་ནག་གི་ས་ཐོག་ཏུ་འཇོག་རྒྱུ་བདེ་འཇགས་ཡིན་མིན་བློ་འཚབ་ཡོང་གི་འདུག ང་ཚོས་རྒྱ་ནག་པ་༥༠་ཙམ་ལ་སིངྒ་པུར་གྱི་ས་ཐོག་ཏུ་ཁྱིམ་ཚང་གི་ལས་ཁུངས་བཙུགས་ནས་གཞིས་ཆགས་ཐབས་ཀྱི་སྲི་ཞུ་སྒྲུབ་ཀྱི་ཡོད། རྒྱ་ནག་གི་འབྱོར་ལྡན་པའི་ཁྱིམ་ཚང་དེ་ཚོར་མ་མཐར་ཡང་ཨ་སྒོར་ས་ཡ་༡༠་ཐམ་པའི་མ་རྩ་འདུག་ཅེས་བཀྲལ། ཧྥོར་བྷ་སི་གསར་འགྱུར་ལས་ཁང་གིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཕྱིན་ཏེ་ལོ་བཅུ་ཕྲག་འགའ་ཞིག་གི་ནང་དུ་ཨ་སྒོར་ཐེར་འབུམ་ཅན་གྱི་ཕྱུག་བདག་ཇེ་མང་དུ་སོང་འདུག ད་ལྟ་ཨ་མི་རི་ཀར་ཨ་སྒོར་ཐེར་འབུམ་ཅན་གྱི་ཕྱུག་བདག་༧༢༤་ཡོད་པ་དང་རྒྱ་ནག་ལ་ཨ་སྒོར་ཐེར་འབུམ་ཅན་གྱི་ཕྱུག་བདག་༦༢༦་འདུག ཨ་རིའི་འཕྲོ་ནས་རྒྱ་ནག་ནི་ཨ་སྒོར་ཐེར་འབུམ་ཅན་གྱི་ཕྱུག་བདག་མང་ཤོས་ཨང་གཉིས་པ་རེད་ཅེས་གནས་ཚུལ་སྤེལ། སིངྒ་པུར་གྱི་མཚོ་ངོགས་ཁྲིམས་དོན་ཁང་གི་འགན་འཛིན་ར་ཡན་ལིན་གྱིས་མཚོ་གླིང་རྒྱལ་ཁབ་དེར་ཁྱིམ་གཞིས་གསར་ཆགས་བྱེད་དུ་ཡོང་མཁན་རྣམས་རྒྱ་ནག་པ་ཁོ་ན་མིན་པར་རྒྱ་གར་བ་དང་ཨིན་རྡུ་ནེ་ཤི་ཡའི་མི་རིགས། ཡུ་རོབ་ཀྱི་འབྱོར་ལྡན་པ་ཚོ་ཡང་ཡོང་གི་འདུག རྒྱ་ནག་གིས་ལོ་རེར་ཨ་སྒོར་༥༠༠༠༠་ལས་ཕྱི་ལ་འཁྱེར་མི་ཆོག་པའི་མ་རྩ་བཀག་སྡོམ་གྱི་ཁྲིམས་དམ་པོ་ཞིག་བཟོས་ཏེ་ཕྱུག་བདག་ཚོར་དངུལ་སྒོར་ལེན་ཐབས་མེད་པའི་དཀའ་ངལ་འཕྲད་ཀྱི་འདུག་ཅེས་བཤད།།

རྒྱ་ནག་གི་འབྱོར་ལྡན་པ་མང་དག་ཅིག་གིས་སྔོན་ལ་རང་གི་དངུལ་སྒོར་རྣམས་ཧོང་ཀོང་ལ་གཏོང་ཐབས་བྱས་པ་དང་དེ་ནས་སིངྒ་པུར་ལ་གཏོང་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། སིངྒ་པུར་གྱི་མཚོ་ངོགས་ཁྲིམས་དོན་ཁང་གི་འགན་འཛིན་ར་ཡན་ལིན་གྱིས་རྒྱ་ནག་གཞུང་གིས་དངུལ་སྒོར་ཕྱི་ལ་འཁྱེར་དུ་འཇུག་གི་མེད་པས་འབྱོར་ལྡན་པ་མང་དག་ཅིག་གིས་སིངྒ་པུར་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཁྱིམ་ཚང་གི་ལས་ཁུངས་ཡིན་ཞེས་ཚོང་ལས་བཙུགས་ནས་མ་རྩ་ཕྱི་ལ་ལེན་ཐབས་བྱེད་ཀྱི་འདུག ༢༠༡༩་ལོར་པེ་ཅིང་གི་དབང་འཛིན་པ་ཚོས་ཧོང་ཀོང་ལ་དྲག་གནོན་བྱས་པའི་རྗེས་སུ་རྒྱ་ནག་གི་འབྱོར་ལྡན་པ་ཚོས་བསྐྱར་དུ་བསམ་བློ་གཏོང་དགོས་པ་ཞིག་ཏུ་གྱུར་ཡོད་པར་མ་ཟད། ཁོ་ཚོར་རང་གི་རྒྱུ་དངོས་རྣམས་ཧོང་ཀོང་གི་ས་ཐོག་ཏུ་བདེ་འཇགས་ཡིན་མིན་ལ་དོགས་པ་བྱུང་སྟེ་སིངྒ་པུར་ལ་སྤོར་རྒྱུ་མགོ་ཚུགས་སོང་། ༢༠༢༡་ལོར་ཞིས་ཅིན་ཕིང་གིས་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་ཐུན་མོང་གི་འཕེལ་རྒྱས་ཞེས་དབུལ་ཕྱུག་དོ་མཉམ་གྱི་གཏམ་བཤད་བྱས་པའི་རྗེས་སུ་རྒྱ་ནག་གི་འབྱོར་ལྡན་པ་ཚོ་ཕྱི་ལ་བྲོས་བྱོལ་དུ་འགྲོ་རྒྱུ་ཇེ་མང་དུ་ཕྱིན་སོང་ཞེས་བཤད། ཞིས་ཅིན་ཕིང་གིས་སྒེར་པ་ཁག་ཅིག་ཚད་ལས་བརྒལ་བའི་འབྱོར་ལྡན་པར་འགྱུར་གྱི་ཡོད་པར་སྟངས་འཛིན་བྱ་དགོས། རྒྱ་ནག་ལ་མར་ཁེ་སི་རིང་ལུགས་ཀྱི་ཐུན་མོང་གི་འཕེལ་རྒྱས་འགྲོ་དགོས་པ་དང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་སྙོམས་ཐབས་བྱ་དགོས་ཞེས་ཨ་ལི་བྷ་བྷ་ལྟ་བུའི་སྒེར་གཉེར་བཟོ་ཚོང་ལས་ཁང་ཁག་ལ་ཨ་སྒོར་དུང་ཕྱུར་མང་པོ་ཉེས་ཆད་བཅད། རྒྱ་ནག་གི་ས་ཁང་ཚོང་ལས་ཁག་གིས་གཡོ་ཁྲམ་བྱས་ནས་མ་རྩ་བརྡིབས། རྒྱ་ནག་གི་ནད་འགོག་སྲིད་ཇུས་ཀྱིས་འགྲིམ་འགྲུལ་འགོག་གི་ཡོད་པ་བཅས་ཀྱིས་འབྱོར་ལྡན་པ་ཚོ་སིངྒ་པུར་སོགས་ལ་གནས་སྤོར་བྱ་རྒྱུ་མང་དུ་ཕྱིན་འདུག

སིངྒ་པུར་གྱི་སྲིད་གཞུང་གིས་ཕྱིའི་མ་རྩ་ནང་འགུགས་ཞེས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་སྐྱེ་བོ་ནར་སོན་པ་གང་ཞིག་གིས་ཨ་སྒོར་ས་ཡ་༢་དང་ཕྱེད་ཀ་མ་རྩ་བཙུགས་ཚེ། མི་དེར་སིངྒ་པུར་གྱི་གཏན་སྡོད་པའི་ཐོབ་ཐང་སྤྲོད་ཀྱི་ཡོད་པ་དང་༢༠༢༠་ལོར་ཁྱིམ་ཚང་༤༠༠་ཡས་མས་ཤིག་གིས་སིངྒ་པུར་གྱི་ས་ཐོག་ཏུ་ཁྱིམ་ཚང་གི་ལས་ཁུངས་བཙུགས་སོང་ཞེས་རྒྱལ་ཁབ་དེའི་དཔལ་འབྱོར་འདུ་འགོད་ལྷན་ཁང་གིས་གནས་ཚུལ་སྤེལ། འོན་ཀྱང་༢༠༢༡་ལོར་ཁྱིམ་ཚང་ཅི་ཙམ་གྱིས་སིངྒ་པུར་གྱི་ས་ཐོག་ཏུ་ལས་ཁུངས་གསར་འཛུགས་བྱས་ཡོད་མེད་ཀྱི་གཞི་གྲངས་མ་ཐོན། སིངྒ་པུར་གྱི་ཇིན་གྷ་ཁྱིམ་ཚང་ལས་ཁུངས་གསར་འཛུགས་ཁེ་ལས་ཁང་གི་འགན་འཛིན་ཨ་རི་སི་ཤུའི་ཡིས་ན་ནིང་གཅིག་པུར་ང་ཚོའི་ཚོང་ལས་བརྒྱ་ཆ་༢༥་མང་དུ་ཕྱིན་སོང་། ད་ལྟ་སེངྒ་པུར་དུ་ཁྱིམ་ཚང་གི་ལས་ཁུངས་བཙུགས་ཡོད་པའི་འབྱོར་ལྡན་པ་ཚོར་སྒེར་འཁོར་གྱི་ཁ་ལོ་བ་གླ་རྒྱུ་མི་རྙེད་པའི་ཚད་དེར་ཐུག་འདུག ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་རྒྱ་ནག་གཞུང་གིས་འགྲིམ་འགྲུལ་བཀག་པ་དང་ཕྱིར་སྐྱོད་ལག་འཁྱེར་སྤྲོད་ཀྱི་མེད་པ་སོགས་ཀྱིས་འབྱོར་ལྡན་པ་ཚོ་སིངྒ་པུར་ལ་ཁྱིམ་གཞིས་སྤོར་མཁན་བརྒྱ་ཕྲག་མང་པོ་ཡོང་གི་འདུག་ཅེས་བཤད། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་དྲག་གནོན་བྱས་པའི་རྗེས་སུ་མངའ་ཁུལ་དེའི་ཆེད་ལས་པ་དང་ཤེས་ཡོན་ཅན། འཕྲུལ་རིག་ལག་རྩལ་བ་སོགས་མི་རྣམ་དཔྱོད་ཅན་རྣམས་སིངྒ་པུར་ལ་གཏན་སྡོད་གཞིས་ཆགས་སུ་ཡོང་གི་ཡོད་པས་རྒྱ་ནག་གི་འབྱོར་ལྡན་པ་ཚོར་འཛམ་གླིང་གི་ལས་ཆེད་མཁས་པ་དང་ལག་རྩལ་མཁས་པ། ཚོང་ལས་དང་དཔལ་འབྱོར་གྱི་ལས་རིགས་ཁག་གི་མཁས་པ་ཚོ་ལག་མི་ཐོགས་པར་གླ་རྒྱུ་རྙེད་པས་སྔོན་ཆད་ཧོང་ཀོང་འཛམ་གླིང་གི་ཚོང་དོན་ལྟེ་གནས་སུ་གྱུར་པའི་གོ་གནས་དེ་སིངྒ་པུར་ལ་ཐོབ། ད་ནས་སིངྒ་པུར་འཛམ་གླིང་གི་ཚོང་དོན་དང་དཔལ་འབྱོར་གྱི་ལྟེ་གནས་ཤིག་ཏུ་འགྱུར་གྱི་ཡོད་པའི་རྣམ་པ་ཐོན་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༣་པའི་ཚེས་༣༡་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཐེ་ལན་ཌིར་རྒྱ་ནག་པ་ས་ཡ་༧་དང་འབུམ་༡་ཡོད་ཀྱང་སྟོང་ལོ་གསར་པ་མགོ་ཚུགས་ནས་༢༠༢༠་བར་དུ་རྒྱ་ནག་གི་ཤེས་ཡོན་ཅན་དང་ཚོང་པ། ཐེ་ལན་ཌིའི་འཚོ་བ་དང་སྤྱི་ཚོགས་ཀྱི་དལ་ཁོམ་ལ་དགའ་བའི་རྒྱ་ནག་པ་༧༧༠༠༠་ལྷག་ཐེ་ལན་ཌིར་གནས་སྤོས་བྱས་ཟིན་ཡོད་པའི་གནས་ཚུལ་ཐོན། སིངྒ་པུར་དུ་རྒྱ་མི་རིགས་ལ་ལྟ་སྟངས་ངན་པ་དང་དབྱེ་འབྱེད་ཀྱི་མཐོང་ཚུལ་འབྱུང་རྒྱུ་དཀོན་པོ་ཡིན་མོད། འོན་ཀྱང་ཐེ་ལན་པ་ཚོས་རྒྱ་ནག་པ་རྣམས་ཕྱུག་བདག་བླུན་པོ་དང་ཀླ་ཀློ། སྤྱོད་ངན་དང་རྒྱ་ནག་གི་ཚོང་པ་རྣམས་རང་ཤེད་ཆེ་བ། གཡོ་ཁྲམ་ཅན་རེད་ཅེས་དཀྲོག་གཏམ་སྒྲོགས་ནས་ལྟ་སྟངས་ངན་པ་ཞིག་ཡོང་ཡོད་པས་རྒྱ་ནག་པ་རྣམས་སིངྒ་པུར་གྱི་སྤྱི་ཚོགས་སུ་ཐིམ་ཐུབ་པ་ལྟར་ཐེ་ལན་ཌིའི་སྤྱི་ཚོགས་སུ་ཐིམ་དཀའ་བ་ཞིག་ཏུ་གྱུར། ཐེ་ལན་ཌི་སོགས་ལ་གཏན་སྡོད་གཞིས་ཆགས་སུ་བསླེབས་པའི་རྒྱ་ནག་པ་རྣམས་སིངྒ་པུར་དུ་ཁྱིམ་གཞིས་སྤོར་གྱི་ཡོད་པའི་འབྱོར་ལྡན་པ་དེ་དག་གི་གྲས་སུ་མ་ཚུད། ཐེ་ལན་ཌིའི་རྒྱ་ནག་གི་འབྱོར་ལྡན་པ་ཕལ་ཆེ་བས་རང་གི་བུ་ཕྲུག་རྣམས་རྒྱལ་སྤྱིའི་སློབ་གྲྭ་ཁག་ཏུ་བཏང་སྟེ་ཐེ་ལན་ཌིའི་སྐད་ཡིག་སློབ་སྦྱོང་བྱེད་མེད་པས་གནས་ཚང་རྒྱལ་ཁབ་ཀྱི་མི་དམངས་ལ་རྒྱ་ནག་པ་ཚོར་ལྟ་ཚུལ་བཟང་པོ་ཞིག་མེད་པའི་གནས་ཚུལ་ཐོན། དེར་བརྟེན་ཐེ་ལན་ཌིར་གནས་སྤོས་ཟིན་པའི་རྒྱ་ནག་པ་ཁག་ཅིག་ལ་རང་ཉིད་རྒྱལ་ཁབ་འདིའི་མི་ཁོངས་སུ་ཚུད་ཀྱི་ཡོད་མེད་ཀྱི་ཚོར་བ་བྱུང་སྟེ་བསམ་བློའི་དཀའ་ངལ་འཕྲད། ཐེ་ལན་ཌིའི་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ཁག་གིས་རྒྱ་ནག་ནས་གཞིས་ཆགས་སུ་ཡོང་བའི་འབྱོར་ལྡན་པ་ཚོར་སེམས་གསོ་དང་རྒྱབ་སྐྱོར། ཁོ་ཚོ་ཐེ་ལན་ཌིའི་སྤྱི་ཚོགས་སུ་འདྲེས་ཐུབ་པའི་ལས་གཞི་གཉེར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG