ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ཨ་རི་དང་རྒྱ་ནག་གཉིས་དབུལ་ཕོངས་ཀྱི་གནས་ནས་གྲོལ་བའི་ཁྱད་པར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གིས་སྤྱི་ཟླ་༡༡་པའི་ཚེས་༢༣་ཉིན་རྒྱལ་ཡོངས་སུ་དབུལ་ཕོངས་རྫོང་ཁག་༨༣༢་ཡོད་པ་རྣམས་ཡོངས་སུ་དབུལ་ཕོངས་ཀྱི་གནས་ནས་གྲོལ་ཟིན་ཞེས་གསལ་བསྒྲགས་སྤེལ་འདུག རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་རྒྱ་ནག་དབུལ་ཕོངས་ཀྱི་གནས་ནས་གྲོལ་བའི་ཉམས་མྱོང་གིས་འཛམ་གླིང་རྒྱལ་ཁབ་གཞན་རྣམས་དབུལ་ཕོངས་ཀྱི་གནས་ནས་ཐར་ཐབས་ལ་བློ་སྐྱེད་འབྱུང་ཐུབ་ཅེས་བསྟན། ད་དུང་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་པའི་རྐྱེན་གྱིས་ཨ་མི་རི་ཀའི་གཞི་རིམ་མང་ཚོགས་ཀྱི་ཡར་རྒྱས་དེ་ཉིད་དོ་མི་སྙོམས་པར་འཚོ་གནས་ཀྱི་ཉེན་ཁའི་ཛ་དྲག་ཆེ་རུ་ཕྱིན་འདུག་ཅེས་བཀོད།།

རྒྱ་ནག་གི་ཆེད་མཁས་པ་ཚོས་རྒྱ་ནག་ནི་དབུལ་ཕོངས་ཀྱི་གནས་ནས་ཡོངས་སུ་གྲོལ་ཟིན་ཡོད། ཨ་མི་རི་ཀར་མི་གྲངས་༤༠༠༠༠༠༠་འཚོ་བ་སྔར་བཞིན་དབུལ་ཕོངས་ཀྱི་ཚད་གཞིའི་འོག་ཏུ་ལྷུང་འདུག ཨ་མི་རི་ཀས་རྒྱ་ནག་ལ་སློབ་སྦྱོང་བྱས་ནས་ཉམས་མྱོང་ལེན་དགོས་ཚུལ་བརྗོད་མོད། འོན་ཀྱང་རྒྱ་ནག་གི་དབུལ་པོ་ཚོ་དབུལ་ཕོངས་ཀྱི་གནས་ནས་གྲོལ་ཡོད་མེད་དང་་ཁོ་ཚོ་ཨ་མི་རི་ཀར་ཡོང་འདོད་ཡོད་མེད། ཨ་མི་རི་ཀའི་དབུལ་པོ་རྣམས་དབུལ་ཕོངས་ཀྱི་གནས་ནས་ཡོངས་སུ་གྲོལ་ཟིན་པའི་རྒྱ་ནག་གི་སྤྱི་ཚོགས་ལ་འགྲོ་འདོད་ཡོད་མེད་བཅས་ལ་གཤིབ་སྡུར་ཞིག་བྱེད་ན་སྐད་ཆ་མང་པོ་ཞིག་བཤད་མི་དགོས་པར་གཤམ་གྱི་བསྡོམས་གྲངས་ཁག་གིས་ར་འཕྲོད་ཐུབ་རྒྱུ་མིན་ནམ།།

ཨ་མི་རི་ཀའི་མི་འབོར་ཞིབ་བཤེར་ལས་ཁུངས་དང་ངལ་རྩོལ་བཟོ་པའི་བསྡོམས་རྩིས་ལས་ཁུངས་གཉིས་ཀྱིས་བཏོན་པའི་གཞི་གྲངས་ལྟར་ན། ༢༠༡༩་ལོར་ཨ་མི་རི་ཀའི་དབུལ་ཕོངས་མི་འབོར་གྱི་སྡུར་ཚད་ནི་བརྒྱ་ཆའི་༡༠་དང་གྲངས་ཆུང་༥་ཡིན་པས་ཕལ་ཆེར་མི་གྲངས་༣༤༠༠༠༠༠༠་ཡིན་པ་རེད། འོན་ཀྱང་ཨ་མི་རི་ཀའི་ཀོ་ལོམ་བྷི་ཡ་སློབ་གྲྭ་ཆེན་མོས་ལོ་འདིའི་སྤྱི་ཟླ་༡༠་པའི་ནང་དུ་བཏོན་པའི་སྙན་ཐོ་དེར་སྤྱི་ཟླ་༥་པ་ནས་བཟུང་སྟེ་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ཨ་མི་རི་ཀའི་དབུལ་ཕོངས་ཀྱི་མི་འབོར་ས་ཡ་༨་ལྷག་འཕར་འདུག དེ་ལ་བལྟས་ན་དོན་དངོས་སུ་ཨ་མི་རི་ཀར་དབུལ་ཕོངས་ཀྱི་མི་འབོར་ཕལ་ཆེར་༤༠༠༠༠༠༠་ཡས་མས་ཤིག་ལས་མེད་པ་རེད།།

ཨ་མི་རི་ཀའི་མི་འབོར་ཞིབ་བཤེར་ལས་ཁུངས་ཀྱི་བསྡོམས་རྩིས་གསར་ཤོས་གཞི་བཟུང་བྱས་ན། ༢༠༢༠་ལོའི་ཨ་མི་རི་ཀའི་དབུལ་ཕོངས་ཀྱི་ཚད་གཞི་ནི་གང་ཟག་སྒེར་གྱི་ཡོང་འབབ་ཨ་སྒོར་༡༢༧༦༠་ལས་དམའ་བ་ཡིན་མི་རུང་བ་དང་དེ་ནི་རྒྱ་ནག་གི་སྒོར་མོར་ཕབ་ན་རྒྱ་སྒོར་༨༤༠༠༠་ཡིན་ཞིང་། བཟའ་མི་༤་ཡོད་པའི་ཁྱིམ་ཚང་ཞིག་ལ་མཚོན་ན་ཨ་སྒོར་༢༦༢༠༠་ལས་དམའ་བ་ཡིན་མི་རུང་བས་རྒྱ་ནག་གི་སྒོར་མོ་༡༧༢༣༩༨་ཡིན་འདུག ཨ་མི་རི་ཀའི་ཚད་ལས་བརྒལ་བའི་དབུལ་ཕོངས་ཉམ་ཐག་ཏུ་གྱུར་པའི་མི་འབོར་ཞེས་པ་ནི་གོང་འཁོད་ཀྱི་ཚད་གཞི་དེ་ལས་བརྒྱ་ཆ་༥༠་ལོངས་མེད་པར་གོ་དགོས་འདུག ཨ་མི་རི་ཀའི་རིག་མཛོད་སྲོལ་རྒྱུན་ཐེབས་རྩ་ཞེས་པའི་༢༠༡༨་ལོའི་སྙན་ཐོ་བཏོན་པ་དེ་ལ་དོན་དངོས་སུ་ཨ་མི་རི་ཀའི་ཚད་ལས་བརྒལ་བའི་དབུལ་ཕོངས་ཀྱི་ཚད་གཞིར་ལྷུང་མེད་པའི་མི་འབོར་ནི་༡༨༠༥༠༠༠༠་མ་ཡིན་པར་༡༠༥༠༠༠༠་ཡིན་འདུག འདི་ནས་དམིགས་བསལ་དུ་བརྗོད་དགོས་པ་ཞིག་ལ་གཞུང་གིས་ཉམས་ཐག་ཚོར་སྐྱོབ་གསོ་སྤྲོད་བཞིན་ཡོད་པ་སྟེ། དཔེར་ན་ཁང་པ་དང་འཕྲོད་བསྟེན་ལྟ་སྐྱོང་དང་སྨན་བཅོས། ཟས་རིགས་དང་འཚོ་བའི་ཁ་གསབ་རོགས་རམ། གཞན་ཁག་གྲངས་ཀ་འདིའི་ཁོངས་སུ་ཚུད་མེད།།

དེས་ན་རྒྱ་ནག་དབུལ་ཕོངས་ཡིན་མིན་གྱི་གཞི་རྩ་འཛིན་སའི་ཚད་གཞི་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ད་ལོའི་སྤྱི་ཟླ་༣་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་སྡེ་ཚན་གྱི་འགན་འཛིན་ལུའུ་ཡུང་ཧྥུས་རྒྱ་ནག་གི་ཚད་གཞི་ནི་ཡོང་འབབ་གཅིག་དང་སེམས་ཁྲལ་མི་དགོས་པ་གཉིས། ཁག་ཐེག་གསུམ་ཞེས་བཤད་པ་དེ་རྣམས་ཡིན་འདུག ལུའུ་ཡུང་ཧྥུའི་སྐད་ཆ་དེ་དག་གཞིར་བཟུང་ན་ཡོང་འབབ་གཅིག་ཟེར་བ་ནི་རྒྱལ་ཁབ་ཀྱི་ཡོང་འབབ་ཚད་གཞི་སྟེ། ༢༠༡༠་ལོའི་ཞིང་པ་མི་རེ་རེའི་ལོ་གཅིག་གི་ཡོང་འབབ་ཁྲོམ་རའི་གོང་ཐང་ལ་འགྱུར་བ་མི་འགྲོ་བར་ཆ་བཞག་ན་རྒྱ་ནག་གི་སྒོར་མོ་༢༣༠༠་ཡིན་ཞིང་། དངོས་པོའི་ཁྲོམ་ཐང་གི་སྡུར་ཚད་གཞིགས་ཚེ། ན་ནིང་ལོ་མཇུག་གི་གོང་ཐང་གཞི་བཟུང་བྱས་ན་རྒྱ་ནག་གི་སྒོར་མོ་༣༢༡༨་ཡིན་འདུག ད་ལོ་ཕལ་ཆེར་རྒྱ་ནག་སྒོར་མོ་༤༠༠༠་ཡས་མས་ཤིག་ཡིན་དགོས་པ་རེད། སེམས་ཁྲལ་མི་དགོས་པ་གཉིས་ཟེར་བ་ནི་ཁ་ལ་ཟ་རྒྱུར་སེམས་ཁྲལ་མི་དགོས་པ་དང་རྒྱབ་ལ་གོན་རྒྱུར་སེམས་ཁྲལ་མི་དགོས་པར་གོ་དགོས་ཤིང་། ད་ཆ་དེ་གཉིས་ཡོངས་སུ་བསྒྲུབས་ཐུབ་ཡོད་པ་རེད། ཁག་ཐེག་གསུམ་ཟེར་བ་ནི་འོས་འགན་གྱི་ཤེས་རིག་སློབ་གསོ་དང་འཕྲོད་བསྟེན་ལྟ་སྐྱོང་། སྡོད་སའི་ཁང་པ་བདེ་འཇགས་བཅས་ལ་ཁག་ཐེག་ཡོད་པར་གོ་བཞིན་འདུག ལུའུ་ཡུང་ཧྥུས་མཁོ་སྤྲོད་བྱས་པའི་ཆ་འཕྲིན་དུ་རྒྱ་ནག་གི་དབུལ་ཕོངས་ཀྱི་གནས་ལས་གྲོལ་ཟིན་པའི་མི་འབོར་ལ་ཆ་སྙོམས་མི་རེ་རེའི་ཡོང་འབབ་དེ་རྒྱ་ནག་སྒོར་མོ་༩༠༠༠་ཡན་ལ་ཡིན་དགོས་ཤིང་། དབུལ་ཕོངས་ཀྱི་གནས་ལས་ཡོངས་སུ་གྲོལ་མེད་པའི་མི་འབོར་གྱི་ཆ་སྙོམས་མི་རེ་རེའི་ཡོང་འབབ་རྒྱ་ནག་སྒོར་མོ་༦༠༠༠་གི་ཡན་ཆད་ཡིན་དགོས། མི་རེ་རེར་ཆ་སྙོམས་རྒྱ་སྒོར་༦༠༠༠་ཡིན་ན་ཏག་ཏག་འཛམ་གླིང་དངུལ་ཁང་གི་ཚད་ལས་བརྒལ་བའི་དབུལ་ཕོངས་ཉམ་ཐག་གི་ཚད་གཞི་ལས་བརྒལ་ཐུབ་ཙམ་བྱུང་ཡོད་རེད།།

ཨ་མི་རི་ཀའི་གཞུང་གིས་དབུལ་ཕོངས་ཀྱི་གནས་སུ་ལྷུང་ཡོད་མཁན་ཚོར་ཕན་བདེ་སྣ་ཚོགས་བསྐྲུན་དང་སྐྲུན་མུས་ཡིན་ཞིང་། གཙོ་ཆེ་བ་ནི་འཕྲོད་བསྟེན་ལྟ་སྐྱོང་དང་་ཟ་མ། ཁང་པ་དང་ཕྲུ་གུའི་ཤེས་རིག་སློབ་གསོ་སོགས་ཀྱི་ཐད་ལ་རོགས་རམ་སྤྲོད་བཞིན་པ་རེད། ཨ་མི་རི་ཀའི་དབུལ་ཕོངས་ཡིན་མཁན་ཚོའི་སྤྱི་ཚོགས་ཀྱི་ཕན་བདེ་ཆེ་ཤོས་ཤིག་ནི་འཕྲོད་བསྟེན་ལྟ་སྐྱོང་ཡིན་འདུག ཨ་མི་རི་ཀའི་མཉམ་འབྲེལ་གཞུང་དང་མངའ་སྡེའི་གཞུང་གཉིས་ཀས་འཕྲོད་བསྟེན་འགན་ལེན་གྱི་ལས་གཞི་རྣམ་གྲངས་དང་འཕྲོད་བསྟེན་གྱི་ཁ་གསབ་རོགས་དངུལ་ཡོད་པ་དེའི་ཐོག་ཏུ་དབུལ་པོ་ཚོར་འཕྲོད་བསྟེན་དང་འབྲེལ་བའི་ཉེན་འགོག་འགན་ལེན་གྱི་དགོས་མཁོ་ནར་གཏོང་བྱེད་བཞིན་འདུག དབུལ་ཕོངས་ཀྱི་གནས་སུ་ལྷུང་བ་དེ་དག་གི་བདེ་རྩར་ཕན་པའི་ལས་གཞི་རྣམ་གྲངས་གཞན་ཞིག་ནི་ཚོང་ཁང་ནས་བཟའ་བཅའ་ལེན་ཆོག་པའི་བྱང་བུ་སྤྲད་རེད། དབུལ་ཕོངས་ཀྱི་ཚད་གཞི་ལ་ལྷུང་མེད་པའི་ཁྱིམ་ཚང་ཡིན་ན་ཟླ་བ་རེ་རེར་ཚད་གཞི་ལྟར་སྒོར་མོ་མང་ཉུང་མི་འདྲ་བའི་བཟའ་ཆས་ལེན་བྱེད་ཀྱི་བྱང་བུ་ལེན་རྒྱུ་ཡོད་པར་མ་ཟད། སྡོད་སའི་ཁང་པར་གཞུང་གིས་ལས་གཞི་རྣམ་གྲངས་རིགས་གསུམ་འཆར་འགོད་བྱས་འདུག གཞུང་གིས་དབུལ་པོ་ཚོའི་སྡོད་ཁང་ལ་དམིགས་ནས་རོགས་སྐྱོར་རྣམ་གྲངས་འདྲ་མིན་སྣ་ཚོགས་ཤིག་སྤྲོད་ཀྱི་ཡོད་པའི་གྲས་སུ་སྡོད་ཁང་གི་ཁ་གསབ་དངུལ་སྤྲོད་པ་དང་སྐྱེད་ཀ་དམའ་མོའི་བུན་ལོན་གཏོང་བ་སོགས་འདུག དཔེར་ན་རྒན་རྒོན་ཡོང་འབབ་དམའ་པོ་ཡིན་པ་ཚོར་རྒན་རྒོན་སྡོད་སར་འཇོག་གི་ཡོད་པ་དང་ཁང་གླ་སྤྲོད་མི་ཐུབ་པའི་ཁྱིམ་ཚང་ཁག་ལ་ཁང་གླ་ཁ་གསབ་དངུལ་རོགས་སྐྱོར་སྤྲོད་ཀྱི་ཡོད་པ་རེད།།
ཨ་མི་རི་ཀའི་འོས་འགན་གྱི་ཤེས་རིག་སློབ་གསོ་ནི་ལོ་༡༣་ཡིན་ཞིང་། བུ་བཅོལ་ཁང་ལ་ལོ་གཅིག་དང་སློབ་ཆུང་ལོ་རིམ་དང་པོ་ནས་མཐོ་འབྲིང་བཅས་འཛིན་གྲྭ་བཅུ་གཉིས་བར་དུ་ཁྱོན་བསྡོམས་ལོ་༡༢་ཡིན་འདུག གཞུང་གཉེར་སློབ་གྲྭ་ཚང་མའི་སློབ་ཡོན་རྩ་བ་ནས་ཆག་ཡང་ཡིན་པ་རེད། དབུལ་ཕོངས་ཚོའི་བུ་ཕྲུག་རྣམས་སློབ་གྲྭ་ཆེན་མོར་འགྲོ་འདོད་ཡོད་ན་གཞུང་གིས་སློབ་ཡོན་རོགས་དངུལ་སྤྲོད་སྲོལ་ཡོད་ཅིང་། སློབ་གྲྭས་ཉིན་གུང་གི་ཟ་མའི་རིན་པ་ཆག་ཡང་གཏོང་གི་ཡོད་པ་ནི་སྲིད་གཞུང་ལ་བསྟོད་པར་འོས་པའི་ཕན་བདེའི་ལས་གཞི་ཞིག་ཡིན་འདུག དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་ཚོར་གཞུང་གཉེར་སློབ་གྲྭའི་སློབ་ཆུང་དང་སློབ་འབྲིང་ནས་བཟུང་སྟེ་ཉིན་གུང་གི་ཟ་མའི་རིན་པར་ཆག་ཡང་ཐོབ། དཔལ་འབྱོར་གྱི་ཡོང་འབབ་དམའ་པོ་ཡིན་པའི་ཁྱིམ་ཚང་ཁག་གི་བྱིས་པ་ཚོས་ཉིན་གུང་ཟ་མའི་རིན་འབབ་ལ་ཨ་སྒོར་༢༥་ལས་སྤྲོད་མི་དགོས། ཨ་མི་རི་ཀའི་ཞིང་འབྲོག་ལས་ཁུངས་ཀྱི་བུད་མེད་དང་བྱིས་པའི་བདེ་རྩར་དམིགས་ཏེ་དབུལ་ཕོངས་ཀྱི་ཁྱིམ་ཚང་ཁག་གི་བུད་མེད་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་བུད་མེད། ཕྲུ་གུ་ཆུང་ཆུང་བཅས་ལ་རོགས་དངུལ་མཁོ་སྤྲོད་ཀྱི་ལས་གཞི་འདིས་ཨ་མི་རི་ཀའི་སྤྱི་དམངས་ཁོ་ན་མ་ཡིན་པར་ལག་འཁྱེར་ལྗང་གུ་འཛིན་པ་པོ་དང་ཁྲིམས་མཐུན་གྱི་ཡིག་ཆ་ཡོད་མཁན་ཀུན་ལ་ཁྱབ་ཅིང་། ཨ་མི་རི་ཀའི་ས་ཐོག་ཏུ་ཡོད་པ་ཞིག་ཡིན་ཚད་ཐམས་ཅད་ལ་ཁྱབ། ཐ་ན་ཁྲིམས་འགལ་ཐོག་ཏུ་ཨ་མི་རི་ཀར་སླེབས་པ་ཚོར་ལའང་ཁྱབ་ཀྱི་ཡོད་པ་རེད།།

ཏོག་དབྱིབས་ནད་དུག་གི་དམིགས་བསལ་གནས་སྐབས་སུ་ཨ་མི་རི་ཀའི་གཞུང་གིས་དབུལ་ཕོངས་ཀྱི་གནས་སུ་ལྷུང་ཡོད་པ་ཚོར་རོགས་སྐྱོར་བྱེད་ཀྱི་ཡོད་པ་ནི་ཨ་རིའི་གྲོས་ཚོགས་ཀྱིས་སྤྱི་ཟླ་༣་པའི་ཟླ་མཇུག་ནས་ཨ་སྒོར་དུང་ཕྱུར་ཁྲི་གཉིས་ཀྱི་ཏོག་དབྱིབས་ནད་དུག་གི་རོགས་སྐྱོར་དང་དཔལ་འབྱོར་འགན་ལེན་བཅའ་ཁྲིམས་ཞེས་པར་ཆོག་མཆན་བཀོད། འཆར་གཞི་འདི་གཞི་བཟུང་བྱས་ན་ཡོང་འབབ་དམའ་བའི་མང་ཚོགས་ཏེ། ལོ་གཅིག་གི་ཡོང་འབབ་ཨ་སྒོར་༧༥༠༠༠་ལས་དམའ་བའི་མི་སྒེར་པ་རེ་རེར་ཨ་སྒོར་༡༢༠༠་རེ་ཐད་ཀར་རོགས་སྐྱོར་སྤྲད། ཁྱིམ་ཚང་གི་ཡོང་འབབ་ལོ་གཅིག་ལ་ཨ་སྒོར་༡༥༠༠༠༠་ཡན་ལ་མི་བརྒལ་བའི་བཟའ་ཚང་རེར་ཨ་སྒོར་༢༤༠༠་རེ་རོགས་དངུལ་སྤྲད་འདུག ཕྲུ་གུ་རེ་རེར་རོགས་དངུལ་ཨ་སྒོར་༥༠༠་རེ་འཐོལ་པ་ཡོད་པ་དང་འཆར་གཞི་འདི་ནས་མཉམ་འབྲེལ་གཞུང་གིས་མངའ་སྡེ་སོ་སོའི་ལས་ཀ་ཤོར་མཁན་རྣམས་ལ་དམིགས་པའི་སྐྱོབ་གསོའི་རོགས་དངུལ་གྱི་གཞི་རྩའི་ཐོག་ཏུ་ལས་ཀ་ཤོར་མཁན་མི་རེ་ངོ་རེར་བདུན་ཕྲག་རེར་ཨ་སྒོར་༦༠༠་རེའི་རོགས་དངུལ་འཐོལ་པ་སྤྲོད་ཀྱི་ཡོད་པ་རྣམས་སྤྱི་ཟླ་༧་པའི་ཚེས་༣༡་ཉིན་གཞི་ནས་མཚམས་འཇོག་བྱས་འདུག སྤྱི་ཟླ་༨་པའི་རྗེས་ནས་ཨ་མི་རི་ཀའི་མཉམ་འབྲེལ་གཞུང་གིས་དཀའ་སེལ་རོགས་སྐྱོར་ཐད་ཀྱི་འཆར་གཞི་ཐེངས་གཉིས་པར་བགྲོ་གླེང་བྱེད་འགོ་ཚུགས་ཀྱང་ད་ལྟའི་བར་དུ་མཐའ་མཇུག་གི་ཐག་གཅོད་མ་བྱུང་། ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་སྤྱི་ཟླ་༡༡་པའི་ཚེས་༡༦་ཉིན་དཀའ་ངལ་སེལ་ཐབས་ལ་དམིགས་པའི་རོགས་སྐྱོར་གྱི་འཆར་གཞི་གསར་པ་དེར་རྒྱབ་སྐྱོར་ཡོད་ཚུལ་གསུངས་འདུག

XS
SM
MD
LG