ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་སུ་རྒྱ་ནག་གི་ལས་སྣེ་བསྐོ་རྒྱུར་ངོ་རྒོལ།


༄༅།། རྒྱ་ནག་གཞུང་གིས་རང་གི་མཐོ་རིམ་ལས་སྣེ་ཧུ་པིན་ཁྲེན་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་འོས་མིར་འདེམས་སྒྲུག་བྱས་ཀྱང་རྒྱལ་ཁབ་༢༠་ཐམ་པའི་སྲིད་དོན་པ་༥༠་ལྷག་དང་ཡུ་གུར་བ། ཧོང་ཀོང་བ་དང་ཐེ་ཝན་པ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཙན་བྱོལ་ལ་གནས་འཁོད་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་ཧུ་པིན་ཁྲེན་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་གྲས་སུ་འདེམས་བསྐོ་བྱ་རྒྱུ་དེར་ངོ་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༢༣་ཉིན་ཨ་རིའི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་རང་གི་འོས་མི་དེ་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་མཐོ་རིམ་ལས་སྣེའི་གྲས་སུ་འདེམས་བསྐོ་བྱ་རྒྱུ་འོས་ཤིང་འཚམས་པ་ཞིག་ཡིན་ཞེས་རྒྱུ་མཚན་བགྲངས། ཕྱིའི་རྒྱལ་ཁབ་ཁག་གི་སྲིད་དོན་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཐ་ཞན་རེད། གལ་སྲིད་ཧུ་པིན་ཁྲེན་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་གྲས་སུ་འདེམས་བསྐོ་བྱུང་ཚེ། རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་དང་ཞིན་ཅང་གི་ཡུ་གུར་བ་སོགས་མི་སྟོང་ཕྲག་མང་པོ་སླར་ཡང་བཙོན་འཇུག་བྱེད་སྲིད་པའི་ཉེན་ཁ་འདུག་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་འཐུས་མི་༡༣་ཀྱི་གདན་ཐོབ་ཡོད་པ་དེའི་ཁོངས་ནས་གདོན་༢་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་སྤྲོད་དགོས། ཧུ་པིན་ཁྲེན་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་འོས་སྦྱོར་བྱས་པའི་འོས་མི་གསུམ་ཡོད་པ་དེ་དག་གི་གྲས་ཀྱི་གཅིག་ཡིན་འདུག རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་ཚོགས་ཁོངས་སུ་རྒྱལ་ཁབ་༡༩༤་འདུས། སྒྲིག་འཛུགས་དེས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་དང་ཉེས་ཅན་ཁྲིམས་བྱོལ་བ་རྣམས་འཛིན་བཟུང་། ཁོ་ཚོའི་མཛུབ་རིས་པར་ལེན་དང་རྒྱུད་རྫས་གསོག་ཉར། རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་སྔོན་བརྡ་བཏང་ནས་ཁྲིམས་འགལ་བ་དང་ཉེས་ཅན་པ་ཚོ་འཛིན་བཟུང་གི་ལས་དོན་ལ་མཉམ་འབྲེལ་བྱེད་ཀྱི་ཡོད་པ་རེད།།

ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཧྤུ་ལོ་རི་ཌ་མངའ་སྡེའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷིའོ་དང་ཝི་སི་ཀོན་སན་མངའ་སྡེའི་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གྷེ་ལ་ཧར། དེ་བཞིན་དབྱིན་ཡུལ་དང་ཨོ་གླིང་རྒྱལ་ཁབ། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོས་རང་རང་གི་སྲིད་གཞུང་ཁག་ལ་སྙན་ཞུ་ཕུལ་ནས་ཧུ་པིན་ཁྲེན་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ལ་འདེམས་བསྐོ་བྱ་རྒྱུ་དེར་ངོ་རྒོལ་བྱ་དགོས། ཧུ་པིན་ཁྲེན་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁུངས་སུ་འདེམས་བསྐོ་བྱུང་ན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། ཧོང་ཀོང་བ་དང་ཐེ་ཝན་པ། རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་རྣམས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་འཛིན་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྲིད་པའི་ཉེན་ཁ་ཆེ། རྒྱ་ནག་གི་གནོན་ཤུགས་འོག་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་མོ་རོ་ཀོའི་གཞུང་ལ་ཡུ་གུར་བ་ཧ་སན་འཛིན་བཟུང་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་འདུག དེར་བརྟེན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འོས་མི་ཞིག་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་སུ་བསྐོ་བཞག་བྱ་རྒྱུ་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡོད། ཡུ་གུར་བ་ཧ་སན་རྒྱ་ནག་ལ་རྩིས་སྤྲོད་བྱེད་ན་བཙོན་འཇུག་དང་མནར་གཅོད་མྱོང་ངེས་རེད་ཅེས་སྙན་ཞུའི་ནང་དུ་བཀོད། ད་ལོའི་ཕྱི་ཟླ་༣་པའི་ནང་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་གྱིས་རྒྱ་ནག་གཞུང་གིས་མུ་མཐུད་དུ་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་དང་མི་རིགས་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག་ཅེས་སྐྱོན་བཙུགས། འོན་ཀྱང་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོས་བདེ་སྐྱིད་ཀྱི་འཚོ་བར་རོལ་གྱི་ཡོད། རྒྱ་ནག་གིས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་ཅེས་ལན་བཏབ།།

ཧུ་པིན་ཁྲེན་ནི་རྒྱ་ནག་གི་སྤྱི་བདེ་ལྷན་ཁང་གི་རྒྱལ་སྤྱིའི་མཉམ་འབྲེལ་སྡེ་ཚན་གྱི་འགན་འཛིན་གཞོན་པ་ཡིན་ཞིང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཧུ་པིན་ཁྲེན་ལ་མཉམ་མྱོང་དང་འཇོན་ཐང་ཆེན་པོ་ཡོད། ཁོ་པ་འདེམས་བསྐོ་བྱུང་ན་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་འཇིགས་སྐུལ་རིང་ལུགས་དང་རྒྱལ་སྤྱིའི་ཁྲིམས་འགལ་སོགས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པར་གྲུབ་འབྲས་ཐོན་ནས་དམིགས་ཡུལ་འགྲུབ་ཐུབ། རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཁོངས་སུ་ཞུགས་ཡོད་པའི་རྒྱལ་ཁབ་ཁག་ལ་སྔར་ལས་བདེ་འཇགས་དང་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་ལས་དོན་ལ་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་ཅེས་བསྒྲགས། རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་ང་ཚོའི་སྒྲིག་འཛུགས་འདིར་ཚོགས་འཐུས་རྒྱལ་ཁབ་གཅིག་གིས་ཀྱང་ཤུགས་རྐྱེན་ཐེབས་ཆོག་གི་མེད། ང་ཚོས་བཏང་སྙོམས་དང་ཉེན་རྟོག་གི་ལས་དོན་མཉམ་སྒྲུབ། ཐ་ན་ཕན་ཚུན་ཕྱི་འབྲེལ་བཙུགས་མེད་པའི་རྒྱལ་ཁབ་ཁག་གི་ཉེན་རྟོག་སྒྲིག་འཛུགས་ཁག་ལའང་ལས་དོན་མཉམ་སྒྲུབ་ཀྱི་ཁོར་ཡུག་སྐྲུན་གྱི་ཡོད། རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་བྱེ་བྲག་པ་གཅིག་ལའང་སྒྲིག་འཛུགས་དེའི་ཐག་གཅོད་ལ་ཤུགས་རྐྱེན་ཐེབས་ཐུབ་པ་དང་འཛིན་བཟུང་གི་བཀའ་རྒྱ་གཏོང་བ། བཀའ་རྒྱ་ཕྱིར་འཐེན་བྱེད་ཆོག་པའི་དབང་ཚད་མེད་ཅེས་གསལ་བསྒྲགས་སྤེལ། ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནས་འོས་མི་གསུམ་ཡོད་པའི་གཞན་གཉིས་ནི་རྒྱ་གར་བ་ཞིག་དང་སིངྒ་པུར་གྱི་སྤྱི་དམངས་ཤིག་ཡིན་ཞིང་། དེ་རིང་གཟའ་མིག་དམར་ནས་གཟའ་ཕུར་བུ་བར་དུ་ཏུར་ཀིའི་རྒྱལ་ས་ཨན་ཀ་ར་གྲོང་ཁྱེར་དུ་རྒྱལ་ཁབ་རེས་འོས་ཤོག་རེ་འཕངས་ནས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་འཐུས་མི་རྣམས་འོས་འདེམས་བྱེད་ཀྱི་ཡོད་པ་རེད།།

ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཟུར་པ་ཏེ་ཌི་ཧུའི་ཡིས་ཧུ་པིན་ཁྲེན་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་གྲས་སུ་འདེམས་བསྐོ་བྱུང་ན་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་ནས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་བཏང་སྙོམས་དང་དྲང་བདེན་གྱི་ལངས་ཕྱོགས་ལ་ནག་ཐིག་འཕོག་ཤས་ཆེ། རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ལ་ཚོགས་འཐུས་རྒྱལ་ཁབ་ཁག་གིས་ཤུགས་རྐྱེན་ཐེབས་ནས་ཡིད་ཆེས་མེད་པར་གྱུར་མྱོང་ཡོད་པས་རྒྱ་ནག་གི་འོས་མི་ཧུ་པིན་ཁྲེན་འདེམས་བསྐོ་བྱ་རྒྱུ་དེར་དགོས་ཟོན་བྱ་དགོས། དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་སྲིད་དབང་སྒེར་གཅོད་ཀྱི་སྲིད་གཞུང་རྣམས་མཉམ་འབྲེལ་བྱས་ནས་སྲིད་དོན་གྱི་ལྟ་བ་མི་མཐུན་པ་རྣམས་ཁ་འགོག་ཐབས་བྱེད་ཀྱི་འདུག རྒྱ་ནག་གི་དབང་འཛིན་པ་ཚོར་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཁོངས་སུ་དབང་ཆ་སྤྲད་ན་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པ་སྔར་ལས་ཇེ་སྡུག་ཏུ་འགྲོ་ངེས་རེད་ཅེས་ཨོ་གླིང་རྒྱལ་ཁབ་ནས་དྲྭ་ལམ་དུ་སྙན་ཞུ་དེར་མིང་རྟགས་བཀོད། སྔ་ལོ་ཊེ་ཌི་ཧུས་ཧོང་ཀོང་གི་གྲོས་ཚོགས་ཀྱི་ཚོགས་འདུར་གཏོར་བརླག་བྱས་ནས་འཛིན་བྱས་པ་དང་དེའི་རྗེས་སུ་ཨོ་གླིང་རྒྱལ་ཁབ་ལ་བཙན་བྱོལ་དུ་བྲོས། རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་བཀའ་རྒྱ་བཏང་བའི་རྗེས་སུ་སྐྱེ་བོ་གང་ཞིག་འཛམ་གླིང་རྒྱལ་ཁབ་༡༩༤་ཡི་གང་དུ་ཡོད་ཀྱང་འཛིན་བཟུང་བྱས་ནས་སྐྱེས་ཡུལ་རྒྱལ་ཁབ་དེར་རྩིས་སྤྲོད་བྱེད་ཆོག དེས་ན་རྒྱ་ནག་གི་མཐོ་རིམ་ལས་སྣེ་ཞིག་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁོངས་སུ་འདེམས་བསྐོ་བྱུང་ན་བོད་པ་དང་ཡུ་གུར་བ། ཧོང་ཀོང་བ་དང་རྒྱ་ནག་གི་དམངས་གཙོན་དོན་གཉེར་བ་ཚོར་དམིགས་བསལ་གྱི་སྡང་ཟུག་བྱེད་སྲིད་པའི་ཉེན་ཁ་ཆེ།།

སྔོན་ཆད་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་གཙོ་འཛིན་ལ་རྒྱ་ནག་གི་སྤྱི་བདེ་ལྷན་ཁང་གི་བློན་ཆེན་མེང་ཧུང་ཝེ་འདེམས་བསྐོ་བྱུང་། ཁོ་པ་༢༠༡༨་ལོར་ཧྥ་རན་སི་ནས་རྒྱ་ནག་ལ་ཕྱིན་པའི་སྐབས་དེར་འཛིན་བཟུང་བྱས་ནས་ཟླ་བ་མང་པོར་གར་སོང་ཆ་མེད་དུ་གྱུར། ཕྱིས་སུ་རྒྱ་ནག་གཞུང་གིས་མེང་ཧུང་ཝེ་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་ནས་ལོ་༡༣་དང་ཕྱེད་ཀའི་བཙོན་འཇུག་གི་ཁྲིམས་ཐག་བཅད། མེང་ཧུང་ཝེའི་ཆུང་མ་དང་བུ་མཚེ་མ་གཉིས་ཀྱིས་ཧྥ་རན་སིར་སྲིད་དོན་སྐྱབས་བཅོལ་ཞུས། ཁ་སང་གཟའ་ཟླ་བའི་ཉིན་གྷེ་རེ་སི་མེང་གིས་ལོ་གསུམ་གྱི་རྗེས་སུ་མཉམ་འབྲེལ་གསར་ཁང་གི་བཅར་འདྲི་དང་ལེན་ཞུས། ཁོ་མོས་ངའི་མ་བུ་གསུམ་ལ་འདས་པའི་ལོ་གསུམ་གྱི་རིང་དུ་ཅི་ཞིག་བྱུང་བ་རྣམས་འཛམ་གླིང་ཡོངས་ལ་གདོང་པ་བསྟན་ནས་བཤད་དགོས་པའི་ལས་འགན་ཡོད། ངའི་ཁྱོ་གར་རྒྱ་ནག་གཞུང་གིས་ནག་ཉེས་རྫུན་མ་བཙུགས་ནས་ཁྲིམས་ལ་སྦྱར་བ་རེད། ད་ལྟ་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ནི་ཧ་ཅང་ཛ་དྲག་གི་གནས་སུ་ལྷུང་འདུག རྒྱ་ནག་གི་ལྐོག་ཟ་རུལ་སུངས་རྣམས་འགོག་པར་ཐབས་ལམ་གཉིས་ཡོད། ཐབས་ལམ་གཅིག་ནི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པའི་ད་ལྟའི་སྲིད་ཇུས་འདི་རྒྱུན་འཁྱོངས་བྱ་རྒྱུ། ཐབས་ལམ་གཞན་པ་དེ་རྒྱ་ནག་རྩ་ཁྲིམས་ཀྱིས་སྐྱོང་བའི་དམངས་གཙོའི་ལམ་ལུགས་ཤིག་ལ་བསྒྱུར་ནས་དཀའ་ངལ་འདི་འབྱུང་རྩ་ནས་འགོག་དགོས། ངའི་བུ་གཉིས་ལ་ཨ་ཕ་མེད་པར་འཚར་ལོངས་འབྱུང་དུ་འཇུག་འདོད་མེད་ཀྱང་ང་ཚོ་གཅིག་པུར་དཀའ་ངལ་འཕྲད་ཀྱི་ཡོད་པ་ཞིག་མིན། སྲིད་དོན་གྱི་ལྟ་བ་མི་མཐུན་པའི་རྒྱ་ནག་གི་ཁྱིམ་ཚང་ཇི་སྙེད་ཅིག་ལ་ང་ཚོ་ལྟར་དཀའ་ངལ་གཅིག་མཚུངས་ཤིག་འཕྲད་ཀྱི་ཡོད། ངའི་ཁྱོ་ག་བཙན་ཁྲིད་བྱས་པའི་རྗེས་སུ་དགོངས་ཞུའི་སྙན་ཞུ་ཞིག་ལ་རང་མོས་ཀྱིས་ནམ་ཡང་མིང་རྟགས་འགོད་མི་སྲིད། རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་ངའི་ཁྱོ་གར་མིག་ལྟ་ཞིག་ཀྱང་མི་བྱེད་པར་འཇོག་རྒྱུ་ཡིན་ནམ་ཞེས་གསར་འགོད་པ་བརྒྱུད་ནས་ཕར་དྲིས་འདུག

XS
SM
MD
LG