ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་ཧ་ཅང་ཉུང་དུ་ཕྱིན་འདུག


ནད་ཡམས་ཁྱབ་པའི་རིང་གི་རྒྱ་ནག་གི་གཉེན་སྟོན།
ནད་ཡམས་ཁྱབ་པའི་རིང་གི་རྒྱ་ནག་གི་གཉེན་སྟོན།

༄༅།། རྒྱ་ནག་ལ་མཚོན་ན་༢༠༢༢་ནི་གཉེན་སྒྲིག་བྱེད་མཁན་ཉུང་ཤོས་ཀྱི་ལོ་ཞིག་ཡིན་ཞིང་། རྒྱ་ནག་གི་མི་འབོར་མུ་མཐུད་ནས་ཉུང་དུ་འགྲོ་རྒྱུ་འགོག་དཀའ་བ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༦་པའི་ཚེས་༡༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་བཅུ་ཕྲག་ཅིག་ལ་རྒྱ་ནག་གི་སྤྱི་ཚོགས་སུ་གཉེན་སྒྲིག་བྱེད་མཁན་ཧ་ཅང་ཉུང་དུ་ཕྱིན་ཀྱང་ན་ནིང་གཉེན་སྒྲིག་བྱེད་མཁན་དེ་བས་ཀྱང་ཉུང་དུ་སོང་། དེའི་རྒྱུ་རྐྱེན་ནི་རྒྱ་ནག་གཞུང་གིས་ནད་ཡམས་དུས་སུ་སྒོ་རྒྱ་བསྡམས་ནས་མི་གྲངས་ས་ཡ་མང་པོ་བཙོན་པ་ལྟར་རང་ཁྱིམ་དུ་བཅུག ཟླ་བ་མང་པོར་གྲོང་ཁྱེར་ཁག་ཏུ་འགྲིམ་འགྲུལ་བཀག་སྟེ་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་པར་འབྲེལ་བ་འདུག སྔ་ལོ་རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་བཟའ་ཚང་ས་ཡ་༦.༨༣་བྱུང་། དེ་ནི་༢༠༢༡་དང་བསྡུར་ན་གཉེན་སྒྲིག་བྱེད་མཁན་བཟའ་ཚང་འབུམ་༨་ཉུང་དུ་ཕྱིན་འདུག ན་ནིང་རྒྱ་ནག་གི་བུད་མེད་༡༠༠༠་རེའི་ནང་དུ་ཆ་སྙོམས་ཕྲུ་གུ་སྐྱེ་མཁན་བརྒྱ་ཆ་༦.༧༧་ལས་མ་བྱུང་། ༢༠༢༡་ལོར་རྒྱ་ནག་གི་བུད་མེད་༡༠༠༠་རེའི་ནང་དུ་ཆ་སྙོམས་ཕྲུ་གུ་སྐྱེ་མཁན་བརྒྱ་ཆ་༧.༥༢་བྱུང་འདུག་ཅེས་གནས་ཚུལ་སྤེལ།།

ཕྱི་ཟླ་གཉིས་པའི་ཚེས་༡༤ ཉིན་ཏེ་དགའ་བོའི་དུས་ཆེན་ཉིན་གཉེན་སྒྲིག་དེབ་སྐྱེལ་བྱེད་མཁན་གྱིས་རྟེན་འབྲེལ་གྱི་པར་བསྒྲོན་པ།
ཕྱི་ཟླ་གཉིས་པའི་ཚེས་༡༤ ཉིན་ཏེ་དགའ་བོའི་དུས་ཆེན་ཉིན་གཉེན་སྒྲིག་དེབ་སྐྱེལ་བྱེད་མཁན་གྱིས་རྟེན་འབྲེལ་གྱི་པར་བསྒྲོན་པ།

ད་ལྟའི་རྒྱ་ནག་གི་མི་འབོར་འཕེལ་འགྲིབ་ལ་གཞིགས་ཚེ། རྒྱ་ནག་ནི་འབྱོར་ལྡན་རྒྱལ་ཁབ་ཅིག་ཏུ་མ་གྱུར་གོང་དུ་རྒུད། རྒྱ་ནག་གི་ལས་མིའི་གྲངས་འབོར་ཉུང་དུ་འགྲོ་བཞིན་པ་དང་ས་གནས་སྲིད་གཞུང་ཁག་གིས་རྒན་རྒོན་ཚོར་རྒས་ཕོགས་སྤྲད་ནས་བུ་ལོན་ནང་དུ་ཚུད། ཟླ་བ་སྔོན་མ་ནས་རྒྱ་ནག་གིས་གྲོང་ཁྱེར་༢༠་ལྷག་ལ་དུས་རབས་གསར་པའི་གཉེན་སྒྲིག་དང་ཕྲུ་གུ་སྐྱེ་བའི་རིག་གཞུང་དར་སྤེལ་ཞེས་ལས་འགུལ་སྤེལ། ཞིང་ཆེན་ཁ་ཤས་ཀྱིས་གསར་དུ་གཉེན་སྒྲིག་བྱེད་མཁན་ཚོར་ཕོགས་ཡོད་གུང་སེང་དུས་ཡུན་རིང་བ་སྤྲད། ༡༩༨༦་ནས་རྒྱ་ནག་གཞུང་གིས་ལོ་ལྟར་གཉེན་སྒྲིག་བྱེད་མཁན་ཅི་ཙམ་བྱུང་ཡོད་མེད་ཀྱི་གཞི་གྲངས་ཕྱིར་བསྒྲགས་བྱ་རྒྱུ་མགོ་བརྩམས། ༢༠༡༣་ལོར་རྒྱ་ནག་ཏུ་བཟའ་ཚང་ས་ཡ་༡༣་གྱིས་གཉེན་སྒྲིག་བྱས་པ་ནི་ཆེས་མང་ཤོས་སུ་གྱུར། སྔ་ལོ་རྒྱ་ནག་གི་བུད་མེད་༡༠༠༠་རེའི་ནང་དུ་ཆ་མཉམ་ཕྲུ་གུ་སྐྱེ་མཁན་བརྒྱ་ཆ་༦.༧༧་ལས་མེད་པ་ནི་༡༩༤༩་ལོར་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་བཟུང་ནས་བཟུང་། ད་ལྟའི་བར་དུ་བྱུང་མྱོང་མེད་པའི་མི་འབོར་ཉམས་རྒུད་ཅིག་ཡིན་འདུག

ཕྱི་ཟླ་༦་པའི་ཚེས་༡༢་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་མི་འབོར་ཉུང་དུ་འགྲོ་བཞིན་པ་དང་གཉེན་སྒྲིག་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་པ་གཉིས་ཐད་ཀར་འབྲེལ་བ་འདུག རྒྱ་གཞུང་གི་སྒྲིག་ཁྲིམས་དང་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཁག་ཀྱང་གཉེན་སྒྲིག་གི་འགོག་རྐྱེན་ཞིག་ཏུ་འགྱུར་གྱི་ཡོད་ཅིང་། གཉེན་སྒྲིག་མ་བྱས་པར་མཉམ་དུ་བསྡད་ཡོད་པའི་བཟའ་ཚང་ཚོར་ཕྲུ་གུ་སྐྱེ་རྒྱུར་དཀའ་ངལ་མི་ཉུང་བ་ཞིག་འདུག རྒྱ་ནག་གི་ན་གཞོན་ཚོར་ལས་ཀ་རག་གི་མེད་པ་དང་དཔལ་འབྱོར་གྱི་ཉམས་ཆག འཚོ་བའི་འགྲོ་གྲོན་ཆེ་བ་སོགས་ཀྱིས་གཉེན་སྒྲིག་མི་བྱེད་པའམ། ཡང་ན་གཉེན་སྒྲིག་བྱས་ནས་མཉམ་དུ་བསྡད་ཀྱང་ཕྲུ་གུ་སྐྱེ་རུ་འཇུག་འདོད་མེད་པ། སྐྱེས་པ་རང་བདག་གི་ཁང་པ་དང་རླངས་འཁོར་རྫིག་པོ། བཟོ་ཚོང་ལས་ཁུངས་ཡོད་མེད་ལ་བལྟས་ནས་རྒྱ་ནག་གི་བུད་མེད་ཚོས་གཉེན་སྒྲིག་བྱེད་པའི་ལམ་སྲོལ་ཞིག་དར། རྒྱ་ནག་གཞུང་གིས་ལོ་མང་རིང་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། ཕ་མ་ཕལ་ཆེ་བས་ཕྲུ་གུ་གཅིག་པུ་དེ་ཁྱིམ་ཚང་གི་ཤུལ་འཛིན་པ་བུ་ཞིག་སྐྱེ་རུ་བཅུག་སྟེ་ཕོ་མོ་གཉིས་དོ་མཉམ་མེད་པའི་གནས་ཚུལ་ཐོན།།

རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དུས་སུ་ཧྲང་ཧེ་གྲོང་ཁྱེར་ཧྲིལ་པོར་འགྲོ་འོང་བཀག ན་གཞོན་ཁག་ཅིག་གིས་ང་ཚོ་ནི་མ་རབས་མཐའ་མ་དེ་ཡིན། རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་ཏུ་ཕྲུ་གུ་སྐྱེ་རུ་འཇུག་རྒྱུ་མིན་ཞེས་ངོ་རྒོལ་གྱི་ལངས་ཕྱོགས་བཟུང་། དེ་བཞིན་རྒྱ་ནག་གི་བུད་མེད་རྣམས་ཤེས་ཡོན་སློབ་སྦྱོང་གི་ཆུ་ཚོད་མཐོ་རུ་ཕྱིན་ཏེ་དཔལ་འབྱོར་དང་འཚོ་བའི་འགྲོ་གྲོན་ཐོག་ཏུ་ཁྱོ་གར་རེ་མི་དགོས་པར་རང་མགོ་ཐོན། ཕ་མ་ཚོར་ཕྲུ་གུའི་སློབ་ཡོན་གྱི་དཀའ་ངལ་ཆེན་པོ་ཡོད་པ་བཅས་ཀྱིས་རྒྱ་ནག་གི་སྤྱི་ཚོགས་སུ་གཉེན་སྒྲིག་ལ་ཞེན་པ་ལོག དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་ཕོ་མོ་གཉིས་དོ་མཉམ་མེད་པར་ཕོ་གསར་ཚོས་གཉེན་སྒྲིག་བྱ་ཡུལ་རྙེད་ཀྱི་མི་འདུག་ཅེས་གནས་ཚུལ་སྤེལ། རྒྱ་ནག་གི་མི་འབོར་འཕེལ་འགྲིབ་ཉམས་ཞིབ་པ་ཧི་ཡ་ཧྥུས་(He Yafu )་༢༠༢༠་ལོར་རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་ཚོའི་ཆ་མཉམ་ལོ་ཚད་ལོ་༢༨.༦༧་རེད། དེའི་སྔོན་གྱི་ལོ་བཅུ་ཕྲག་གཅིག་གི་རིང་གཉེན་སྒྲིག་བྱེད་མཁན་ཚོའི་ཆ་མཉམ་ལོ་ཚད་ལོ་༢༤.༨༩་རེད་ཅེས་གཉེན་སྒྲིག་གི་ལོ་ཚད་འགྱངས་ཀྱི་ཡོད་པ་བསྟན།།

ཧྲང་ཧེ་དུ་༢༠༢༡ ལོར་གཉེན་སྒྲིག་འདྲ་པར་ལེན་རྒྱུར་གྲ་སྒྲིག་བྱེད་བཞིན་པ།
ཧྲང་ཧེ་དུ་༢༠༢༡ ལོར་གཉེན་སྒྲིག་འདྲ་པར་ལེན་རྒྱུར་གྲ་སྒྲིག་བྱེད་བཞིན་པ།

སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་མི་འབོར་ཉམས་རྒུད་འགྲོ་བཞིན་པ་གསོ་ཐབས་སུ་གུང་གཞོན་ཚོགས་པས་ན་གཞོན་ཚོ་ཐུག་འཕྲད་ཀྱི་འདུ་འཛོམ་བསྡུས། མནའ་མའི་ནུ་རིན་ཆུང་དུ་གཏོང་ཐབས་དང་གྲོང་གསེབ་ཁག་ཏུ་མནའ་མའི་ཕ་མ་གཉིས་ལ་རྒྱ་སྒོར་ཁྲི་ཚོ་མང་པོ་ནུ་རིན་སྤྲོད་དགོས་པར་མ་ཟད། མནའ་མའི་ཕ་མ་ཚོས་བཏོན་པའི་ཆ་རྐྱེན་བསྒྲུབས་ཏེ་ཁྱོ་ག་དེ་གཉེན་སྒྲིག་རྗེས་སུ་ལོ་མང་རིང་བུ་ལོན་ནང་དུ་ཚུད་པའམ། ཡང་ན་མནའ་མ་ལེན་མ་ཐུབ་པར་ཕོ་ཧྲེང་དུ་ལུས། རྒྱ་ནག་གི་འཆར་ལྡན་བུ་སྐྱེས་ལས་ཁུངས་ནས་གཉེན་སྒྲིག་གི་ལོ་ཚད་ལོན་པ་ཚོས་གཉེན་སྒྲིག་བྱ་དགོས། ཁྱོ་ག་དང་ཆུང་མ་གཉིས་ཀས་ཕྲུ་གུ་སྙོར་སྐྱོང་གི་ལས་འགན་མཉམ་དུ་འཁུར་དགོས་ཞེས་བསྐུལ། རྒྱ་གཞུང་གིས་བཟའ་ཚང་འཐོར་གྱི་ཡོད་པ་ཚོར་དུས་ཡུན་ཟླ་བ་གཅིག་གི་བསམ་ཞིབ་ཀྱི་དུས་ཚོད་སྤྲད། ༢༠༢༡་ལོར་རྒྱ་ནག་ཏུ་བཟའ་ཚང་ས་ཡ་༢.༡༣་ཁ་འཐོར་བྱུང་། སྔ་ལོ་བཟའ་ཚང་ས་ཡ་༢.༡་ཁ་འཐོར་བྱུང་བའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༦་པའི་ཚེས་༡༢་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༡༩༨༠་ནས་༡༩༨༩་བར་དུ་ལོ་རེར་ཆ་མཉམ་རྒྱ་ནག་ཏུ་ཕྲུ་གུ་ས་ཡ་༢༢.༠༩་སྐྱེས། ༡༩༩༠་ནས་༡༩༩༩་བར་དུ་ལོ་རེར་ཆ་མཉམ་ཕྲུ་གུ་ས་ཡ་༢༠.༨༥་སྐྱེས། ལོ་བཅུ་ཕྲག་རེ་རེར་རྒྱ་ནག་གི་མི་འབོར་ཉུང་དུ་འགྲོ་བཞིན་ཡོད་པས་དཔལ་འབྱོར་འཕེལ་རྒྱས་འགག་རྒྱུ་དང་ལས་ཀའི་གོ་སྐབས་ཇེ་དཀོན། སྔོན་ཆད་རྒྱ་ནག་གཞུང་གིས་ཕྲུ་གུ་སྐྱེ་མི་ཆོག་ཅེས་བཙན་གྱིས་བཀག་ནས་སྐྱེ་སྒོ་བཅད། ད་ལྟ་རྒྱ་ནག་གཞུང་གིས་ཕྲུ་གུ་སྐྱེ་དགོས་ཞེས་སྐུལ་ལྕག་གཏོང་གི་ཡོད་ཀྱང་ན་གཞོན་ཚོས་གཉེན་སྒྲིག་ལ་འཛིན་པའི་སྲོལ་རྒྱུན་གྱི་འདུ་ཤེས་འགྱུར། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་དུས་སུ་སྒོ་རྒྱ་བསྡམས་ནས་ནད་པ་ཁག་ཅིག་སྨན་ཁང་དུ་འཁྱེར་མ་ཐུབ་པར་རང་ཁྱིམ་དང་ལམ་ཐོག་ཏུ་ཤི། ཞི་ཅིན་ཕིང་གི་ནད་འགོག་སྲིད་ཇུས་དེས་རྒྱ་ནག་གི་ན་གཞོན་ཚོར་གཉེན་སྒྲིག་ཟེར་དུས་བསྐྱར་དུ་བསམ་བློ་གཏོང་དགོས་པ་ཞིག་ཏུ་བསྒྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ལྷོ་ཀོ་རི་ཡ་རུ་༢༠༢༠ ལོར་ཡེ་ཤུའི་ལྷ་ཁང་ཞིག་ཏུ་མི་མང་པོ་སྡེབ་གཅིག་ཏུ་གཉེན་སྒྲིག་བྱས་པ།
ལྷོ་ཀོ་རི་ཡ་རུ་༢༠༢༠ ལོར་ཡེ་ཤུའི་ལྷ་ཁང་ཞིག་ཏུ་མི་མང་པོ་སྡེབ་གཅིག་ཏུ་གཉེན་སྒྲིག་བྱས་པ།

མི་འབོར་ཉུང་དུ་འགྲོ་བཞིན་པ་ནི་རྒྱ་ནག་ཁོ་ན་མིན་པ་སྟེ། ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ལའང་མི་འབོར་ཉུང་དུ་ཕྱིན་ནས་འབྲེལ་ཡོད་སྲིད་གཞུང་གཉིས་ཀས་བཟའ་ཚང་ཚོར་འཚོ་དོད་རོགས་དངུལ་དང་ཁང་གླའི་རོགས་དངུལ། ཕྲུ་གུ་ཅི་ཙམ་མང་བ་སྐྱེས་ན་ཕ་མ་ཚོར་རོགས་དངུལ་མང་དུ་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར། ཨུ་རུ་སུ་དང་ཡུ་རོབ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུའང་མི་འབོར་ཉུང་དུ་སོང་། རྒྱ་གར་དང་ཨ་ཧྥི་རི་ཀ དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེའི་རྒྱལ་ཁབ་ཁག་ཏུ་མི་འབོར་འཕེལ་རྒྱས་དང་ལས་མིའི་ནུས་པ་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན། ཕྱི་ཟླ་༦་པའི་ཚེས་༨་ཉིན་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་༤་པ་ནས་རྒྱ་གར་གྱི་མི་འབོར་རྒྱ་ནག་ལས་བརྒལ་ཏེ་འཛམ་གླིང་གི་མི་འབོར་ཨང་དང་པོར་གྱུར། ཝིལ་སིན་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཇཱེ་ནི་ཧྥར་ ཤུ་བྷས་(Jennifer Sciubba)་རྒྱ་གར་གྱི་མི་འབོར་དེ་ཐོན་སྐྱེད་དང་རྡོག་ཁྲེས་གཉིས་ཀྱི་གང་ལ་འགྱུར་དུ་འཇུག་རྒྱུ་ཡིན་མིན་ནི་རྒྱ་གར་གྱིས་ཐག་གཅོད་བྱ་དགོས་ཞེས་སྨྲས།།

ཉེ་ཆར་ཕྱི་ཟླ་༥་པའི་ཚེས་༤་ཉིན་ཨ་རིའི་གནམ་གཤིས་འགྱུར་ལྡོག་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༣་ལོར་རྒྱ་ནག་གི་མི་འབོར་ཉུང་དུ་ཕྱིན་པ་ནི་རྒྱ་ནག་ལ་གནད་དོན་ཆེན་པོ་ཞིག་ཡིན་སྲིད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༢༠༥༠་ཡས་མས་སུ་རྒྱལ་ཁབ་མང་པོར་མི་འབོར་ཉུང་དུ་འགྲོ་རྒྱུའི་ཚོད་དཔག་བྱས་འདུག དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་འགྲོ་བ་མིའི་གྲངས་འབོར་འཕེལ་རྒྱས་ཕྱིན་པ་འདི་འདྲ་ཞིག་ཉེ་རིགས་གཞན་པ་ཕྱིན་མེད། མི་འབོར་ཉུང་དུ་ཕྱིན་ན་རང་བྱུང་ཁམས་ལ་གཏོར་བཤིག་འཕོག་གི་ཡོད་པ་དང་ཐོན་སྐྱེད་འཛད་ཀྱི་ཡོད་པ་རྣམས་ཚོད་འཛིན་ཐུབ་པའི་དགེ་མཚན་ཆེ། ད་ལྟ་སའི་གོ་ལའི་སྟེང་དུ་མི་གྲངས་དུང་ཕྱུར་༨༠་ཡོད་པ་དང་འགྲོ་བ་མིས་སྐྱེ་ཁམས་དང་ཁོར་ཡུག་ལ་གཏོར་བཤིག་བཏང་བ་ལྟར་ཉེ་རིགས་གཞན་གྱིས་བཏང་མྱོང་མེད། ང་ཚོས་གནས་སྐབས་ཀྱི་ཁེ་ཕན་ཆེད་དུ་སའི་གོ་ལར་གཏན་དུ་གནོད་པའི་གཏོར་བཤིག་གཏོང་གི་ཡོད་པ་འགོག་དགོས། མི་འབོར་ཉུང་དུ་ཕྱིན་ན་མ་འོངས་པར་འཛམ་གླིང་དུ་འཚོ་གནས་བྱ་རྒྱུའི་མིའི་རིགས་ལ་འཚོ་བ་དང་ཁོར་ཡུག ལས་ཀ་སོགས་ཀྱི་གོ་སྐབས་ཕུན་སུམ་ཚོགས་པ་ཞིག་ཐོབ་ཐུབ་པའི་ཁྱད་པར་ཡོད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG