ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

འཛམ་གླིང་ཡོངས་སུ་རྒྱ་ནག་དང་ཞིས་ཅིན་ཕིང་ལ་ལྟ་སྟངས་ངན་པ།


༄༅།། རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་ཏུ་བཅུག་སྟེ་ཉི་མ་༦་ལ་ཚབས་ཆེའི་འགོས་ནད་ཅིག་ཁྱབ་གདལ་འགྲོ་བཞིན་པ་ཕྱི་ལ་སྦ་གསང་བྱས་པ་བཅས་ཀྱིས་རྒྱལ་སྤྱིའི་ཐོག་ཏུ་རྒྱལ་ཁབ་མང་དག་ཅིག་རྒྱ་ནག་ལ་ཡིད་ཆེས་མེད་པ་དང་ཞིས་ཅིན་ཕིང་ལ་ལྟ་སྟངས་ངན་པ། འདས་པའི་ལོ་གཅིག་གི་ནང་དུ་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་ནི་ཡིད་རྟོན་རུང་བའི་མི་ཞིག་མ་རེད་ཅེས་སྔོན་ཆད་བྱུང་མྱོང་མེད་པའི་ལྟ་སྟངས་ཧ་ཅང་ངན་པ་ཞིག་འཛིན་གྱི་ཡོད་པའི་ཞིབ་འཇུག་སྙན་ཐོ་ཞིག་ཐོན་འདུག དེ་ཡང་ཕྱི་ཟླ་༡༠་པའི་ཚེས་༦་ཉིན་ཨ་རིའི་ཕིའུ་ཉམས་ཞིབ་ཁང་གིས་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་གི་མི་མང་ལ་བསམ་ཚུལ་འདྲི་ཞིབ་བྱས་པའི་གྲུབ་འབྲས་དེར་འཁོད་པ་ལྟར་ན། ཨ་མི་རི་ཀའི་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༧༧་ལྷག་གིས་རྒྱ་ནག་དང་ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་ལས་དོན་རྣམས་ཡང་དག་པ་ཞིག་བསྒྲུབ་རྒྱུའི་ཡིད་ཆེས་མེད་ཅེས་ལན་འདེབས་བྱས་ཡོད་ཅིང་། ཕིའུ་ཉམས་ཞིབ་ཁང་གིས་ལོ་འདིའི་ཕྱི་ཟླ་༦་པ་ནས་ཕྱི་ཟླ་༨་པའི་བར་དུ་ཁ་པར་བཏང་ནས་ཨ་རི་དང་ཁེ་ན་ཌ། ཧྥ་རན་སི་དང་འཇར་མན་ཎི། ཨོ་གླིང་རྒྱལ་ཁབ་དང་ཉི་ཧོང་། དབྱིན་ཇི་དང་བྷེལ་ཇམ། ཌན་མག་དང་ཨི་ཊ་ལི། ནེ་དྷར་ལན་ཌི། ལྷོ་ཀོ་རི་ཡ་དང་སི་པེན། སུད་ཌེན་བཅས་རྒྱལ་ཁབ་བཅུ་བཞིའི་མི་མང་༡༤༢༧༦་ལ་སྐད་ཆ་དྲིས། སྙན་ཐོ་ཕྱོགས་སྒྲིག་པ་ལཱོ་ར་སིལ་ཝྭར་གྱིས་རྒྱ་ནག་དང་ཞིས་ཅིན་ཕིང་ལ་ལྟ་སྟངས་ངན་པ་དང་ཡིད་ཆེས་མེད་པར་གྱུར་དོན་གཙོ་བོ་ཞིག་ནི་རྒྱ་ནག་གིས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་ཏུ་བཅུག་སྟེ་སྔོན་འགོག་ནན་པོ་ཞིག་མ་བྱས་པར་འབྲེལ་བ་འདུག་ཅེས་བསྟན།།

ཕིའུ་ཉམས་ཞིབ་ཁང་གི་སྙན་ཐོ་དེར་ན་ནིང་ལོ་མཇུག་ཏུ་རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་གྱི་མི་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་འདུག་ཅེས་ཁྱབ་བསྒྲགས་ནས་བཟུང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་རྒྱ་ནག་གི་སྲིད་དབང་གཅིག་སྡུད་ལམ་ལུགས་འོག་ཏུ་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་ཕྱི་ལ་ཁྱབ་བསྒྲགས་བྱེད་དུ་བཅུག་མ་སོང་། ད་ལྟ་འཛམ་གླིང་ཡོངས་སུ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཁྱབ་པ་རེད། རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་ཀྱི་ཡོད་པ་ཕྱིར་བསྒྲགས་བྱེད་དུ་མ་བཅུག་པ་དང་རྒྱལ་སྤྱིའི་འགྲིམ་འགྲུལ་འཕྲལ་དུ་བཀག་འགོག་བྱས་མ་སོང་ཞེས་སྐྱོན་བརྗོད་བྱ་རྒྱུ་འགོ་ཚུགས། རྒྱ་ནག་ནང་ཁུལ་དུ་མི་དམངས་དུང་ཕྱུར་༡༣་ལྷག་བཙོན་པ་ལྟར་ཟླ་བ་མང་པོར་རང་ཁྱིམ་དུ་བཀག་ནས་ཏོག་དབྱིབས་རིམས་ནད་མགོ་བོ་བཅོམ་སྟེ་རྒྱ་ནག་གི་སྤྱི་ཚོགས་སུ་མི་དམངས་ཀྱི་རྒྱུན་ལྡན་འཚོ་བ་སླར་གསོ་བྱུང་འདུག་ཅེས་བཀོད། ཡིན་ནའང་ཉེ་ཆར་རྒྱ་ནག་གཞུང་གིས་དམར་ཤོག་སྲིད་གཞུང་ཚུགས་ནས་ལོ་༧༡་འཁོར་བའི་དགའ་སྟོན་ཚོགས་པ་དང་ཝུ་ཧན་གྲོང་ཁྱེར་དུ་མི་ཁྲི་ཚོ་འགའ་ཞིག་འདུས་ནས་དགའ་སྟོན་བྱས་ནས་བཟུང་། རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་དང་ཞིས་ཅིན་ཕིང་ལ་མི་དགའ་བའི་སྡང་ཟུག་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་སོང་ཞིང་། རྒྱལ་ཁབ་མང་དག་ཅིག་གིས་འགོ་ཁྲིད་ཚོ་དང་སྲིད་དོན་པ་ཚོས་རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བཏང་བའི་འགན་འཁྲི་ལེན་དགོས་ཞེས་དགོས་འདུན་བཏོན། འཛམ་གླིང་དངུལ་ཁང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་དཀའ་ངལ་ཆེན་པོ་ཡོད་པའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་བུ་ལོན་ཆག་ཡང་གཏོང་དགོས་ཞེས་སྐུལ་ལྕག་གཏོང་གི་ཡོད་པར་མ་ཟད། ཨ་མི་རི་ཀ་དང་རྒྱལ་ཁབ་ཁག་ཅིག་གི་སྤྱི་དམངས་ཚོས་རྒྱ་ནག་ཁྲིམས་ལ་གཏུགས་ནས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བཏང་སྟེ་དཔལ་འབྱོར་ཉམས་རྒུད་སོང་བའི་གུན་གསབ་སྤྲོད་དུ་འཇུག་དགོས་ཞེས་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག

༢༠༡༧་ལོར་ཨོ་གླིང་རྒྱལ་ཁབ་ཀྱི་མི་མང་དེ་ཚོར་རྒྱ་ནག་ལ་ལྟ་ཚུལ་གང་འདྲ་ཞིག་ཡོད་ཅེས་དྲིས་པའི་སྐབས་སུ་མི་མང་སྐད་ཆ་འདྲི་ཡུལ་ལ་བརྒྱ་ཆ་༦༤་ལྷག་གིས་རྒྱ་ནག་ནི་ང་ཚོའི་ཚོང་གྲོགས་རྒྱལ་ཁབ་ཨང་དང་པོ་ཡིན། ང་ཚོ་རྒྱ་ནག་ལ་ལྟ་སྟངས་ཡག་པོ་དང་ཡིད་ཆེས་ཡོད་ཅེས་ལན་བཏབ། ད་ལྟ་ལོ་གསུམ་གྱི་རྗེས་སུ་ཨོ་གླིང་རྒྱལ་ཁབ་ཀྱི་མི་མང་ལ་སྐད་ཆ་དྲིས་ཚེ། རྒྱ་ནག་ལ་ལྟ་སྟངས་ཡག་པོ་ཡོད་ཅེས་ལན་འདེབས་བྱེད་མཁན་མི་གྲངས་བརྒྱ་ཆ་༡༤་ལས་མེད། ཨོ་གླིང་རྒྱལ་ཁབ་ཀྱི་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༨༡་གིས་རྒྱ་ནག་ལ་ལྟ་སྟངས་ཡག་པོ་མེད། ཞིས་ཅིན་ཕིང་ལ་ལྟ་སྟངས་ཡག་པོ་མེད་ཅེས་ལན་འདེབས་བྱས་འདུག དེ་བཞིན་དབྱིན་ཇིའི་སྤྱི་ཚོགས་སུའང་རྒྱ་ནག་ལ་ལྟ་སྟངས་ངན་པ་ཡོད་པ་སྟེ། ༢༠༡༨་ལོར་དབྱིན་ཇི་བ་བརྒྱ་ཆ་༤༩་ལྷག་གིས་རྒྱ་ནག་ལ་ལྟ་སྟངས་ཡག་པོ་ཡོད་ཅེས་ལན་བཏབ། ད་ལྟ་དབྱིན་ཡུལ་དུ་རྒྱ་ནག་ལ་ལྟ་སྟངས་ཡག་པོ་ཡོད་ཅེས་ལན་འདེབས་བྱེད་མཁན་མི་གྲངས་བརྒྱ་ཆ་༣༥་ལས་མེད། དབྱིན་ཡུལ་གྱི་སྤྱི་དམངས་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༧༤་ལྷག་གིས་རྒྱ་ནག་ལ་ལྟ་སྟངས་ཡག་པོ་མེད་ཅེས་ལན་བཏབ། ཕིའུ་ཞིབ་འཇུག་ཁང་གི་སྙན་ཐོ་ཕྱོགས་སྒྲིག་པ་སིལ་ཝྭར་གྱིས་ང་ཚོས་རྒྱལ་ཁབ་༥༠་ཐམ་པའི་མི་དམངས་ལ་དངོས་སུ་ཐུག་ནས་སྐད་ཆ་དྲིས་ཏེ་བསམ་ཚུལ་ཕྱོགས་བསྡུ་བྱ་དགོས་བསམས་བྱུང་། ཡིན་ནའང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སོང་སྟེ་འགྲིམ་འགྲུལ་འགག་པ་སོགས་ཀྱིས་ཁ་པར་བཏང་ནས་རྒྱལ་ཁབ་བཅུ་བཞིའི་མི་མང་ལ་མ་གཏོགས་བསམ་ཚུལ་འདྲི་ཞིབ་བྱེད་ཐུབ་མ་སོང་། རྒྱལ་ཁབ་བཅུ་བཞིའི་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༦༡་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཡག་པོ་བྱས་མ་སོང་ཞེས་ལན་འདེབས་བྱེད་ཀྱི་འདུག ཨ་མི་རི་ཀའི་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༨༤་ལྷག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཡག་པོ་བྱས་མ་སོང་བའི་ལན་འདེབས་བྱེད་ཀྱི་འདུག་ཅེས་བཤད།།

ཕིའུ་ཉམས་ཞིབ་ཁང་གིས་རྒྱལ་ཁབ་བཅུ་བཞིའི་མི་མང་ལ་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་ལ་ལྟ་ཚུལ་ཅི་ཞིག་ཡོད་ཅེས་དྲིས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་འཕྲོ་ནས་ཞིས་ཅིན་ཕིང་མི་ཡིད་རྟོན་མི་རུང་བ་ཞིག་མ་རེད། ཁོ་པར་ལྟ་སྟངས་ཡག་པོ་མེད་ཅེས་ལན་བཏབ། རྒྱལ་ཁབ་བཅུ་བཞིའི་མི་མང་སྐད་ཆ་འདྲི་ཡུལ་དེ་དག་གི་བརྒྱ་ཆ་༧༨་ལྷག་གིས་ཞིས་ཅིན་ཕིང་ལ་འཛམ་གླིང་གི་ལས་དོན་རྣམས་ཡང་དག་པ་ཞིག་བསྒྲུབ་རྒྱུའི་ཡིད་ཆེས་མེད་ཅེས་ལན་བཏབ་འདུག ཐ་ན་རྒྱ་ནག་ལ་ལྟ་ཚུལ་ཡག་པོ་ཡོད་ཅེས་ལན་འདེབས་བྱེད་མཁན་མི་བཅུའི་གྲས་སུའང་ཞིས་ཅིན་ཕིང་ལ་ཡིད་ཆེས་ཡོད། ཞིས་ཅིན་ཕིང་མི་ཡག་པོ་ཞིག་རེད་ཅེས་ལན་འདེབས་བྱེད་མཁན་མི་བཞི་ལས་མེད་ཅིང་། ཡུ་རོབ་རྒྱལ་ཁབ་འཇར་མན་ཎིར་མཚོན་ན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཡིད་ཆེས་མེད་མཁན་མི་གྲངས་བརྒྱ་ཆ་༨༩་དང་ཞིས་ཅིན་ཕིང་ལ་ཡིད་ཆེས་མེད་མཁན་མི་གྲངས་བརྒྱ་༧༨་འདུག རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་གང་འདྲ་རེད་ཅེས་སྐད་ཆ་དྲིས་པའི་སྐབས་སུ་ཨ་མི་རི་ཀ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་དང་པོ་རེད་ཅེས་ལན་འདེབས་བྱེད་མཁན་ཨ་མི་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་གསུམ་ལ་མང་བ་ཡོད་པ་མ་གཏོགས་རྒྱལ་ཁབ་གཞན་པ་༡༡་གི་ནང་དུ་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཡག་པོ་འདུག་ཅེས་ལན་འདེབས་བྱས་འདུག རྒྱ་ནག་དང་ཞིས་ཅིན་ཕིང་ལ་ལྟ་སྟངས་ངན་པ་ཡོང་དགོས་པའི་རྒྱུ་རྐྱེན་མང་དག་ཅིག་ཡོད་སྲིད་ཀྱང་གཙོ་ཆེ་བ་ནི་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་མི་ས་ཡ་གཅིག་ལྷག་ལ་འཆི་སྐྱོན་དང་མི་བྱེ་བ་གསུམ་དང་ཕྱེད་ཀ་ལྷག་ལ་ནད་དུག་འགོས་པར་ཐུག་འདུག་ཅེས་བཀོད།།

ཕིའུ་ཞིབ་འཇུག་ཁང་གི་སྙན་ཐོ་དེར་༢༠༡༩་ཡས་མས་ནས་འཛམ་གླིང་ཡུལ་གྲུ་གང་སར་རྒྱ་ནག་ལ་ལྟ་སྟངས་ངན་པ་འཛིན་རྒྱུ་འགོ་ཚུགས་འདུག དེའི་རྒྱུ་རྐྱེན་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཚོར་དྲག་གནོན་བྱས་པ་དང་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཉིས་ཡས་མས་ཤིག་བཀག་ཉར་ཁང་དུ་བཅུག་སྟེ་ངལ་རྩོལ་བཙན་བཀོལ་དང་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པ། རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་བརྟན་པོ་མེད་པ། ཨ་རི་དང་རྒྱ་ནག་གི་ཚོང་དམག་བཅས་ལ་འབྲེལ་བ་འདུག་ཅེས་བཀོད། ཉམས་ཞིབ་ཁག་ཅིག་གིས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་དང་ཞིས་ཅིན་ཕིང་ལ་ལྟ་སྟངས་ངན་པ་འཛིན་གྱི་ཡོད་པ་ནི་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ནས་མངའ་ཁོངས་རྒྱ་སྐྱེད་གཏོང་གི་ཡོད་པ། རྒྱ་ནག་གིས་དབུལ་ཕོངས་རྒྱལ་ཁབ་ཁག་ལ་དངུལ་སྒོར་བུ་ལོན་བསྐྱིས་ནས་བུ་ལོན་འཇལ་མ་ཐུབ་པའི་རྒྱལ་ཁབ་ཁག་གི་གྲུ་ཁ་དང་ས་ཆ་བཙན་འཕྲོག་བྱེད་ཀྱི་ཡོད་པ། ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་གསུམ་གྱི་བདག་དབང་བརྩད་ནས་རྒྱ་ནག་གིས་ཉི་ཧོང་ལ་འཁྲུག་རྩོད་སློང་བ། ད་ལོ་བོད་དང་ལ་དྭགས་ཀྱི་ས་མཚམས་སུ་རྒྱ་ནག་གིས་རྒྱ་གར་ལ་འཁྲུག་རྩོད་བསླངས་ནས་ཞི་བདེ་བརྟན་ལྷིང་མེད་པར་བཏང་བ། མདོར་ན་ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གིས་འཛམ་གླིང་ཡོངས་ལ་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ཞིག་འཛུགས་སྐྲུན་བྱས་ནས་སྟོབས་ཤུགས་རྒྱ་བསྐྱེད་ཀྱི་ཡོད་པ་བཅས་ལ་འབྲེལ་བ་འདུག་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG