ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་སྐད་འཕྲིན་བརྒྱུད་ནས་ཕྱི་ལ་འབྲེལ་བ་ཡོད་མཁན་ཚོར་འདྲི་ཞིབ།


༄༅།། རྒྱ་ནག་གི་གསང་བའི་ལས་ཁུངས་དང་ཉེན་རྟོག་པ་ཚོས་སྐད་འཕྲིན་བརྒྱུད་ནས་ཕྱི་ལོགས་སུ་འབྲེལ་བ་ཡོད་མཁན་ཚོ་བཀག་ཉར་དང་འདྲི་རྩད། ཁོ་ཚོས་ཕྱི་ལ་འབྲེལ་བ་བྱས་པའི་གནས་ཚུལ་རྣམས་ཉར་ཚགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་བོད་ནང་གི་མིང་དངོས་སུ་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེང་སྐབས་ལྷ་སར་མི་མང་པོ་འཛིན་བཟུང་བཀག་ཉར་བྱེད་བཞིན་འདུག ང་ཡང་ཉེ་ཆར་རླངས་འཁོར་བཏང་སྟེ་ཞོགས་པར་ལས་ཀར་འགྲོ་བའི་སྐབས་སུ་ལྷ་སའི་ཉེན་རྟོག་པས་ཁ་པར་འབྱོར་བྱུང་། ཁོ་ཚོས་ང་གང་དུ་ཡོད་མེད་འདྲི་རྩད་དང་འཕྲལ་དུ་ཉེན་རྟོག་ཁང་དུ་ཡོང་དགོས། སྐད་ཆ་འདྲི་རྒྱུ་ཡོད་ཟེར་བྱུང་བས་མྱུར་དུ་ཉེན་རྟོག་ཁང་ལ་ཕྱིན་པ་ཡིན། ཁོ་ཚོས་ང་ལ་ཟླ་བ་འདི་དང་ཚེས་གྲངས་འདི་འདྲ་ཞིག་ལ་ཁྱོད་ཀྱིས་ཕྱི་ལོགས་ཀྱི་མི་ཞིག་ལ་འབྲེལ་བ་བྱས་ནས་པར་སོགས་བསྐུར་འདུག་ཅེས་བསྟན་བྱུང་། དེའི་མཉམ་དུ་སྐད་འཕྲིན་ནང་ལ་སྐད་ཆ་བཤད་པ་རྣམས་རྒྱ་ཡིག་ལ་ཕབ་ནས་སྐད་ཆ་འདི་དང་དེ་བཤད་འདུག་ཅེས་ཤོག་ལྷེབ་ཅིག་བསྟན་བྱུང་། ད་དུང་ཕྱི་ལོགས་ཀྱི་མི་དེར་འབྲེལ་བ་ཇི་ལྟར་བྱུང་བ་ཡིན། དུས་ནམ་ཞིག་ནས་འབྲེལ་བ་དེ་འགོ་ཚུགས་པ་ཡིན་ཞེས་འདྲི་ཞིབ་མང་པོ་བྱས་སོང་། ང་ལ་སྐད་ཆ་དྲིས་པ་རྣམས་ཟིན་བྲིས་བཀོད་པ་དང་ཕྱི་ལོགས་ཀྱི་མི་དེའི་སྐད་འཕྲིན་ཁ་བྱང་དང་ཁ་པར་ཨང་གྲངས་རྣམས་ཐོ་འགོད་བྱས་སོང་། སྟབས་ལེགས་པ་ཞིག་ལ་ལམ་བར་དུ་སྐད་འཕྲིན་ནང་གི་སྐད་ཆ་རྣམས་བསུབས་ཐུབ་སོང་མ་གཏོགས་ཆག་སྒོ་ཆེན་པོ་ཞིག་བྱུང་ཡོད་ཤས་ཆེ་ཞེས་བཤད་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། འདྲི་ཞིབ་བྱས་པའི་བརྒྱུད་རིམ་ནང་དུ་ཕྱི་ལོགས་ཀྱི་མི་དེ་ནི་དམིགས་བསལ་ངོ་ཤེས་པ་དེ་འདྲ་གང་ཡང་མིན། གླུ་གཞས་ཀྱི་ཚོགས་པ་ཞིག་གི་ནང་དུ་གུས་པར་སྒེར་འབྲེལ་བྱུང་སྟེ་ཕ་རོལ་པོས་རེ་འདུན་བཏོན་པ་ལྟར་པར་ཞིག་བསྐུར་པ་ཡིན། དེ་མིན་ངོ་ཤེས་ཀྱི་མེད་ཅེས་ཨུ་ཚུགས་མཐའ་སྐྱེལ་བྱས་ནས་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཁས་བླངས་མེད། དུས་ཡུན་ཚོད་གསུམ་ལྷག་ལ་བཀག་ཉར་དང་འདྲི་ཞིབ་བྱས་པའི་རྗེས་སུ་ངའི་ཁ་པར་ལ་ཞིབ་བཤེར་བྱས་སོང་། དེ་ནས་ངའི་སྐད་འཕྲིན་གྱི་མགོ་པར་དང་མིང་བྱང་ངེས་པར་དུ་བརྗེ་དགོས་པ་དང་ཕྱི་ལོགས་ཀྱི་མི་དེར་གཏན་འབྲེལ་བ་བྱེད་མི་ཆོག་པར་མ་ཟད། སྐད་འཕྲིན་ཚོགས་པའི་ནང་དུ་མཉམ་ཞུགས་བྱེད་མི་ཆོག གལ་སྲིད་མུ་མཐུད་དུ་ཕྱི་ལ་འབྲེལ་བ་བྱེད་ན་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་མང་པོ་བྱས་ཡོད་པའི་གནས་ཚུལཐོན་འདུག

གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས་བརྗོད་དོན་ལྟར་ན། མི་དེའི་བཟའ་ཟླ་ཉེན་རྟོག་པས་འབོད་འགུགས་བྱས་ནས་ཉིན་༨་འགྲོ་བཞིན་ཡོད། ད་དུང་ཡང་གློད་གྲོལ་བཏང་མེད་པ་དང་ང་ནི་སེམས་ནད་ཀྱིས་རྐྱེན་པས་སྨན་ཁང་དུ་འགྲོ་དགོས་བྱུང་སོང་། ད་ལྟ་ལྷ་སའི་གསང་བའི་ལས་ཁུངས་དང་ཉེན་རྟོག་པ་ཟུང་འབྲེལ་གྱིས་མི་མང་པོ་ཉེན་རྟོག་ཁང་དུ་འབོད་འགུགས་བྱེད་བཞིན་ཡོད་པ་དང་ཁག་ཅིག་བཀག་ཉར་བྱས་ནས་འདྲི་རྩད་ཐེངས་འགའ་ཞིག་བྱས་པའི་གཞུག་ཏུ་གློད་གྲོལ་གཏོང་གི་འདུག མི་ཁག་ཅིག་བདུན་ཕྲག་གཅིག་ལྷག་ལ་བཀག་ཉར་བྱས་པ་དང་ཁ་ཤས་ནི་གང་དུ་ཡོད་མེད་ཀྱང་གོ་ཐོས་མེད་པར་འགྱུར་བའི་གནས་ཚུལ་འབྱུང་གི་འདུག་ཅེས་འགྲེལ་བརྗོད་གནང་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG