ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཀོང་ཀྲུག་རྒྱ་ནག་གི་ནད་ཡམས་ཁྱབ་གདལ་གྱི་ལྟེ་གནས་སུ་གྱུར། 


༄༅།། རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཀྲུག་གྲོང་ཁྱེར་དང་དེ་མིན་གྱི་གྲོང་ཁྱེར་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་འཛམ་གླིང་གི་བཟོ་ལས་ཐོན་སྐྱེད་དང་ཚོང་ལས་སོགས་ལ་བར་ཆད་ཆེན་པོ་འབྱུང་རྒྱུའི་མཚམས་སུ་སླེབས། རྒྱ་གཞུང་གིས་ཧྲང་ཧེ་གྲོང་ཁྱེར་ལ་དུས་ཡུན་ཟླ་བ་གཉིས་ལྷག་སྒོ་རྒྱ་བསྡམས་ནས་དམ་དྲག་བྱས་པ་ལྟར་ཀོང་ཀྲུག་ལའང་འབྱུང་སྲིད་པས་གྲོང་ཁྱེར་དེའི་འགོ་ཁྲིད་ཚོས་ས་གནས་མི་མང་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་གཟའ་ཟླ་བའི་ཉིན་མི་༧༤༧༥་ལ་ཏོག་དབྱིབས་ནད་དུག་འགོས་འདུག གཟའ་ཉི་མའི་ཉིན་མི་༥༤༩༦་ལ་ནད་དུག་འགོས། འདི་ནི་ལོ་འདིའི་ཕྱི་ཟླ་༥་པའི་ཚེས་༡་ནས་བཟུང་སྟེ་རྒྱ་ནག་རྒྱལ་ཡོངས་སུ་བྱུང་མྱོང་མེད་པའི་ནད་པའི་གྲངས་འབོར་མང་དུ་ཕྱིན་པ་ཞིག་རེད་ཅེས་བསྒྲགས། རྒྱ་ནག་གི་ཏོག་དབྱིབས་ནད་དུག་རྩ་འགོག་གི་སྲིད་ཇུས་འོག་ས་གནས་གང་དུ་ནད་དུག་ཁྱབ་ཀྱང་འཕྲལ་དུ་འབུར་བཅོམ་བྱེད་དགོས་པས་ཀོང་ཀྲུག་དང་པེ་ཅིང་གྲོང་ཁྱེར་སོགས་ཀྱི་གྲོང་གླིང་མང་ཆེ་བར་ནད་དུག་བརྟག་དཔྱད་ཀྱི་ཡོ་ཆས་མེད་པའི་དཀའ་ངལ་འཕྲད། འཛམ་གླིང་སྤྱི་ཡོངས་དང་བསྡུར་ན་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཤིན་ཏུ་ཉུང་རུང་ཞིས་ཅིན་ཕིང་གིས་ནད་ཡམས་རྩ་འགོག་གི་སྲིད་ཇུས་ཤིག་རྒྱུན་འཁྱོངས་བྱ་རྒྱུ་གཙིགས་སུ་བཟུང་། དེ་རིང་གཟའ་མིག་དམར་ཉིན་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་མང་དུ་ཕྱིན་ཡོད་སྲིད་ཀྱང་མི་གྲངས་ཅི་ཙམ་ལ་ནད་དུག་འགོས་ཡོད་མེད་ཀྱི་གཞི་གྲངས་མ་ཐོན། རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྣམས་ཨ་རི་དང་ཡུ་རོབ། རྒྱ་གར་སོགས་ཀྱི་སྨན་ཁབ་ལྟར་མ་ཡིན་པར་ནད་དུག་འགོག་གི་ནུས་པ་ཞན། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་རང་གི་མི་དམངས་ལ་ཕྱི་རྒྱལ་གྱི་སྨན་ཁབ་མ་བརྒྱབ་པར་ཏོག་དབྱིབས་ནད་དུག་འགོག་ཐུབ་རྒྱུ་ཁག་པོ་རེད་ཅེས་གླེང་།།

རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་གཞིས་ཚུགས་ཡོད་པའི་ཧྭ་པའོ་ཡིད་ཆེས་ཚོང་ལས་ཁང་གི་དཔལ་འབྱོར་རིག་པ་བ་ནེ་ཝེན་གྱིས་ནད་འགོག་སྲིད་ཇུས་ལྷུག་ཏུ་གཏོང་དགོས་ཟེར་རྒྱུ་ཤུགས་ཆེ་རུ་འགྲོ་བ་དང་མཉམ་དུ་ནད་དུག་ཁྱབ་གདལ་ཤུགས་ཆེ་རུ་འགྲོ་ཡི་འདུག རྒྱ་ནག་རྒྱལ་ཡོངས་ལ་ནད་དུག་བཀག་སྡོམ་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་རྒྱལ་ནང་གི་ཚོང་ལས་ལ་དོ་ཕོག་ཆེན་པོ་ཐེབས་ཀྱི་ཡོད་པ་བརྗོད་ཅི་དགོས། ད་ལོའི་བཞི་ཚན་བཞི་པའི་རིང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་༤་ནས་བརྒྱ་ཆ་༤.༥་བར་དུ་འཕར་རྒྱུའི་ཚོད་དཔག་བྱས་ཀྱང་དཔལ་འབྱོར་བརྒྱ་ཆ་༣.༥་ལས་འཕར་ཐུབ་རྒྱུ་མིན་པའི་རྣམ་པ་ཞིག་ཐོན་འདུག་ཅེས་བསྟན། ཕྱི་ཟླ་༡༠་པའི་ཟླ་མཇུག་ཏུ་རྒྱ་ནག་གི་ཀྲེང་ཀྲུག་གྲོང་ཁྱེར་གྱི་ཀུ་ཤུ་ཁ་པར་བཟོ་སྒྲིག་ཁང་གི་བཟོ་པ་བརྒྱ་ཕྲག་མང་པོ་འགྲོ་འོང་བཀག་སྡོམ་ལ་གཡོལ་བར་བྲོས་བྱོལ་དུ་སོང་སྟེ་ཀུ་ཤུ་ཁ་པར་ཐོན་རིམ་༡༤་པ་རྣམས་སྐྱེལ་འདྲེན་བྱེད་མི་ཐུབ་པ་དང་ཀུ་ཤུ་ཁ་པར་ཐོན་རིམ་༡༥་པ་བཟོ་སྒྲིག་བྱེད་མི་ཐུབ་པའི་གནས་སུ་ལྷུང་། རྒྱལ་སྤྱིའི་མ་རྩ་འཛུགས་འཇོག་བཟོ་ཚོང་ལས་ཁང་ཁག་གིས་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་ཡོད་པ་དང་ཉམས་ཆག་ཆེན་པོ་བྱུང་ཡོད་པའི་རྒྱ་ནག་གི་ཁྲོམ་ར་རྣམས་མ་རྩ་འཛུགས་ས་ཡག་པོ་ཞིག་ཏུ་རྩི། ཨོ་གླིང་གི་བྷེ་རེན་ཇཱོ་ཡེ་ཞེས་པའི་མ་རྩ་འཛུགས་འཇོག་ཁང་གི་ཚོང་དོན་འཐབ་ཇུས་པ་ཌེ་མེན་བྷོ་ཡེས་ཡིག་ཐོག་ཏུ་སྒྲིག་ཁྲིམས་ཅི་ཙམ་དམ་པོ་ཡོད་ཀྱང་གུ་ཡངས་ཀྱི་ཁོར་ཡུག་ཅིག་རྙེད་ངེས་རེད། རྒྱ་ནག་གི་ནད་དུག་སྔོན་འགོག་སྨན་ཁབ་ཡར་རྒྱས་བཏང་བ་དང་ས་གནས་བྱེ་བྲག་པ་རེར་སྒོ་རྒྱ་བསྡམས་ན་གནོད་སྐྱོན་ཆེན་པོ་མི་འབྱུང་ཞེས་རེ་བ་འཆང་། དེ་བཞིན་རྒྱལ་སྤྱིའི་བཟོ་ཚོང་ལས་ཁུངས་ཇི་སྙེད་ཅིག་གིས་རྒྱ་ནག་གི་ནད་འགོག་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུ་དང་འཛམ་གླིང་རྒྱལ་ཁབ་གཞན་ལྟར་རྒྱ་ནག་གིས་ཀྱང་འགྲོ་འོང་བཀག་སྡོམ་མེད་པར་བཏང་སྟེ་རྒྱུན་ལྡན་གྱི་ཚོང་ལས་གཉེར་དུ་བྱེད་དུ་འཇུག་རྒྱུའི་རེ་ལྟོས་འཆང་གི་ཡོད་མོད། འོན་ཀྱང་ཀོང་ཀྲུག་ལ་དམ་དྲག་བྱེད་སྟངས་ལ་གཞིགས་ན་རྒྱ་ནག་གི་ནད་འགོག་སྲིད་ཇུས་དེར་འགྱུར་བ་ཐེབས་རྒྱུའི་རེ་ལྟོས་བྲལ། བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་ཞིས་ཅིན་ཕིང་གི་ནད་འགོག་སྲིད་ཇུས་ལ་བརྟེན་ནས་ལོ་འདིར་རྒྱ་ནག་གི་རྒྱལ་ཡོངས་དཔལ་འབྱོར་ཐོན་སྐྱེད་བརྒྱ་ཆ་༡༢.༢་ཉམས་ཆག་འགྲོ་རྒྱུའི་སྔོན་དཔག་བྱས་འདུག

རེ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་ལ་ཕྱི་ཚེས་༧་ཉིན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༢༢༧༧་ཐོན། སྔ་ཉིན་དེར་ནད་པ་༡༩༧༡་ཐོན་པ་དང་ཉི་མ་གཅིག་གི་ནང་དུ་ནད་པ་གསར་པའི་གྲངས་འབོར་གྲངས་གནས་གཉིས་སུ་འཕར་བ་ནི་ཧ་ཅང་གི་བློ་འཚབ་བྱེད་དགོས་པའི་གནད་དོན་ཞིག་ཡིན་ཞིང་། ཉིན་ཤས་སྔོན་དེར་ནང་སོག་གི་རྒྱལ་ས་མཁར་སྔོན་པོ་རྒྱ་ནག་གི་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ལྟེ་གནས་ཡིན་རུང་ད་ལྟ་ཀོང་ཀྲུག་རྒྱ་ནག་གི་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ལྟེ་གནས་སུ་གྱུར། ཀོང་ཀྲུག་གི་ཧེ་ཀྲུའུ་ཚུད་པའི་རྫོང་ཁག་མང་པོར་འགྲོ་འོང་བཀག་སྡོམ་སྣ་ཚོགས་ཤིག་བྱེད་བཞིན་ཡོད་ཅིང་། ད་སྔ་ཀོང་ཀྲུག་གྲོང་ཁྱེར་ལ་ཧྲང་ཧེ་ལྟར་སྒོ་རྒྱ་བསྡམས་མེད་ཀྱང་རིམ་བཞིན་གྲོང་ཁྱེར་ཧྲིལ་པོར་འགྲོ་འོང་འགོག་དགོས་ཐུག་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ། ཀོང་ཀྲུག་གྲོང་ཁྱེར་དུ་བཟོ་ཚོང་ལས་ཁུངས་བཙུགས་ནས་ཚོང་ལས་གཉེར་བཞིན་པའི་ཨེ་རོན་ཤུའི་ཟེར་བ་ཞིག་གིས་ང་ཚོ་ཉིན་ཤས་སྔོན་ནས་ཁྱིམ་དུ་འཛུལ་ཏེ་རྒྱང་ལས་བྱེད་བཞིན་ཡོད། ཀོང་ཀྲུག་གི་གྲོང་གླིང་འགའ་ཞིག་ལ་སྒོ་རྒྱ་བསྡམས་སོང་། སྤྱི་དམངས་འགྲིམ་འགྲུལ་སྲི་ཞུ་ཁག་ཅིག་ཀྱང་མཚམས་བཞག་སྟེ་གྲོང་གླིང་ཁག་ཅིག་ལ་འགྲོ་འོང་བཀག གྲོང་གླིང་དེ་དག་གི་མི་མང་རྣམས་ཕྱི་རུ་ཐོན་མི་ཆོག་པ་དང་བཟའ་བཏུང་སྐྱེལ་འདྲེན་བྱེད་དུ་མ་བཅུག་པར་དཀའ་ངལ་འཕྲད་ཀྱི་འདུག ང་ཚོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་དུ་ཉིན་ལྟར་འགྲོ་དགོས་ཀྱི་འདུག་ཅེས་བཀྲལ། ཉེ་དུས་ཤིག་ནས་རྒྱ་ནག་ལ་ཞིང་ཆེན་༣༡་ཡོད་པ་དེའི་ཁོངས་ནས་ཞིང་ཆེན་༢༠་ཐམ་པར་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ས་གནས་རིམ་པའི་འགོ་ཁྲིད་ཚོས་རང་ལ་ནད་འགོག་གི་ལས་དོན་འཐུས་ཤོར་བྱུང་བའི་ཉེས་ཆད་མི་འཕོག་པའི་ཆེད་དུ་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

པེ་ཅིང་ལ་ཏོག་དབྱིབས་ནད་དུག་འགོས་པའི་མི་༦༤་ཐོན། ཀོང་ཀྲུག་དང་ཀྲེན་ཀྲུག་སོགས་ལ་བསྡུར་ན་ནད་པའི་གྲངས་འབོར་ཅི་ཡང་མིན་རུང་པེ་ཅིང་གི་ས་གནས་འགོ་ཁྲིད་ཚོས་གྲོང་གླིང་ཁག་ཅིག་ལ་འགྲོ་འོང་བཀག མི་མང་ལ་ནད་དུག་འགོས་ཡོད་མེད་ངེས་པར་དུ་བརྟག་དཔྱད་བྱ་དགོས་ཞེས་བཀའ་ཕབ། ད་དུང་པེ་ཅིང་གི་སློབ་གྲྭ་ཁག་གི་འཛིན་གྲྭ་ཡང་དྲྭ་ལམ་དུ་འཚོགས་དགོས་མིན་གྲོས་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༡༡་པའི་ཚེས་༧་ཉིན་རྒྱ་ནག་དབུས་ཕྱོགས་ཀྱི་ཧེ་ནན་ཞིང་ཆེན་གྱི་རྒྱལ་ས་ཀྲེང་ཀྲུག་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༧༣༣་ཐོན། རྒྱ་ནག་གི་ལྷོ་ནུབ་ཁུལ་དུ་ཆགས་པའི་ཁྲུང་ཆིང་གྲོང་ཁྱེར་ལ་ནད་པ་གསར་པ་༢༨༡་ཐོན་པ་དང་སྔ་ཉིན་དེར་ནད་པ་༡༢༠་ཐོན། ནང་སོག་གི་རྒྱལ་ས་མཁར་སྔོན་པོར་ཕྱི་ཟླ་༡༡་པའི་ཚེས་༧་ཉིན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༧༦༠་དང་སྔ་ཉིན་དེར་ནད་པ་གསར་པ་༡༠༡༣་ཐོན། བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་རྒྱ་ནག་ལ་ཟླ་བ་དྲུག་གི་རིང་བྱུང་མྱོང་མེད་པའི་ནད་པའི་གྲངས་འབོར་མང་དུ་འགྲོ་བཞིན་འདུག བདུན་ཕྲག་རྗེས་མར་ཀོང་ཀྲུག་ལ་རྒྱལ་སྤྱིའི་རླངས་འཁོར་གསར་པའི་འགྲེམ་སྟོན་ཚུགས་དགོས་ཀྱང་གྲོང་ཁྱེར་གཞུང་གིས་འགྲེམ་སྟོན་དེ་དུས་ཚོད་ངེས་མེད་བར་དུ་ཕར་འགྱངས་བཏང་སོང་ཞེས་གནས་ཚུལ་སྤེལ། ཡུ་རོབ་མཉམ་འབྲེལ་གྱི་ཚོང་དོན་ལྷན་ཁང་གི་རྒྱ་ནག་ཡན་ལག་ལས་ཁུངས་ཀྱི་གཙོ་འཛིན་གཞོན་པ་ཁེ་ལོ་སི་ཛེན་ཀེལ་གྱིས་རྒྱ་ནག་ལ་འཚོགས་རྒྱུའི་ཚོང་ལས་ཀྱི་བྱེད་སྒོ་ཁག་དང་ཚོགས་འདུ་ཁག་ཕྱིར་འཐེན་བྱས་པའམ། ཡང་ན་ཕར་འགྱངས་བྱས་ནས་མི་རྣམས་རྒྱ་ནག་ལ་འགྲོ་ཕོད་ཀྱི་མི་འདུག ཀོང་ཀྲུག་དང་ཧྲེན་ཀྲེན་གྱི་བཟོ་ཚོང་ལས་ཁུངས་ཁག་གཟའ་འཁོར་འདིར་ཧྲང་ཧེ་ལ་འཚོགས་ཀྱི་ཡོད་པའི་རྒྱ་ནག་གི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ལའང་མཉམ་ཞུགས་བྱེད་དུ་འཇུག་གི་མི་འདུག ང་ཚོ་མི་ལ་ངོ་ཐུག་ཏུ་མ་བཅུག་པར་ཚོང་པ་དང་ཚོང་ཤག་གི་འབྲེལ་བ་ཇི་ལྟར་འཛིན་དགོས་པ་རེད་ཅེས་སྡུག་སྐད་བརྒྱབ།།

ཕྱི་ཟླ་༡༡་པའི་ཚེས་༧་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་རྩ་འགོག་གི་སྲིད་ཇུས་རྒྱུན་འཁྱངས་བྱ་དགོས། ས་མཚམས་བཀག་སྟེ་སྒོ་རྒྱ་དམ་པོར་བསྡམ་དགོས། འགྲིམ་འགྲུལ་ལ་བཀག་སྡོམ་བྱ་དགོས་ཞེས་ཁྱབ་བསྒྲགས་བྱས་འདུག བདུན་ཕྲག་སྔོན་མར་རྒྱ་ནག་གི་ཀན་སུའུ་ཞིང་ཆེན་གྱི་རྒྱལ་ས་ལན་ཀྲུག་གྲོང་ཁྱེར་གྱི་ཆི་ལུ་ཧེ་ས་གནས་སུ་འགྲོ་འོང་བཀག་སྟེ་ལོ་གསུམ་ལ་སོན་པའི་བུ་ཆུང་ཞིག་དུས་ཐོག་ཏུ་སྨན་ཁང་ལ་ཁྱེར་ནས་སྨན་བཅོས་བྱས་མ་ཐུབ་པར་གྲོངས། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ནང་སོག་གི་རྒྱལ་ས་མཁར་སྔོན་པོའི་འཕྲོད་བསྟེན་ལས་སྣེ་ཚོས་ལོ་ན་༥༥་ལ་སོན་པ་བུད་མེད་ཅིག་ཉི་མ་༩་ལ་ཁྱིམ་དུ་ཐག་པས་བསྡམས་ནས་བཞག་པའི་རྗེས་སུ་བུད་མེད་དེས་རང་སྲོག་བཅད་ནས་ཤི། དེར་བརྟེན་རྒྱ་ནག་མི་དམངས་རྣམས་ཁོང་ཁྲོས་བརྟས་ཏེ་ཞིས་ཅིན་ཕིང་གི་ཏོག་དབྱིབས་ནད་དུག་རྩ་འགོག་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་སོང་། དེང་སྐབས་རྒྱ་ནག་གི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་རྩ་འགོག་གི་སྲིད་ཇུས་ལག་ལེན་ནན་པོ་ཞིག་བསྟར་རྒྱུ་ཡིན་མིན་ནི་ས་གནས་ཁག་གི་འགོ་ཁྲིད་ཚོ་གཙོ་འཛིན་ཞིས་ཅིན་ཕིང་ལ་གཞུང་དྲང་བློ་དཀར་ཡིན་མིན་གྱི་དན་རྟགས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ཏུ་གྱུར། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོས་གཞུང་གི་ནད་འགོག་སྲིད་ཇུས་ཡང་དག་པ་ཡིན། ཏོག་དབྱིབས་ནད་དུག་ཁྱབ་ནས་རྒྱ་ནག་གི་མི་༥༠༠༠་ལྷག་ལ་མ་གཏོགས་འཆི་སྐྱོན་མ་བྱུང་བ་ནི་གཞུང་གིས་ནད་འགོག་སྲིད་ཇུས་དམ་པོ་ཞིག་ལག་ལེན་བསྟར་པའི་གྲུབ་འབྲས་རེད་ཅེས་སྒྲུབ་བྱེད་དགོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG