ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གི་ལས་མི་ཚོ་བྲོས་བྱོལ་དུ་ཕྱིན་པའི་སྐྱོ་གར།


ནད་དུག་འགོག་སྲུང་གི་དམ་དྲག་སྲིད་ཇུས་དེ་ལ་གཡོལ་ཐབས་སུ་ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གི་ལས་མི་འཕོན་ཆེན་དུས་གཅིག་ཏུ་ས་གནས་གཞན་ལ་བྲོས་བྱོལ་དུ་ཕྱིན་པའི་གནས་ཚུལ་བྱུང་ཡོད་ཅིང་། དེས་ཧེ་ནན་ཞིང་ཆེན་གྱི་དབང་འཛིན་པ་ཚོ་དང་། དེ་བཞིན་རྒྱ་ནག་ནང་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཧ་ལས་ཧང་སངས་སུ་བཅུག་འདུག

རྒྱ་ནག་དམར་ཤོག་གཞུང་གིས་སྤེལ་བའི་ནད་དུག་གཙང་སེལ་ཞེས་པའི་སྲིད་ཇུས་འོག རྒྱ་ནག་གི་ཧེ་ནན་ཞིང་ཆེན་ཀྲེང་ཀྲུའུ་གྲོང་ཁྱེར་ནང་རྟེན་གཞི་བྱས་ཡོད་པའི་ཀུ་ཤུ་ཁ་པར་ཐོན་སྐྱེད་བྱེད་ས་གཙོ་བོ་སྟེ། ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གི་ལས་མི་འབུམ་གཉིས་ལྷག་ཙམ་ལ་འགྲོ་འོང་བཀག་སྡོམ་བྱས་ནས་ཟླ་བ་གཉིས་ལྷག་ཕྱིན་པ་ཡོད་པས། ལས་མི་མང་པོ་ཞིག་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཏེ། མཐར་ནད་དུག་འགོག་སྲུང་གི་དམ་དྲག་སྲིད་ཇུས་དེ་ལ་གཡོལ་ཐབས་སུ་ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གི་ལས་མི་འཕོན་ཆེན་དུས་གཅིག་ཏུ་ས་གནས་གཞན་ལ་བྲོས་བྱོལ་དུ་ཕྱིན་པའི་གནས་ཚུལ་བྱུང་ཡོད་ཅིང་། དེས་ཧེ་ནན་ཞིང་ཆེན་གྱི་དབང་འཛིན་པ་ཚོ་དང་། དེ་བཞིན་རྒྱ་ནག་ནང་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཧ་ལས་ཧང་སངས་སུ་བཅུག་འདུག

ཧེ་ནན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཝང་ཁའེ་ཡིས་ཟླ་༡༡པའི་ཚེས་༢ཉིན་ལ་བཟོ་ཚོང་ཁང་དེར་ཕྱིན་ནས་གཞུང་གིས་དེ་དོན་ཐད་སེམས་ཁུར་ཡོད་ཚུལ་གྱི་རྣམ་འགྱུར་བསྟན་ཡོད་ཀྱང་། སྲིད་དོན་དབྱེ་ཞིབ་པ་མང་པོས་བརྗོད་དོན་ལ། དེང་སང་གསར་ཁང་མང་པོ་ཞིག་གིས་བྲོས་བྱོལ་དུ་འགྲོ་མཁན་གྱི་ལས་མི་ཚོ་ནི་རྒྱ་ནག་གི་ནད་དུག་གཙང་སེལ་གྱི་སྲིད་ཇུས་ལ་ངོ་རྒོལ་བྱེད་མཁན་གྱི་དཔའ་བོ་ཡིན་པར་སྒྲོག་བཞིན་ཡོད་ཀྱང་། དོན་དངོས་སུ་བྲོས་བྱོལ་དུ་འགྲོ་མཁན་གྱི་མི་དེ་ཚོ་ནི་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཀྱིས་གནོད་འཚེ་ཕོག་མཁན་ཡིན་ཡང་། ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། མི་དེ་ཚོ་ནི་སྲིད་ཇུས་ཐལ་ཆ་ཆེ་བ་དེ་ལག་ལེན་བསྟར་མཁན་དང་སྲུང་སྐྱོབ་བྱེད་མཁན་ཡང་ཆགས་ཡོད་ཅིང་། ཕྱོགས་གཅིག་ནས་ལས་མི་དེ་ཚོ་རྒྱ་ནག་ནང་གི་ནད་དུག་འགོག་སྲུང་དང་ཀླད་བཀྲུ་ཤེས་རིག་སློབ་གསོའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་འོག་ནས་འཇིགས་སྣང་ཆེན་པོ་སྐྱེ་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གིས་རྒྱལ་སྤྱི་དང་འབྲེལ་བའི་ནད་དུག་སྐོར་གྱི་སྲིད་ཇུས་ཏོག་ཙམ་གུ་ཡངས་ཅན་ཞིག་ལག་ལེན་བསྟར་ཡོད་པ་དེ་ལ་ཡིད་ཆེས་གཏན་ནས་མེད་པར་བརྟེན། མཐར་རང་གཞན་གཉིས་ཕམ་དང་འཕྲལ་ཕུགས་གཉིས་འཕུངས་ཀྱི་སྐྱོ་གར་ཆེན་པོའི་གནས་སུ་གྱར་བ་རེད་ཅེས་འགྲེལ་བརྗོད་བྱས་འདུག

ཉེ་ཆར་རྒྱ་ནག་ཧེ་ནན་ཞིང་ཆེན་ཀྲེང་ཀྲུའུ་གྲོང་ཁྱེར་ནང་ཏོག་དབྱིབས་ནད་དུག་བསྐྱར་དུ་ཁྱབ་གདལ་ཕྱིན་པ་དང་བསྟུན་ནས། ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གི་ལས་མི་མང་པོ་ཞིག་ལ་དུས་གཅིག་ལ་ནད་དུག་འགོས་ཁྱབ་འགྲོ་བའི་གནས་ཚུལ་བྱུང་ཡོད་ཅིང་། བདུན་ཕྲག་སྔོན་མ་ནས་བཟུང་ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གི་ལས་མི་ཚོས་བཟོ་ཚོང་ཁང་དེའི་ལྕགས་ར་བརྒལ་ནས་སོ་སོའི་ཅ་ལག་ཁྱེར་ཏེ། སྤྱི་ལེ་བརྒྱ་ཕྲག་མང་པོར་གོམ་པ་བརྒྱབ་ནས་ཕྱིར་རང་ཁྱིམ་ལ་དམིགས་ནས་བྲོས་བྱོལ་དུ་འགྲོ་བཞིན་པ་དང་། ལམ་བར་གྱི་མི་ཚོས་ཁོ་ཚོ་ལ་འཐུང་ཆུ་དང་ཟས་རིགས་མཁོ་སྤྲོད་བྱེད་བཞིན་པའི་བརྙན་པར་སོགས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་ལ་བརྒྱུད་སྤེལ་བྱས་ཏེ་མི་ཚོས་དོ་སྣང་སླེབས་ཀྱི་འདུག །

ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གི་ལས་མི་ཞིག་གིས་རྒྱ་ནག་གི་གསར་ཁང་ཞིག་ལ་བརྗོད་དོན་དུ། ཀྲེང་ཀྲུའུ་ས་ཁུལ་ལ་མི་ཉི་ཤུ་རེ་ལ་ལུས་པོ་བརྟག་དཔྱད་བྱེད་བཞིན་ཡོད་པས། གལ་སྲིད་དོགས་སློང་ཡོད་པའི་གནས་ཚུལ་བྱུང་ན་ལམ་སེང་མི་ཉི་ཤུ་པོར་བསྐྱར་དུ་ལུས་པོ་བརྟག་དཔྱད་བྱས་ནས། ནད་འགོས་ཡོད་མཁན་ཡོད་ན་འཕྲལ་དུ་བཙན་ཁྲིད་བྱ་རྒྱུ་དང་། གཞན་རྣམས་རང་འཇགས་ལས་ཀ་ལས་སུ་བཅུག་གི་རེད། གལ་སྲིད་བཟོ་ཚོང་ཁང་དེ་སྒོ་མ་བརྒྱབ་པ་ཡིན་ན། ནད་པ་ཇེ་མང་དུ་འགྲོ་ཉེན་ཆེ་བས་ལས་མི་མང་པོ་ཞིག་གིས་བྱེད་སྟངས་དེ་ལ་བསམ་འཆར་སླེབས་ཀྱི་ཡོད། ཡང་ལས་མི་འགའ་ཤས་ཀྱིས་སྐད་འཕྲིན་སོགས་བརྒྱུད་ནས་ཁུལ་དེར་ཉིན་རེ་རེ་ལ་ནད་པ་འཕར་མ་འབྱུང་བཞིན་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། སོ་སོ་ལ་ནད་འགོ་ཡོང་བར་བློ་འཚབ་སྐྱེས་ནས་སོ་སོའི་ཡུལ་ལ་ལོག་རྒྱུའི་བསམ་བློ་འཁོར་བ་རེད་ཅེས་འགྲེལ་བརྗོད་བྱས་འདུག དེ་དང་དུས་མཚུངས་སུ་ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་ནང་མི་ཁྲི་གཉིས་ལྷག་ཙམ་ལ་ནད་ཡམས་འགོས་ཡོད་པ་དང་། ནད་ཡམས་འགོས་ནས་འཆི་སྐྱོན་བྱུང་བའི་གྲངས་འབོར་མཐོ་རུ་འགྲོ་བཞིན་པ། དེ་བཞིན་ཁང་མིག་གཅིག་གི་ནང་དུ་ལས་མི་བརྒྱད་དུས་གཅིག་ལ་འདས་གྲོངས་སུ་ཕྱིན་ཡོད་པ་སོགས་གཏམ་འཆར་འདྲ་མིན་ཁྱབ་སྤེལ་འགྲོ་བཞིན་ཡོད་པ་དང་། ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གི་ལས་མི་ཡིན་ཟེར་མཁན་ཚོས་ཀྱང་། བཟོ་ཚོང་ཁང་དེའི་ནང་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མི་ཚོ་ལ་བཟའ་ཆས་དང་སྨན་སོགས་མི་འདང་བ། ཟུར་བཀག་བྱེད་སའི་གནས་སུ་ཁ་ཡ་བྱེད་མཁན་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཕྱིར་སྤེལ་བྱས་ཡོད་པས། གནས་སྟངས་དེ་འདྲའི་འོག་ལ་ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གི་ལས་མི་ཚོས་དུས་གཅིག་ལ་ས་གནས་གཞན་ལ་བྲོས་བྱོལ་དུ་མི་ཕྱིན་ཀ་མེད་ཆགས་པ་རེད་ཅེས་བརྗོད་འདུག

སྲིད་དོན་དབྱེ་ཞིབ་པ་ལེའེ་ཀིས་
སྲིད་དོན་དབྱེ་ཞིབ་པ་ལེའེ་ཀིས་

ཨ་མེ་རི་ཁར་གནས་སྡོད་སྲིད་དོན་དབྱེ་ཞིབ་པ་ལེའེ་ཀིས་ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་གསལ་ལ། ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གི་ལས་མི་ཚོ་བྲོས་བྱོལ་དུ་འགྲོ་བ་དེ་ནི་ནད་དུག་གཙང་སེལ་ཞེས་པའི་སྲིད་ཇུས་འོག་ཏུ་བྱུང་བའི་རང་གཞན་གཉིས་ཕམ་དང་འཕྲལ་ཕུགས་གཉིས་འཕུངས་ཀྱི་སྐྱོ་གར་ཆེན་པོ་ཞིག་རེད། ཆོ་མེད་པ་ཞིག་རེད་ཅེས་པའི་རྒྱུ་མཚན་ནི། གསར་ཁང་འགའ་ཤས་ཀྱིས་ད་ལན་ཕྱིར་རང་ཁྱིམ་དུ་བྲོས་བྱོལ་དུ་འགྲོ་མཁན་གྱི་ལས་མི་མང་ཆེ་ཤོས་ནི་ལོ་ཉི་ཤུ་ཡས་མས་ཀྱི་ན་གཞོན་ཤ་ཏག་ཡིན་ཞིང་། ཁོ་ཚོས་ནད་དུག་འགོག་སྲུང་གི་དམ་དྲག་སྲིད་ཇུས་ལ་ཁ་གཏད་བཅག་ནས་རང་དབང་གི་ལམ་ཁ་ཞིག་བཙལ་བ་དེས་རྒྱ་ནག་གི་སྤྱི་ཚོགས་བཅོས་བསྒྱུར་ཡོང་རྒྱུར་རེ་བ་ཞིག་སྐྲུན་ཡོད་པ་དང་། ཡང་མི་འགའ་ཤས་ཀྱིས་ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གི་སྦྱིན་བདག་ཚོས་སོ་སོའི་སྒོར་མོ་ཡོང་འབབ་ཆེད་དུ་ལས་མི་ཚོའི་ཚེ་སྲོག་ལ་སྣང་མེད་བཏང་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག ཡིན་ན་ཡང་སྲིད་དོན་དབྱེ་ཞིབ་པ་ལེའེ་ཀིས་བརྗོད་ན། ད་ལན་ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གི་ལས་མི་ཚོ་བྲོས་བྱོལ་དུ་འགྲོ་དགོས་བྱུང་བའི་རྐྱེན་རྩ་གཙོ་བོ་ནི། བཟོ་ཚོང་ཁང་དེའི་ནང་ནད་པ་ཡོད་པ་ཤེས་རྟོགས་བྱུང་རྗེས། བཟོ་ཚོང་ཁང་གིས་ནད་དུག་གཙང་སེལ་གྱི་སྲིད་ཇུས་གཞི་བཟུང་གིས་ལས་མཚམས་བཞག་མེད་པས། ནད་འགོ་རྒྱུར་སྐྲག་མཁན་གྱི་ལས་མི་ཚོས་ལས་ཀ་ལས་རྒྱུར་ངོ་རྒོལ་བྱས་ཡོད་པ་དང་། ལས་མི་དེ་ཚོ་ནི་ནད་དུག་གཙང་སེལ་ཞེས་པའི་སྲིད་ཇུས་དེས་གནོད་འཚེ་ཐེབས་ཡུལ་རེད་ལ་སྲིད་ཇུས་དེར་བརྩི་སྲུང་བྱེད་མཁན་ཡང་ཆགས་ཡོད། ཡིན་ན་ཡང་། ཁོ་ཚོ་ནི་རྒྱ་ནག་དམར་ཤོག་གིས་ཡུན་རིང་པོར་ཀླད་བཀྲུ་ཤེས་རིག་སློབ་གསོ་དང་དྲིལ་བསྒྲགས་རྫུན་མས་མགོ་བསྐོར་ཐེབས་མཁན་གྱི་མི་ཚོགས་ཤིག་རེད། ཁོ་ཚོས་བཟོ་ཚོང་ཁང་དེའི་གུ་ཡངས་ཀྱི་སྲིད་ཇུས་ལ་ངོ་རྒོལ་དང་བསམ་འཆར་མང་པོ་སླེབས་ཡོད་པ་དང་། མཐར་རང་གཞན་གཉིས་ཕམ་དང་འཕྲལ་ཕུགས་གཉིས་འཕུངས་ཀྱི་ཆོ་མེད་པའི་སྐྱོ་གར་ཆེན་པོའི་གནས་སུ་གྱར་བ་རེད་ཅེས་དང་། ཡང་གསར་ཁང་འགའ་ཤས་ཀྱིས་དོན་རྐྱེན་དེའི་ནང་གི་འགལ་ཟླ་གསལ་པོ་ཤེས་མེད་པ་དང་། སྐབས་རེར་ལས་མི་དེ་ཚོ་ནི་གཞུང་གི་སྲིད་ཇུས་ལ་ཁ་གཏད་བཅག་ཕོད་མཁན་གྱི་དཔའ་བོ་འདྲ་པོ་ཞིག་ཏུ་མཐོང་གི་ཡོད་པ་མ་ཟད། ཐ་ན་མི་འགའ་ཤས་ཀྱིས་དོན་རྐྱེན་དེ་ལས་རྒྱ་ནག་དམར་ཤོག་གི་སྲིད་དབང་མགོ་རྟིང་སློག་རྒྱུའི་སྔ་ལྟས་ཞིག་ལ་ངོས་འཛིན་བྱེད་བཞིན་པ་རེད། དེ་ནི་ཆོ་མེད་པའི་སྐྱོ་གར་གཞན་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག

ལེའེ་ཀིས་མུ་མཐུད་ནས་བརྗོད་དོན། ད་ལན་ལས་མི་འཕོན་ཆེན་བྲོས་བྱོན་དུ་ཕྱིན་དགོས་པའི་ནག་ཉེས་གཙོ་བོ་ནི་རྒྱ་ནག་དམར་ཤོག་གི་ལོ་གསུམ་ཙམ་གྱི་རིང་ལ་སྤེལ་བའི་ནད་དུག་གཙང་སེལ་ཞེས་པའི་སྲིད་ཇུས་ངན་པ་དེར་ཐུག་ཡོད། དེང་སྐབས་འཛམ་གླིང་ཐོག་ནུབ་ཕྱོགས་རྒྱལ་ཁབ་ཚང་མས་ནད་དུག་དང་མཉམ་གནས་བྱེད་དགོས་པའི་སྲིད་ཇུས་ཟིན་ཏེ། མི་ཚོའི་འཚོ་བ་སླར་གསོ་དང་སྤྱི་ཚོགས་ཁྱོན་ཡོངས་སུ་རྒྱུན་ལྡན་ཆགས་ཡོད་ཀྱང་། རྒྱ་ནག་དམར་ཤོག་གཞུང་གིས་སྔར་བཞིན་ནད་དུག་གཙང་སེལ་ཞེས་པའི་ཚན་རིག་དང་རྩ་བ་ནས་མི་མཐུན་པའི་སྲིད་ཇུས་ངན་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་མ་ཟད། སྲིད་ཇུས་དེ་དྲིལ་བསྒྲགས་ཤུགས་ཆེ་བྱས་པར་བརྟེན་ནས་རྒྱ་ནག་མི་དམངས་ཚོས་ནད་དུག་ལ་འཇིགས་སྣང་སྐྱེས་སུ་བཅུག་ཡོད་པ་དང་། ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གི་ལས་མི་ཚོ་བྲོས་བྱོལ་དུ་འགྲོ་དགོས་བྱུང་བའི་རྒྱུ་མཚན་གཅིག་དེ་ལ་ཐུག་ཡོད། གཞན་ཡང་ད་ལྟ་ཀུ་ཤུ་ཁ་པར་༡༤པ་ཐོན་སྐྱེད་བྱེད་པའི་དུས་ཚོད་ལ་འཁེལ་བསྡད་ཡོད་པས། ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གིས་ཀུ་ཤུ་ཁ་པར་ཐོན་སྐྱེད་བྱ་རྒྱུའི་ཆེད་དུ་ལས་མི་ཚོ་ལ་ལས་ཀ་འཐོལ་པ་ལས་བཅུག་སྟེ། ལས་ཀ་ལས་མཁན་ཚོ་ལ་གླ་ཕོགས་འཐོལ་པ་སྤྲོད་རྒྱུ་སོགས་ཐབས་ཤེས་འཐེན་ཡོད་ཀྱང་། ལས་མི་མང་པོ་ཞིག་ནད་དུག་འགོས་པར་ཞེད་ནས་ལས་ཀ་ལས་རྒྱུའི་འདོད་པ་མེད་པ་གྱུར་ཡོད། མི་དེ་ཚོ་ལ་བཟོ་ཚོང་ཁང་གིས་རིན་མེད་ཐོག་ནས་བཟའ་ཆས་མཁོ་སྤྲོད་བྱས་མེད་པས། མཐར་ཁོ་ཚོས་བརྙན་པར་འདྲ་མིན་ཕྱིར་སྤེལ་བྱས་ནས་བཟོ་ཚོང་ཁང་ལ་འཁང་ར་བྱས་པ་དང་མཐར་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ་རེད་ཅེས་བརྗོད་འདུག

འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཡོད་མཁན་ཞིག་གིས་རེ་ཊྲེ་སིའི་གསར་ཁང་ལ་བརྗོད་དོན་ལ། ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གི་ལས་མི་ཚོ་བྲོས་བྱོལ་དུ་ཕྱིན་པ་དེས་སྤྱི་ཟླ་༡༡པའི་ནང་ཀུ་ཤུ་ཁ་པར་ཐོན་སྐྱེད་བྱེད་ཚད་ལ་ཤུགས་རྐྱེན་ཐེབས་ནས་ནམ་རྒྱུན་ལས་ཐོན་རྫས་ལྡབ་གསུམ་ཙམ་གྱིས་ཇེ་ཉུང་དུ་འགྲོ་རྒྱུ་ཡིན་འདུག་ཀྱང་། སྲིད་དོན་དབྱེ་ཞིབ་པ་འགའ་ཤས་ཀྱིས་དོན་རྐྱེན་དེས་ཀུ་ཤུ་ཁ་པར་ཐོན་སྐྱེད་བྱེད་པར་ཤུགས་རྐྱེན་ཆེན་པོ་ཐེབས་མི་སྲིད་པ་རེད། རྒྱུ་མཚན་ནི་ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གིས་ཀུ་ཤུ་ཁ་པར་ཚོང་ལས་མཁོ་རྒྱུག་ཁྲོད་ཀྱི་ལས་རིམ་མཐའ་མ་དེ་ལ་འགན་ཁུར་གྱི་ཡོད་པས། དེས་ཀུ་ཤུ་ཁ་པར་གྱི་ཚོང་ལས་མཁོ་རྒྱུག་སྤྱི་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མི་ཐུབ། ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་ནི་འཛམ་གླིང་རང་བཞིན་གྱི་བཟོ་ཚོང་ཁང་ཞིག་ཡིན་པས། བཟོ་ཚོང་ཁང་གཞན་ཚོ་དང་གོ་བསྡུར་དང་། ཕན་ཚུན་རམ་འདེགས་བྱེད་པའི་འཆར་གཞི་ཡོད་སྲིད་པ་རེད། གཞན་ཡང་ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གི་ཡན་ལག་ལས་ཁུངས་འགའ་ཤས་ཝེ་ཐི་ནན་དང་རྒྱ་གར་ནང་ལ་གནས་སྤོས་བྱས་ཡོད་པས་ཁ་པར་ཐོན་ལས་དང་ཚོང་ལས་མཁོ་རྒྱུག་ལ་དེ་ཙམ་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་མི་ཐུབ་ཅེས་འགྲེལ་བརྗོད་བྱས་འདུག

XS
SM
MD
LG