ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་དཀར་ནག་གི་གྲོས་མོལ་དང་ས་མཚམས་ཁག་གི་ཟིང་ཆ།


༄༅།། རྒྱ་དཀར་ནག་གཉིས་ཀས་ལོ་གཅིག་དང་ཟླ་བ་ལྔ་ལ་གྲོས་མོལ་བྱས་ཀྱང་ལ་དྭགས་ཀྱི་ས་མཚམས་ཁག་ཅིག་ནས་དམག་དཔུང་ཕྱིར་འཐེན་བྱས་མ་ཐུབ། རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་ཚོས་གྲོས་མོལ་ཐེངས་༡༣་བྱས་ཀྱང་རྒྱ་དམག་རྣམས་བདེ་མཆོག་དང་སྡེ་བཟང་ཐང་། གོག་ར་དང་ཆུ་ཚན་ས་ཁུལ་བཅས་ནས་ཕྱིར་འཐེན་བྱེད་ཀྱི་མེད་ཅིང་། དེ་བཞིན་ཨ་རུ་ན་ཅལ་དང་ཨུ་ཏར་ཁན་གྱི་ས་མཚམས་ཁག་ཏུའང་རྒྱ་དམག་རྣམས་ཕྱོགས་གཉིས་ཀྱི་དབང་སྒྱུར་ས་ཐིག་བརྒལ་ནས་རྒྱ་གར་ཕྱོགས་སུ་དཔུང་འཛུལ་བྱ་རྒྱུ་ཇེ་མང་དུ་སོང་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༡༠་པའི་ཚེས་༡༨་ཉིན་རྒྱ་གར་གྱི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱིས་ཨ་མི་རི་ཀར་མཉམ་འབྲེལ་བྱས་ནས་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད་ཀྱང་ང་ཚོས་རྒྱ་ནག་དང་པ་ཀི་སི་ཐན་ལ་ས་ཐོག་ནས་གདོང་ལེན་ཇི་ལྟར་བྱེད་དགོས་མིན་གྱི་དཀའ་ངལ་སེལ་དཀའ། དེང་སྐབས་ཇམ་མུ་དང་ཀསྨིར། ལ་དྭགས་བཅས་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་ཁག་དང་ཨུ་ཏར་ཁན། ཨ་རུ་ན་ཅལ་མངའ་སྡེ་བཅས་སུ་ཟིང་ཆ་ལང་རྒྱུ་ཇེ་མང་དུ་སོང་སྟེ་བདུན་ཕྲག་སྔོན་མར་ས་མཚམས་ཁག་འགའ་ཞིག་ལ་ཞི་བདེ་བརྟན་ལྷིང་མེད་པར་གྱུར་པ་ནི་ཡུན་རིང་ཞིག་ལ་བྱུང་མྱོང་མེད། ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་བསྐྱར་ལངས་བྱས་པ་ནས་བཟུང་། པ་ཀི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་པ་ཚོ་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་སྐུང་ཚོགས་བྱས་ནས་རྒྱ་གར་གྱི་ཇམ་མུ་ཀསྨིར་ས་གནས་ཁུལ་དུ་དྲག་ཟིང་བསླངས་ཏེ་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་འབྱུང་རྒྱུ་ཇེ་མང་དུ་སོང་། ཨ་རི་དང་རྒྱ་གར་གཉིས་མཉམ་འབྲེལ་བྱས་ནས་རྒྱ་ནག་ལ་ཕོག་ཐུག་ཆེན་པོ་སོང་འདུག་ཅེས་གནས་ཚུལ་བཀོད།།

ཉེ་ཆར་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་རིམ་པའི་གྲོས་མོལ་ཐེངས་༡༣་པར་གྲུབ་འབྲས་མ་ཐོན་པར་མཇུག་སྒྲིལ་བྱུང་བར་ཉམས་ཞིབ་པ་ཕལ་ཆེ་བ་ཡ་མཚན་དགོས་པ་ཞིག་ཏུ་གྱུར། རྒྱ་གར་གྱི་བང་ཆེན་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༠་ལོའི་ཕྱི་ཟླ་༢་པའི་ནང་དུ་རྒྱ་དཀར་ནག་གི་གྲོས་མོལ་ཐེངས་༡༠་པ་བྱས་ནས་སྤང་གོང་མཚོ་འགྲམ་གྱི་མཐོ་སྒང་ཁག་གི་དམག་དཔུང་རྣམས་ཕྱིར་འཐེན་བྱུང་བ་རེད། དེའི་རྗེས་སུ་རྒྱ་དཀར་ནག་གཉིས་ཀས་ས་གནས་གཞན་ཁག་གི་དམག་དཔུང་རྣམས་ཕྱིར་འཐེན་བྱེད་ཐུབ་པའི་རེ་ལྟོས་འཆང་སྟེ་གྲོས་མོལ་ཐེངས་༡༡་པ་དང་༡༢་པ་བྱས་མོད། འོན་ཀྱང་བདུན་ཕྲག་སྔོན་མར་ལ་དྭགས་ཀྱི་ཆུ་ཤུལ་ས་ཁུལ་དུ་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་རིམ་པའི་གྲོས་མོལ་ལ་གྲུབ་འབྲས་མ་ཐོན་པར་གཞིགས་ཚེ། གྲོས་མོལ་ཐེངས་༡༡་པ་དང་༡༢་པ་གཉིས་ལ་འབྲས་བུ་མ་ཐོན་པའི་རྟགས་མཚན་རེད། རྒྱ་ནག་གིས་ཨ་རུ་ན་ཅལ་དང་ཨུ་ཏར་ཁན་མངའ་སྡེ་གཉིས་ཀྱི་ས་མཚམས་ཁག་ནས་ཟིང་ཆ་སློང་གི་ཡོད་པ་ནི་སྲིད་བློན་མོ་དྷི་ཨ་མི་རི་ཀར་ཕེབས་ནས་སྲིད་འཛིན་ཇཱོ་བྷ་ཌན་དང་ཨོ་གླིང་གི་སྲིད་བློན། ཉི་ཧོང་གི་སྲིད་བློན་གསུམ་ལ་ཐུག་འཕྲད་བྱས་ནས་བཞི་འབྲེལ་རྒྱལ་ཁབ་ཀྱི་གྲོས་མོལ་ལ་ཞུགས་པར་འབྲེལ་བ་འདུག ཨུ་ཏར་ཁན་གྱི་བྷ་རོ་ཧོ་ཏི་ས་མཚམས་སུ་རྒྱ་ནག་གི་དམག་བརྒྱ་ཕྲག་རེ་ཟུང་ཞིག་གིས་དཔུང་འཛུལ་བྱས་ནས་རྒྱ་གར་གྱི་སྲུང་སྐྱོབ་དང་གདོང་ལེན་གྱི་ནུས་པར་ཉམས་ཚོད་བླངས། དེ་ནས་བདུན་ཕྲག་འགའ་ཞིག་གི་རྗེས་སུ་རྒྱ་ནག་གི་མཐའ་སྲུང་དམག་དང་རྒྱ་གར་གྱི་དམག་དཔུང་རྣམས་སྨོན་ཡུལ་གྱི་མཐའ་མཚམས་སུ་ཆགས་པའི་ཡང་རྩེ་ས་ཁུལ་དུ་ཐུག་གྲབས་བྱུང་བ་རྣམས་སྟེས་དབང་ཞིག་མ་རེད་ཅེས་གནས་ཚུལ་སྤེལ།།

རྒྱ་གར་ལ་ཧིན་བོད་ས་མཚམས་སུ་རྒྱ་ནག་གིས་ཟིང་འཁྲུག་སློང་གི་ཡོད་པ་གཅིག་པུ་མིན་ཞིང་། བདུན་ཕྲག་སྔོན་མར་ཀསྨིར་གྱི་པིར་པན་ཇལ་ས་ཁུལ་དུ་རྒྱ་གར་གྱི་ཧིན་རྡུ་གྲངས་ཉུང་མི་རིགས་ཁག་ཅིག་དམར་གསོད། རྒྱ་གར་གྱི་དམག་དང་འཇིགས་སྐུལ་རིང་ལུགས་པ་ཚོ་འཐབ་འཁྲུག་བརྒྱབ་སྟེ་ལོ་༣༠་ཐམ་པའི་གོང་དུ་ཀསྨིར་གྱི་ས་གནས་སུ་ཧིན་རྡུ་རྣམས་དམིགས་འབེན་དུ་བཟུང་ནས་དམར་གསོད་བྱས་པའི་གཏོར་རྒོལ་སླར་གསོ་བྱུང་། ད་ལྟ་ཀ་སྨིར་གྱི་ས་གནས་ཁག་ཏུ་ལས་ཀར་ཕྱིན་པའི་རྒྱ་གར་བ་རྣམས་དམག་སྒར་ཁག་ཏུ་ཉེན་བྱོལ་ལ་འགྲོ་དགོས་པ་ཞིག་ཏུ་གྱུར། ༢༠༡༩་ལོའི་ཕྱི་ཟླ་༨་པའི་ཚེས་༥་ཉིན་རྒྱ་གར་གཞུང་གིས་ཇམ་མུ་ཀསྨིར་གྱི་རང་སྐྱོང་དང་མངའ་སྡེའི་ཐོབ་ཐང་ཕྱིར་བསྡུ་བྱས་ནས་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་དུ་བསྒྱུར་ནས་པ་ཀི་སི་ཐན་ལ་ཕམ་ཉེས་ཆེན་པོ་ཞིག་བྱུང་བར་མ་ཟད། རྒྱ་ནག་གིས་ཀྱང་ལ་དྭགས་རྒྱ་གར་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་དུ་བསྒྱུར་པར་ངོ་རྒོལ་བྱས་ཤིང་། ད་ལོའི་ཕྱི་ཟླ་༨་པའི་ཟླ་མཇུག་དེར་ཨ་མི་རི་ཀའི་དམག་དཔུང་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་ཏ་ལི་བྷན་ཤོག་ཁག་ལ་པ་ཀི་སི་ཐན་དང་རྒྱ་ནག་གཉིས་ཀས་ཤུགས་རྐྱེན་ཐེབས། ད་ལྟ་པ་ཀི་སི་ཐན་གྱི་གསང་བའི་ལས་ཁུངས་ཀྱིས་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཁག་ལ་རྒྱབ་སྐྱོར་བྱས་ནས་ཀསྨིར་ས་གནས་སུ་རྒྱ་གར་གྱི་ཧིན་རྡུ་བའི་ཁྱིམ་ཚང་༨༠༠་ལྷག་ཡོད་པ་དང་སིག་རྒྱ་བོ་འབུམ་གཅིག་དང་ཕྱེད་ཀ་ལྷག་ཡོད་པ་དེ་དག་ལ་གཏོར་རྒོལ་བྱས་ནས་རྒྱ་གར་གྱིས་སླར་ཡང་ཀསྨིར་ལ་དམིགས་པ་གཏོད་དགོས་པ་དང་ཧིན་བོད་ས་མཚམས་སུ་རྒྱ་ནག་གཅིག་པུར་གདོང་ལེན་བྱེད་མི་ཐུབ་པ་ཞིག་ལ་སྒྱུར་ཐབས་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག

གཟའ་ཟླ་བའི་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་གི་འཐབ་མོ་བ་རྣམས་དང་པ་ཀི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་པ་རྣམས་ཀསྨིར་དང་ལ་དྭགས་ཀྱི་ས་གནས་ཁག་ལ་སིམ་འཛུལ་བྱས་ནས་ཟིང་འཁྲུག་བསླང་སྲིད་པའི་ཉེན་ཁ་ཆེན་པོ་འདུག རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་སྔོན་ཆད་ཇམ་མུ་ཀསྨིར་གྱི་ས་གནས་ཐོག་ཏུ་ཕྱི་རྒྱལ་གྱི་འཇིགས་སྐུལ་རིང་ལུགས་པ་རྣམས་བསླེབས་པ་རེད། ད་ལྟའང་ཕྱི་རྒྱལ་གྱི་འཇིགས་སྐུལ་རིང་ལུགས་པ་ཀསྨིར་གྱི་ས་ཐོག་ཏུ་སིམ་འཛུལ་བྱེད་ཀྱི་ཡོད་པ་ཚོད་དཔག་བྱེད་ཐུབ་ཅེས་བཤད། ཀསྨིར་གྱི་ཁ་ཆེའི་ཚོང་པ་ཞིག་གིས་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་བསྐྱར་ལངས་བྱུང་སྟེ་ང་ཚོའི་འཐབ་རྩོད་ལ་གསོན་ཤུགས་གསར་པ་ཞིག་རྒྱས་སོང་། གལ་སྲིད་ཏ་ལི་བྷན་ཤོག་ཁག་གིས་ཨ་མི་རི་ཀ་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཕམ་ནས་མཐར་སྤྲོད་གཏོང་ཐུབ་ན་ང་ཚོའི་རང་དབང་འཐབ་རྩོད་ལའང་རྒྱལ་ཁ་འཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ཨ་རིའི་ཝིལ་སིན་ཞིབ་འཇུག་ཁང་གི་ལྷོ་ཨེ་ཤི་ཡའི་ཉམས་ཞིབ་པ་མེ་ཁལ་ཀུ་ཇཱེལ་མན་གྱིས་ཏ་ལི་བྷན་ཤོག་ཁག་གིས་རྒྱ་གར་ལ་ཚོང་འབྲེལ་འཛུགས་འདོད་ཡོད་ཅེས་བསྒྲགས་པ་རེད། དེས་ན་ཁོ་ཚོས་དངོས་སུ་རྒྱ་གར་ལ་ཟིང་འཁྲུག་སློང་མི་སྲིད་པར་སྙམ། ཡིན་ནའང་ཏ་ལི་བྷན་ཤོག་ཁག་ལ་འབྲེལ་བ་ཡོད་པའི་སྒྲིག་འཛུགས་ཁག་གིས་ཀསྨིར་ལ་ཟིང་འཁྲུག་བསླངས་ནས་ཞི་བདེ་བརྟན་ལྷིང་མེད་པར་གཏོང་བ་དང་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ནུས་པ་ཆེན་པོ་ཞིག་དེ་ལ་གཏོང་དུ་འཇུག་སྲིད་ཅེས་བསྟན། ༢༠༢༠་ལོར་ཧིན་བོད་ས་མཚམས་སུ་འཁྲུག་རྩོད་ལངས་ནས་བཟུང་སྟེ་རྒྱ་གར་གྱིས་རྒྱ་ནག་ལ་དམིགས་པ་གཙོ་བོ་གཏད་ནས་གདོང་ལེན་བྱས་ཡོད་པ་རེད།།

People Liberation Army soldiers during military disengagement along the Line of Actual Control
People Liberation Army soldiers during military disengagement along the Line of Actual Control

རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་ཤས་སྔོན་ནས་རྒྱ་ནག་གིས་ཧིན་བོད་ས་མཚམས་ཡོངས་སུ་དམག་དཔུང་གཏོང་རྒྱུ་མང་དུ་བཏང་སྟེ་དམག་སྦྱོང་བྱས་པ་དང་དམག་སྒར་འཛུགས་སྐྲུན། ད་དུང་ཨག་སེ་ཆེན་གྱི་འཁྱག་རོམ་ས་ཁུལ་དུ་རྒྱ་ནག་གིས་ཨུ་རུ་སུ་ནས་ནང་འདྲེན་བྱས་པའི་s-400་རྟགས་ཅན་གྱི་འཕུར་མདེལ་ཕྱིར་ཟློག་མཚོན་ཆ་བཙུགས། འཕུར་མདེལ་ཕྱིར་ལྡོག་མཚོན་ཆ་དེ་དག་གིས་རྒྱ་གར་གྱི་དམག་འཐབ་གནམ་གྲུ་རྣམས་ལ་དྭགས་དང་སྨོན་རྟ་དབང་ཕྱོགས་ནས་བོད་དང་ཞིན་ཅང་གི་མཁའ་དབྱིངས་སུ་ཕུར་ནས་གཏོར་རྒོལ་བྱ་སྲིད་པ་འགོག་ཐུབ། རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་རྒྱ་ནག་གི་གྲ་སྒྲིག་བྱེད་སྟངས་ལ་བལྟས་ན་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་རྟགས་མཚན་མི་འདུག དེར་བརྟེན་ང་ཚོས་ཀྱང་དེ་ལ་དོགས་ཟོན་བྱས་ནས་གྲ་སྒྲིག་བྱ་དགོས་ཞེས་ནན་བརྗོད་བྱས་ཤིང་། རྒྱ་གར་དང་ཨ་མི་རི་ཀ་སོགས་ཀྱི་འབྲེལ་བ་ཅི་ཙམ་ཡར་རྒྱས་ཕྱིན་ན་དེ་ཙམ་གྱིས་རྒྱ་ནག་གིས་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་ལ་འབྲེལ་བ་ཡོད་པའི་སྒྲིག་འཛུགས་ཁག་དང་པ་ཀི་སི་ཐན་ལ་འབྲེལ་བ་ཤུགས་ཆེ་རུ་བཏང་ནས་རྒྱ་གར་ལ་ཟིང་ཆ་སློང་རྒྱུ། ཕྱི་ཟླ་༡༠་པའི་ཚེས་༢་ཉིན་འགྲེམ་སྤེལ་བྱས་པའི་རྒྱ་གར་གྱི་རྒྱལ་སྲུང་ཞིབ་འཇུག་ནང་དུའང་སྐབས་ཤིག་གི་རིང་ལ་རྒྱ་ནག་གིས་རྒྱ་གར་ལ་ཕྱོགས་གང་ཐད་ནས་བཙན་དྲག་གི་སྲིད་ཇུས་ཤིག་འཛིན་ངེས་རེད། རྒྱ་ནག་གིས་ཨ་མི་རི་ཀ་དང་རྒྱ་གར་གཉིས་ཆབ་སྲིད་དང་དམག་དོན། དཔལ་འབྱོར་དང་འཕྲུལ་རིག་ལག་རྩལ་བཅས་ཀྱི་ཐོག་ཏུ་མཉམ་འབྲེལ་བྱེད་ཀྱི་ཡོད་པ་འགོག་ཐབས་བྱ་རྒྱུ། གལ་སྲིད་འགོག་མ་ཐུབ་ན་རྒྱ་གར་ལ་བཙན་དྲག་བཀོལ་རྒྱུའི་རྟགས་མཚན་འདུག་ཅེས་བསྡོམས་བརྒྱབ་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG