༄༅།། རྒྱ་ནག་རང་གིས་བཟོ་སྐྲུན་བྱས་པའི་ཧྲན་ཏུང་དམག་གྲུ་ཆེན་མོ་ཕྱི་ཟླ་༡༢་པའི་ཚེས་༢༦་ཉིན་ཐེ་ཝན་མཚོ་འགག་ལ་སྐོར་གཡེང་དུ་བསྐྱོད། ཐེ་ཝན་གྱི་མཚོ་དམག་གིས་རྒྱ་ནག་གི་དམག་གྲུ་ཆེན་མོ་དེའི་ཁ་ཕྱོགས་དང་སྐོར་སྐྱོད་ཀྱི་དགོས་པ་བཅས་ལ་ལྟ་རྟོག་གཟབ་ནན་བྱས་པ་ཡིན། ཧྲན་ཏུང་དམག་གྲུ་ཆེན་མོ་ཐེ་ཝན་མཚོ་འགག་ནས་བྱང་ཕྱོགས་སུ་བསྐྱོད་སོང་། དམག་གྲུ་ཆེན་མོ་དེ་རྒྱ་ནག་གི་འཐབ་འཛིང་དམག་གྲུ་འགའ་ཞིག་གིས་མཐའ་བསྐོར་ནས་སྲུང་སྐྱོབ་བྱས་འདུག ཐེ་ཝན་གྱི་དམག་ལ་རང་གི་མཚོ་གླིང་དེའི་བདེ་འཇགས་དང་མངའ་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་པ་དང་གྲ་སྒྲིག་ཡོད་ཅེས་གསར་འགྱུར་སྤེལ་མོད། འོན་ཀྱང་རྒྱ་ནག་གི་དམག་གྲུ་ཆེན་མོ་ཐེ་ཝན་མཚོ་གླིང་ལ་བར་ཐག་ཅི་ཙམ་ཉེ་རུ་སླེབས་ཡོད་མེད་ཕྱིར་བསྒྲགས་བྱས་མེད་ཅིང་། ཉམས་ཞིབ་པ་ཚོས་རྒྱ་ནག་གི་ཧྲན་ཏུང་དམག་གྲུ་ཆེན་མོ་ཐེ་ཝན་མཚོ་འགག་ལ་སྐོར་སྐྱོད་བྱས་པར་དམིགས་ཡུལ་གཅིག་ལས་མེད། དེ་ནི་ཕྱི་ཟླ་དང་པོའི་ཚེས་༡༡་ཉིན་ཐེ་ཝན་ལ་སྲིད་འཛིན་དང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་བྱེད་ཀྱི་ཡོད་པར་དམིགས་འདུག རྒྱ་ནག་གིས་ཐེ་ཝན་མི་དམངས་ལ་དམག་གིས་སྡིགས་ར་བསྐུལ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་གྱི་ལངས་ཕྱོགས་འཛིན་མཁན་ཞིག་ལ་འོས་ཤོག་འཕེན་དུ་འཇུག་ཐབས་བྱེད་ཀྱི་འདུག་ཅེས་བཀྲལ།
ཧྲན་ཏུང་ཞེས་མིང་བཏགས་ཡོད་པའི་དམག་གྲུ་ཆེན་པོ་དེ་རྒྱ་ནག་ལ་འཐབ་འཛིང་གནམ་གྲུ་འཁྱེར་ཐུབ་པའི་དམག་གྲུ་གཉིས་པ་དེའི་གཅིག་ཡིན་ཞིང་། རྒྱ་ནག་གི་དམག་གྲུ་ཆེན་པོ་གཞན་པ་དེ་ལོ་ཤས་གོང་དུ་ཡུཀ་རེན་ནས་ཨུ་རུ་སུའི་དམག་གྲུ་རྙིང་པ་ཞིག་ཉོས་ནས་བཟོ་བཅོས་བརྒྱབ་སྟེ་རྒྱ་ནག་གི་མཚོ་དམག་ལ་བཀྲམ། རྒྱ་ནག་གི་ཧྲན་ཏུང་དམག་གྲུ་ཆེན་མོ་ཐེ་ཝན་མཚོ་འགག་ཏུ་སྐོར་སྐྱོད་བྱས་པ་ཐེངས་དང་པོ་མིན་ཞིང་། པེ་ཅིང་གི་དབང་འཛིན་པ་ཚོས་ཐེ་ཝན་རང་བཙན་བྱས་པ་ཡིན་ན་མི་དམངས་བཅིངས་འགྲོལ་དམག་གིས་མཚོ་གླིང་དེར་བཙན་འཛུལ་བྱས་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་སྡིགས་ར་བསྐུལ་ཡོད་པ་སྟེ། རྒྱ་ནག་གི་དམག་དོན་མི་སྣ་ཞིག་གིས་ཐེ་ཝན་གྱི་འགོ་ཁྲིད་ཚོ་རང་བཙན་གྱི་ལམ་དུ་བསྐྱོད་པའམ། ཡང་ན་དམག་གིས་སྟོབས་ཤུགས་བཀོལ་ནས་རྒྱ་ནག་ལ་ཁ་གཏད་བཅག་ན་འཆི་ལམ་ཉག་གཅིག་ལས་མེད་པ་ངོས་ཟིན་དགོས་ཞེས་ཉེན་བརྡ་བཏང་བ་དང་། ཧོང་ཀོང་དུ་བཅའ་སྡོད་རྒྱ་ནག་གི་དམག་དོན་ཉམས་ཞིབ་པ་སུང་ཀྲུང་ཕིང་ཞེས་པ་ཞིག་གིས་ཧྲན་ཏུང་དམག་གྲུ་ཆེན་མོ་ཐེ་ཝན་མཚོ་འགག་ལ་སྐོར་གཡེང་དུ་བཏང་ནས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་དང་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་གནོན་ཤུགས་སྤྲོད་ཀྱི་འདུག རྒྱ་ནག་གི་ཧྲན་ཏུང་དང་ལེའོ་ནིང་དམག་གྲུ་གཉིས་ཐེ་ཝན་མཚོ་འགག་ལ་སྐོར་གཡེང་དུ་བསྐྱོད་པ་ནི་དོན་དངོས་སུ་དམག་སྦྱོང་དང་གསང་བའི་གནས་ཚུལ་བསྡུ་རུབ་བཅས་དགོས་མཁོ་གཉིས་གྲུབ་ཀྱི་ལས་དོན་ཞིག་ཡིན་སྲིད། རྒྱ་ནག་གི་དམག་གྲུ་ཆེན་པོ་དེ་དག་གིས་ཐེ་ཝན་མཚོ་གླིང་ཧྲིལ་པོ་དམིགས་འབེན་དུ་བཟུང་ནས་གཏོར་རྒོལ་བྱ་རྒྱུའི་དམག་ཇུས་གཤོམ་གྱི་འདུག་ཅེས་བཤད།
པེ་ཅིང་ན་དཔར་འགྲེམ་བྱེད་བཞིན་པའི་མཚོ་དམག་དང་གྲུ་གཟིངས་ཞེས་པའི་ཟླ་རེའི་དུས་དེབ་ཐོག་ཏུ་ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་ལངས་ན་རྒྱ་ནག་གི་དམག་གྲུ་ཆེན་པོ་གཉིས་དང་དེ་མིན་གྱི་དམག་གྲུ་ཁག་གིས་མཚོ་ལམ་བཀག་སྟེ་ཐེ་ཝན་ལ་ཕྱིའི་རྒྱལ་ཁབ་ཀྱི་རོགས་སྐྱོར་ཡོང་རྒྱུ་འགོག་ཐུབ། རྒྱ་ནག་གིས་ཨ་མི་རི་ཀ་ལའང་ཐེ་ཝན་ནི་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་དེར་གནད་དོན་ཚབས་ཆེ་ཤོས་དང་ཚོར་སྐྱེན་རྣོ་ཤོས་དེ་ཡིན་ཞེས་བརྡ་ལན་གསལ་པོ་འཕྲོད་ཡོད། སྔ་ལོ་ནས་རྒྱ་ནག་གིས་ཐེ་ཝན་མཐའ་བསྐོར་ཏེ་སྐམ་མཚོ་གནམ་གསུམ་ནས་དམག་འཁྲུག་རྒྱག་རྒྱུའི་སྦྱོང་བརྡར་བྱས་ཡོད་ཅེས་ཉམས་ཞིབ་ཀྱི་རྩོམ་ཡིག་ཅིག་བཀོད། ཕྱི་ཟླ་༡༢་ཚེས་༡༧་རྒྱ་ནག་གི་ལྷོ་མཐར་ཆགས་པའི་ཧེ་ནན་ཞིང་ཆེན་གྱི་སན་ཡ་གྲོང་ཁྱེར་གྱི་མཚོ་འགྲམ་དུ་ཧྲན་ཏུང་དམག་གྲུ་ཆེན་མོ་མཚོ་དམག་ལ་བཀྲམ་པའི་མཛད་སྒོ་ཚོགས། ལྷོ་རྒྱ་ནག་རྒྱ་མཚོའི་འཛུལ་སྒོ་དེར་མཛད་སྒོ་ཚོགས་པའི་སྐབས་སུ་སྲིད་འཛིན་ཞིས་ཅིན་ཕིང་དང་ལྷོ་ཕྱོགས་དམག་དོན་བཀོད་འདོམས་ཁང་གི་མཐོ་རིམ་ལས་སྣེ་ཚོ་མཛད་སྒོ་དེར་ཞུགས། ཧྲན་ཏུང་དམག་གྲུ་ཆེན་མོར་ཇཱེ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༣༦་འཁྱེར་ཐུབ་པར་མ་ཟད། རྒྱ་ནག་གི་ལེའོ་ནིང་དམག་གྲུ་ཆེན་མོར་འཐབ་འཛིང་གནམ་གྲུ་༢༤་འཁྱེར་ཐུབ། དམག་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གི་ཧྲན་ཏུང་དམག་གྲུ་ཆེན་མོར་ཐད་འཕུར་གནམ་གྲུ་སོགས་བརྩིས་ན་ཁྱོན་བསྡོམས་དམག་གི་གནམ་གྲུ་༤༠་ཐམ་པ་འཁྱེར་ཐུབ་པའི་ཚོད་དཔག་བྱས་འདུག
ཧྲན་ཏུང་དམག་གྲུ་ཆེན་མོའི་ཐོག་ཏུ་རྒྱ་ནག་གི་མཚོ་དམག་གི་གནམ་གྲུ་ཇཱེ་༡༥་རྟགས་ཅན་དང་མཚོ་འོག་དམག་གྲུ་གཏོར་སྤྱད་མཚོ་གླག་ཐད་འཕུར་གནམ་གྲུ་རྣམས་འཁྱེར་འདུག བདུན་ཕྲག་སྔོན་མར་རྒྱ་ནག་རང་གིས་བཟོ་སྐྲུན་བྱས་པའི་དམག་གྲུ་ཆེན་མོ་མཚོ་དམག་ལ་བཀྲམ་པར་བརྟེན། རྒྱ་ནག་འཛམ་གླིང་འདིར་འཐབ་འཛིང་གནམ་གྲུ་འཁྱེར་སྤྱད་དམག་གྲུ་ཡོད་པའི་རྒྱལ་ཁབ་ཉུང་ཤས་ལས་མེད་པ་དེ་དག་གི་གྲས་སུ་ཚུད། རྒྱ་ནག་གི་དམག་གྲུ་ཆེན་པོ་དེ་དག་ཨ་མི་རི་ཀའི་དམག་གྲུ་ཆེན་མོ་ཁག་ལ་བསྡུར་ན་ཆེ་ཆུང་དང་མགྱོགས་ཚད། མཚོན་ཆ་སྣ་མང་གི་ཆ་རྐྱེན་སོགས་ཀྱིས་བསྡུར་ཐབས་མེད་ཀྱང་རྒྱ་ནག་གི་མཚོ་དམག་ལ་ལེའོ་ནིང་དང་ཧྲན་ཏུང་དམག་གྲུ་ཆེན་པོ་གཉིས་ཡོད་པ་དེས་མཚོ་དམག་གི་སྟོབས་ཤུགས་རྒྱ་སྐྱེད་ཆེན་པོ་ཞིག་གཏོང་ཐུབ་ཡོད་པ་ཁོ་ན་མིན། མ་འོངས་པར་རྒྱ་ནག་གི་མཚོ་དམག་རང་གི་མཚོ་ཁོངས་ནས་བརྒལ་ཏེ་ཐག་རིང་གི་རྒྱལ་སྤྱིའི་ས་ཁོངས་སུའང་ལས་འགན་སྒྲུབ་ཐུབ་པ་ཞིག་ཏུ་གྱུར་འདུག རྒྱ་ནག་གི་ཇཱེ་༡༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ནི་ཇཱེ་༡༡་རྟགས་ཅན་ཡར་རྒྱས་བཏང་བའི་ཐོན་རིམ་བཞི་པའི་འཐབ་འཛིང་གནམ་གྲུ་ཞིག་ཡིན། རྒྱ་ནག་གི་འཐབ་འཛིང་གནམ་གྲུ་དེ་དག་གི་མ་ལག་ཁག་ཅིག་ཨུ་རུ་སུ་ནས་ཐོན་པའི་སུ་ཁོ་ཡེ་༣༣་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དེའི་ལྷུ་ལག་རྣམས་ཡིན་ཞིང་། ཇཱེ་༡༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རེར་ལྕི་ཚད་ཊོན་༣༣་རེ་ཡོད་པས་འཛམ་གླིང་གི་འཐབ་འཛིང་གནམ་གྲུ་ལྗིད་ཁོག་ཆེ་ཤོས་དེ་ཡིན། རྒྱ་ནག་གི་མཚོ་དམག་ལ་ཇཱེ་༡༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ལས་མེད་ཅིང་། ད་ལྟ་རྒྱ་ནག་གིས་འཐབ་འཛིང་གནམ་གྲུ་འཁྱེར་ཐུབ་པའི་དམག་གྲུ་ཆེན་པོ་གསུམ་པ་ཞིག་ཀྱང་བཟོ་སྐྲུན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
ཐེ་ཝན་གྱི་སྲིད་འཛིན་ལས་ཁུངས་ཀྱིས་ཐེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུའི་ལས་འགན་ནི་ཕྱོགས་གཉིས་ཀར་ཡོད། ང་ཚོས་ཕྱོགས་གཉིས་ཀྱི་མི་དམངས་ཀྱི་བདེ་སྡུག་ལ་བསམ་བློ་གཏོང་དགོས། ཐེ་ཝན་མཚོ་འགག་དང་མངའ་ཁུལ་འདིར་ཞི་བདེ་བརྟན་ལྷིང་ཡོད་པར་རྒྱ་ནག་གིས་དགའ་བ་སྒོམ་དགོས། ས་གནས་འདིར་ཞི་བདེ་བརྟན་ལྷིང་ཡོང་ཐུབ་རྒྱུ་ལས་སླ་བོ་ཞིག་མིན་ཞེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག ཐེ་ཝན་གྱི་མཐོ་རིམ་དམག་དོན་མི་སྣ་ཞིག་གིས་རྒྱ་ནག་གི་དམག་གྲུ་ཆེན་མོ་སྐོར་གཡེང་ལ་བསྐྱོད་པ་ནི་མཚོ་གླིང་འདིའི་འོས་འདེམས་ལ་ཐེ་གཏོགས་བྱེད་པའི་ཆེད་དུ་རེད། ཁོ་ཚོས་དམག་གི་སྟོབས་ཤུགས་ངོམ་ནས་ཐེ་ཝན་གྱི་སེམས་ཐག་མ་ཆོད་པའི་མི་མང་འོས་ཤོག་འཕེན་མཁན་ཚོར་འཇིགས་སྣང་སྐུལ་གྱི་འདུག ཡིན་ནའང་རྒྱ་ནག་གཞུང་གིས་རང་གི་ཐབས་ཇུས་དེ་རལ་གྲི་སོ་གཉིས་མ་ལྟ་བུ་ཞིག་ཡིན་ཤེས་པར་བྱ་དགོས། ཐེ་ཝན་མི་དམངས་ལ་གནོན་ཤུགས་སྤྲད་ན་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་ལ་མི་དགའ་བའི་འོས་མི་དེར་འོས་ཤོག་འཕེན་སྲིད་ཅེས་བཤད། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་འོས་འདེམས་ལ་ཐད་ཀར་འགྲེལ་བཤད་ཅི་ཡང་མ་བརྒྱབ་པར་དམག་གྲུ་གསར་པའི་སྐོར་གཡེང་གི་སྦྱོང་བརྡར་ཡག་པོ་ཡོང་གི་འདུག ང་ཚོས་ཕྱོགས་ཡོངས་ལ་བསམ་བློ་བཏང་ནས་དམག་གྲུ་ཆེན་མོ་སྐོར་གཡེང་དུ་བརྫངས་པ་ཡིན་ཞེས་བཤད། ན་ནིང་ཕྱི་ཟླ་དང་པོར་ཞིས་ཅིན་ཕིང་གིས་ཕྱི་ལོ་གསར་པའི་གཏམ་བཤད་བྱས་པའི་དུས་སུ་མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱེད་མ་ཐུབ་ཚེ། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་གདམ་ཀ་དེ་འདོར་རྒྱུ་མིན་ཞེས་བཤད་འདུག