ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༨/༡༡

རྒྱ་ནག་གིས་བཟའ་ཆས་གསོག་འཇོག་དང་ཐེ་ཝན་ལ་དམག་འཁྲུག་གི་ཉེན་ཁ།


༄༅།། གཟའ་འཁོར་འདིར་རྒྱ་ནག་གཞུང་གིས་མི་དམངས་ལ་ཟླ་ཤས་རིང་འདང་ངེས་ཀྱི་བཟའ་ཆས་དང་འཚོ་བའི་ཉེར་མཁོ་རྣམས་གསོག་འཇོག་བྱ་དགོས་ཞེས་བཀོད་ཁྱབ་ཅིག་བཏང་ནས་བཟུང་། རྒྱ་ནག་གི་དྲྭ་ལམ་ཁག་ཏུ་བཟའ་ཆས་གསོག་འཇོག་བྱོས་ཟེར་བའི་གོ་དོན་ནི་ཐེ་ཝན་ལ་དམག་འཁྲུག་རྒྱག་རྒྱུའི་ཆེད་དུ་རེད་ཅེས་གླེང་སློང་དང་ཚོད་དཔག་བྱ་རྒྱུ་ཤུགས་ཆེ་རུ་སོང་འདུག ཕྱི་ཟླ་༡༡་པའི་ཚེས་༤་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ཉིན་ཤས་རིང་རྒྱ་ནག་མི་དམངས་ཀྱིས་ཚོང་ཁང་ཁག་གི་བཟའ་ཆས་རྣམས་སྡེབ་ཉོ་བྱས་ནས་དངངས་འཚབ་ལངས་ཡོད་ཀྱང་ཧ་ལམ་ཐེ་ཝན་ལ་དམག་འཁྲུག་རྒྱག་ཐུབ་རྒྱུ་ཁག་པོ་རེད། འཛམ་གླིང་གི་ཉམས་ཞིབ་པ་ཕལ་མོ་ཆེས་རྒྱ་ནག་གིས་ཐེ་ཝན་ལ་དངོས་སུ་དམག་གི་བཙན་འཛུལ་བྱ་རྒྱུ་གནས་སྐབས་རིང་འབྱུང་དཀའ། ཡིན་ནའང་རྒྱ་ནག་གི་དྲྭ་ལམ་ཁག་ཏུ་མཆན་འབྲི་སྟངས་དང་འཕྲིན་ཐུང་སྤེལ་གྱི་ཡོད་པ་དེ་དག་ལ་གཞིགས་ཚེ། རྒྱ་ནག་མི་དམངས་ཀྱི་བསམ་བློའི་ནང་དུ་ཐེ་ཝན་ལ་དམག་འཁྲུག་རྒྱག་རྒྱུ་རེད་སྙམ་པའི་འཇིགས་སྣང་ཡོད་པ་གསལ་སྟོན་བྱུང་བ་རེད་ཅེས་བཀོད། རྒྱ་གཞུང་གིས་མི་འབོར་ས་ཡ་༢༤་ཡོད་པའི་ཐེ་ཝན་མཚོ་གླིང་ནི་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ལ་བརྩིས་ནས་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་རྒྱ་ནག་གི་དམག་འཐབ་གནམ་གྲུ་དཔུང་འཛུལ་བྱ་རྒྱུ་ཇེ་མང་དུ་སོང་། དེས་ན་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་ཤུགས་ཆེ་རུ་བཏང་བ་དང་ཕྱོགས་གཉིས་ཀྱི་དམག་དོན་འབྲེལ་བ་དམ་ཟབ་ཏུ་གྱུར། ཐེ་ཝན་མཚོ་གླིང་གི་བདེ་འཇགས་ནི་ཨ་མི་རི་ཀ་དང་རྒྱ་ནག་གི་རྩོད་གཞི་ཆེན་པོ་ཞིག་ཏུ་གྱུར་ཏེ་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་བྱ་དགོས་ཞེས་གླེང་སློང་ཤུགས་ཆེན་བྱུང་།།

ཁ་སང་གཟའ་ལྷག་པའི་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་ཕྱི་ཟླ་༡༠་པའི་ཚེས་༢༣་ནས་ཉིན་༤་ལ་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་རྣམས་ཚོགས་འདུ་ཚོགས་ནས་རྒྱལ་སྲུང་དམག་སྐུལ་སློབ་གསོའི་བཅའ་ཁྲིམས་གཏན་ལ་ཕབ། རྒྱལ་སྲུང་དམག་སྐུལ་སློབ་གསོའི་བཅའ་ཁྲིམས་དེར་སྒེར་གྱི་གྲུ་གཟིངས་དང་རླངས་འཁོར་སོགས་སྐྱེལ་འདྲེན་གྱི་ཡོ་ཆས་རྣམས་དམག་འཁྲུག་གི་དུས་སུ་སྲིད་གཞུང་གིས་བཀོལ་སྤྱོད་བྱེད་ཆོག རྒྱ་ནག་དམར་ཤོག་ཚོགས་པ་དང་གཙོ་འཛིན་ཞིས་ཅིན་ཕིང་ལ་དམག་དཔུང་བཀོད་འདོམས་ཀྱི་དབང་ཚད་བླ་ན་མེད་པ་ཡོད་ཅེས་འཁོད། དེར་བརྟེན་རྒྱ་ནག་གི་དཔལ་འབྱོར་དང་ཚན་རིག འཕྲུལ་རིག་དང་སྐྱེལ་འདྲེན། ཆབ་སྲིད་ཀྱི་ཚན་པ་ཁག་དམག་འཁྲུག་གི་དགོས་མཁོར་གཞིགས་ནས་བཀོལ་སྤྱོད་བྱེད་ཆོག་པའི་ཁྲིམས་ཤིག་བཟོས། སྔོན་ཆད་རྒྱ་ནག་གི་དམག་དོན་ལ་འབྲེལ་བ་ཡོད་པའི་ལས་དོན་ཁག་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དབུས་དམག་དོན་ལྷན་ཁང་བཅས་ཀྱིས་མཉམ་དུ་ཐག་གཅོད་བྱེད་ཀྱི་ཡོད་ཀྱང་ཞིས་ཅིན་ཕིང་གིས་དེ་ལ་འགྱུར་བཅོས་བཏང་ནས་སོ་སོའི་དམག་སྐུལ་གྱི་དབང་ཚད་ཆེ་རུ་བཏང་བར་མ་ཟད། རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་དང་ཉམས་ཞིབ་སྡེ་ཚན་ཁག རྒྱ་ནག་གི་སྤྱང་དམག་ཏུ་འབོད་པའི་ཕྱི་འབྲེལ་མི་སྣ་ཚོར་ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་བྱ་དགོས། ཐེ་ཝན་རང་བཙན་ལ་མདུན་ལམ་མེད། སུ་ཞིག་གིས་རྒྱ་ནག་དང་ཐེ་ཝན་གཉིས་གཅིག་གྱུར་བྱ་རྒྱུ་དེར་བཀག་འགོག་བྱེད་ན་ཁ་ཆག་སྣ་རལ་འབྱུང་གི་རེད་ཅེས་འུར་སྒྲོགས་བྱེད་དུ་བཅུག རྒྱ་ནག་གི་དྲྭ་ལམ་འཐབ་ཇུས་ཉམས་ཞིབ་པ་ཆིན་ཨན་ཞེས་པ་ཞིག་གིས་རྒྱལ་སྲུང་དམག་སྐུལ་བཅའ་ཁྲིམས་ལ་འགྱུར་བ་བཏང་བ་ནི་མི་དམངས་བཅིངས་འགྲོལ་དམག་གིས་འཐབ་འཁྲུག་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་མི་དམངས་ཀྱིས་དམག་འཁྲུག་ལ་རྒྱབ་སྐྱོར་བྱ་རྒྱུ། རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་གྱུར་གྱི་ཕུགས་བསམ་མངོན་འགྱུར་བྱེད་དུ་འཇུག་ཐབས་ཀྱི་དམིགས་ཡུལ་རེད། རྒྱལ་སྲུང་དམག་སྐུལ་ཞེས་པའི་གོ་དོན་དེ་དམག་འཁྲུག་ལ་གྲ་སྒྲིག་བྱེད་དགོས་པ་དང་རྒྱ་ནག་དམག་འཁྲུག་གི་ཕྱོགས་སུ་སྐྱོད་ཀྱི་ཡོད་པ། རྒྱ་ནག་གི་དཔལ་འབྱོར་དང་མིའི་ནུས་ཤུགས་བཅས་པ་དམག་དོན་ལ་གཏོང་དགོས་ཟེར་བའི་གོ་དོན་རེད་ཅེས་རྩོམ་ཡིག་སྤེལ།།

མཉམ་འབྲེལ་གསར་ཁང་གི་གསར་འགོད་པས་པེ་ཅིང་བ་མང་དག་ཅིག་ལ་བཅར་འདྲི་ཞུས་པ་ལྟར་ན། མི་མང་སྐད་ཆ་འདྲི་ཡུལ་མང་ཆེ་བས་རྒྱ་ནག་གིས་འཕྲལ་དུ་ཐེ་ཝན་ལ་དམག་འཁྲུག་རྒྱག་རྒྱུའི་ཉེན་ཁ་མེད་ཀྱང་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཛ་དྲག་ཅན་ཞིག་ལ་འགྱུར་བཞིན་པ་ནི་ངོ་མ་རེད་ཅེས་ལན་བཏབ། དཔེར་ན་པེ་ཅིང་གྲོང་ཁྱེར་གྱི་སྲང་ལམ་ཞིག་ཏུ་འཆམ་འཆམ་ལ་སྐྱོད་བཞིན་པའི་ཧུ་ཁྲུན་མཱེ་ཞེས་པ་ཞིག་གིས་ང་ལ་དམག་འཁྲུག་འབྱུང་གི་རེད་སྙམ་པའི་འཇིགས་སྣང་མེད། ཡིན་ནའང་སྔོན་དང་བསྡུར་ན་ད་ལྟ་དམག་འཁྲུག་གི་ཉེན་ཁ་ཆེ་རུ་འགྲོ་བཞིན་པ་ང་ཚོས་ངོས་ཟིན་དགོས། མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱེད་ཐུབ་ན་ཡག་པོ་རེད་ཅེས་ལན་བཏབ། ད་དུང་ཀྲང་ཤཱི་ཞེས་པའི་རྒྱ་མོ་གཞན་ཞིག་གིས་དམག་འཁྲུག་རྒྱག་ཐུབ་རྒྱུ་མ་རེད། འདི་ནི་ལོ་རྒྱུས་ཀྱི་འགལ་ཟླའི་འཕྲོ་རྒྱུན་ཞིག་ཡིན་པས་འཕྲལ་དུ་ཐག་གཅོད་བྱེད་ཐུབ་རྒྱུ་ཡོང་ཐབས་མེད་པ་ཞིག་རེད་ཅེས་༡༩༤༩་ནས་མའོ་ཙེ་ཏུང་དང་ཅང་ཅེ་ཧྲི་གཉིས་ཀྱིས་སྲིད་གཞུང་ལོགས་སུ་བཙུགས་ནས་རྒྱ་ནག་དང་ཐེ་ཝན་གཉིས་ཁ་གྱེས་སུ་སོང་བའི་བྱུང་རབས་རྣམས་ལུང་དྲངས། རྒྱ་ནག་གཞུང་གིས་ཐེ་ཝན་ལ་དམག་འཁྲུག་རྒྱག་འཆར་ཡོད་མེད་ནི་སུ་གཅིག་གིས་ཀྱང་ཁ་ཚོན་བཅས་ནས་བཤད་མི་ཐུབ་ཀྱང་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་མི་མང་གིས་འབྲས་དང་གྲོ་ཕྱེ། ཐུག་པ་སྐམ་པོ་དང་བཟའ་སྣུམ་སོགས་སྡེབ་ཉོ་བྱས་ནས་བཙོང་རྒྱུ་མེད་ཅིང་། རྒྱ་ནག་གི་ཞིང་ཆེན་འགའ་ཞིག་ལ་དམག་འཁྲུག་ལས་ཀྱང་ཏོག་དབྱིབས་ནད་དུག་ཁྱབ་སྟེ་འགྲོ་འོང་བཀག་ནས་རང་ཁྱིམ་དུ་ལུས་ཏེ་བཟའ་བཏུང་ཆད་རྒྱུའི་ཉེན་ཁ་ཡོད་པར་སྐྲག་སྣང་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། རྒྱ་ནག་གཞུང་གིས་མི་དམངས་ཀྱི་བློ་འཚབ་འཇགས་ཐབས་སུ་དམག་འཁྲུག་གི་དཀྲོག་གཏམ་ལ་མ་མཉན། སུ་ཞིག་གིས་ཐེ་ཝན་ལ་དམག་འཁྲུག་རྒྱག་རྒྱུ་རེད་ཅེས་དཀྲོག་གཏམ་སྒྲོགས་ན་ཉེས་ཆད་དྲག་པོ་གཅོད་རྒྱུ་ཡིན། འབྲས་དང་གྲོ་ཕྱེ་སོགས་ཉུང་ཉུང་ཉོས་ན་བཙོང་རྒྱུ་ཆད་སྲིད་པའི་ཉེན་ཀ་མེད་ཅེས་བསྒྲགས།།

བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཚོང་དོན་ལྷན་ཁང་གིས་ལོ་འདིའི་དགུན་ཁ་ནས་དཔྱིད་ཁའི་བར་དུ་མི་དམངས་ཀྱིས་འབྲས་དང་གྲོ་ཕྱེ་སོགས་བཟའ་ཆས་རིགས་དང་འཚོ་བའི་ཉེར་མཁོ་རྣམས་གསོག་འཇོག་བྱེད་དགོས་ཞེས་བཀོད་ཁྱབ་བཏང་ཞིང་། དེ་ནས་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་དབུས་ཚོང་དོན་ལྷན་ཁང་གིས་དམག་འཁྲུག་འབྱུང་རྒྱུའི་སྔོན་བརྡ་བཏང་བ་རེད། རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ཞིས་ཅིན་ཕིང་སོགས་མཐོ་རིམ་འགོ་ཁྲིད་ཚོས་ཐེ་ཝན་ལ་སྡིགས་ར་བསྐུལ་བའི་ཁྱབ་བསྒྲགས་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག ཨ་རི་དང་རྒྱ་ནག་གི་འབྲེལ་བའང་ཇེ་སྡུག་ཏུ་འགྲོ་བཞིན་པ་བཅས་ཀྱིས་རྒྱ་ནག་གིས་ཐེ་ཝན་ལ་དམག་འཁྲུག་རྒྱག་རེད་ཅེས་མི་དམངས་ལ་དངངས་འཚབ་ཆེན་པོ་བྱུང་། རྒྱ་ནག་གི་སྤྱི་ཚོགས་དཔྱད་བརྗོད་པ་ཞིག་གིས་དམག་འཁྲུག་གི་དོགས་པ་འབྱུང་རྒྱུ་ཆོས་ཉིད་རེད། ང་ཚོས་སྲིད་གཞུང་གི་འགྲེལ་བཤད་ལ་ཡིད་ཆེས་བྱེད་དགོས། འོན་ཀྱང་མི་དམངས་ལ་སེམས་ཁྲལ་ཡོད་པ་དེར་བསམ་བློ་གཏོང་དགོས་ངེས་སུ་གྱུར་ཡོད། མི་ཁག་ཅིག་གིས་དམག་འཁྲུག་རྒྱག་དགོས་ཞེས་སྐུལ་སློང་བྱེད་ཀྱི་ཡོད་པ་དེས་རྒྱ་ནག་གི་རྒྱ་ཆེའི་མང་ཚོགས་ཀྱི་ལྟ་ཚུལ་མཚོན་མི་ཐུབ། དམག་འཁྲུག་གི་སྐུལ་སློང་གིས་ཐེ་ཝན་ལ་སྔོན་བརྡ་འམ། ཡང་ན་ཉེན་བརྡ་ཞིག་གཏོང་གི་ཡོད་པ་ངོ་འཕྲོད་ཅེས་བཀྲལ། ཁ་སྔོན་ཕྱི་ཟླ་༨་ནང་ཐེ་ཝན་གྱི་ཉེ་འཁྲིས་སུ་ཆགས་པའི་ཞ་མེན་ས་གནས་ཀྱི་མི་ཞིག་གིས་ང་ཚོར་སྲིད་གཞུང་གིས་ཁྱིམ་ཚང་སོ་སོས་ཛ་དྲག་གི་མཁོ་ཆས་གང་གང་གྲ་སྒྲིག་བྱེད་དགོས་མིན་གྱི་ཐོ་གཞུང་ཞིག་བཀྲམ་སོང་ཞེས་གློག་ཀླད་ནང་གི་ཐོ་གཞུང་དེ་དྲྭ་ལམ་དུ་བཀྲམ། ཁ་སང་གཟའ་ལྷག་པའི་ཉིན་རྒྱ་ནག་གི་དམག་མི་ཟུར་པ་ཚོ་དམག་སྒར་ཁག་ལ་ཕྱིར་ལོག་བྱས་ནས་དམག་འཁྲུག་གི་གྲ་སྒྲིག་བྱ་དགོས་ཞེས་བརྡ་ཐོ་འབྱོར་བ་རེད་ཟེར་བའི་གནས་ཚུལ་ཞིག་སྒྲོགས་ཀྱི་ཡོད་ཀྱང་མཉམ་འབྲེལ་གསར་ཁང་གིས་དེ་ལ་ངེས་གཏན་བྱས་མ་ཐུབ། རྒྱ་ནག་གི་དམག་དོན་དྲྭ་ལམ་ཁག་ཏུ་གནས་ཚུལ་དེ་བདེན་པ་མ་རེད་ཅེས་གསལ་བཀྲོལ་བྱས་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༠་པའི་ཚེས་༡༠་ཉིན་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཀྲུང་ཧྭ་མིན་གོ་ཚུགས་ནས་ལོ་༡༡༠་འཁོར་བའི་རྒྱལ་སྟོན་དུས་ཆེན་ལ་གཏམ་བཤད་མ་བྱས་གོང་དེར་རྒྱ་ནག་གི་དམག་འཐབ་གནམ་གྲུ་༡༥༠་ལྷག་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་བཏང་ནས་འཇིགས་སྐུལ་བྱས་མོད། འོན་ཀྱང་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་མཚོ་འགག་ཕྱོགས་གཉིས་ཀྱི་གནས་ཐོབ་དེ་རང་སོར་འཇོག་དགོས། འདི་ནི་ཐེ་ཝན་མི་དམངས་ཀྱི་མངོན་འདོད་ཡིན་ཞེས་གཏམ་བཤད་བྱས་ཤིང་། དེའི་རྗེས་སུ་ཐེ་ཝན་གྱི་རྒྱལ་སྲུང་བཅའ་ཁྲིམས་ལ་འབྲེལ་བ་ཡོད་པའི་ཁྲིམས་ཡིག་བཞི་ལ་ལེགས་བཅོས། ཞིས་ཅིན་ཕིང་གིས་༢༠༢༢་ལོའི་ཕྱི་ཟླ་དང་པོའི་ཚེས་༡་ནས་རྒྱ་ནག་གི་དམག་མིའི་བཟའ་ཟླ་བུ་ཕྲུག་ཚོར་སྨན་བཅོས་རིན་མེད་ཡིན། དམག་མིའི་ཕ་མ་ཚོ་ལའང་སྨན་བཅོས་ཀྱི་འགྲོ་གྲོན་ཕྱེད་ཀ་མ་གཏོགས་ལེན་མི་ཆོག་ཅེས་ཐག་བཅད། དེ་རིང་གཟའ་ཕུར་བུའི་ཉིན་ཨ་རིའི་ཧིལ་གསར་ཁང་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མེཀ་མཱེ་ལིས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ན་ཨ་མི་རི་ཀར་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་པའི་དམག་གི་སྟོབས་ཤུགས་ཡོད། ངས་བལྟས་ན་ཉུང་མཐར་ཡང་མ་འོངས་པའི་ལོ་གཉིས་ཀྱི་རིང་དེར་རྒྱ་ནག་གིས་ཐེ་ཝན་ལ་དམག་འཁྲུག་རྒྱག་ཐུབ་རྒྱུ་མ་རེད། རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་དང་མཚོ་དམག་གི་སྟོབས་ཤུགས་རྒྱ་སྐྱེད་གཏོང་གི་ཡོད་པར་དོགས་ཟོན་བྱ་དགོས། རྒྱ་ནག་གི་བཙན་འཛུལ་འགོག་པར་ཨ་མི་རི་ཀས་ཐེ་ཝན་ལ་དམག་བཏང་ནས་མཚོ་གླིང་དེར་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན་ནི་ཕོ་བྲང་དཀར་པོས་ཐག་གཅོད་བྱེད་དགོས་པ་ཞིག་རེད་ཅེས་ཨ་མི་རི་ཀའི་སྲིད་ཇུས་ཁ་གསལ་མེད་པ་དེ་བསྐྱར་ཟློས་བྱས་འདུག

XS
SM
MD
LG