ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དམར་ཤོག་ཚོགས་པས་རང་གི་བྱུང་རབས་ལ་བཟོ་བཅོས། 


༄༅།། ༡༩༢༡་ལོའི་ཕྱི་ཟླ་༧་པའི་ཚེས་༡་ཉིན་མའོ་ཙེ་ཏུང་སོགས་མི་༡༢་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས། རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་ནས་ལོ་བརྒྱ་འཁོར་གྲབས་ཡོད་པའི་མཚམས་འདིར་ཞིས་ཅིན་ཕིང་གིས་འགོ་ཁྲིད་ནས་དབུས་དམར་ཤོག་ཚོགས་པའི་འཐུས་མི་ཉི་ཤུ་རྩ་ལྔས་དམར་ཤོག་ཚོགས་པ་དང་མི་དམངས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་རྒྱུ་ཡིན་ཞེས་དམ་བཅའ་བཞག ཕྱི་ཟླ་༦་པའི་ཚེས་༢༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་རྒྱ་ནག་གཞུང་གིས་ལོ་བརྒྱའི་གོང་དུ་དམར་ཤོག་ཚོགས་པའི་ཚོགས་འདུ་ཚོགས་ཡུལ་ཧྲང་ཧེ་གྲོང་ཁྱེར་གྱི་ཁང་པ་དེ་འགྲེམ་སྟོན་ཚོགས་ཁང་ཞིག་ཏུ་བསྒྱུར། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་ཚོགས་པ་དང་རྒྱ་ནག་ལ་དམག་ཤེད་ཅན་དང་བཙན་རྒྱལ་རིང་ལུགས་པའི་དབང་སྒྱུར་འོག་ཏུ་ཕམ་ཉེས་བྱུང་བ། དུས་རབས་༢༠་བའི་མགོ་སྟོད་དེར་རྒྱ་ནག་པ་རྣམས་གོ་རྟོགས་སད། ༡༩༤༩་ལོར་རྒྱ་ནག་དམར་ཤོག་ཚོགས་པར་རྒྱལ་ཁ་ཐོབ་སྟེ་གོ་མིན་ཏང་དང་ཅང་ཅེ་ཧྲི་སོགས་ཐེ་ཝན་ལ་བཙན་བྱོལ་དུ་བྲོས་པ་རྣམས་དཀྱུས་གཅིག་ཏུ་བཀོད། རྒྱ་ནག་དམར་ཤོག་ཚོགས་པས་རང་གི་བྱུང་རབས་རྣམས་རྫུན་བཟོ་བྱེད་ཀྱི་འདུག འདི་ནི་ཟླ་བ་འདིར་ཞིས་ཅིན་ཕིང་གིས་རྒྱ་ནག་གི་བཟང་ཕྱོགས་རྣམས་མང་ཙམ་བཤད་དགོས་ཞེས་བཀའ་བཏང་བར་མཐུན་པར་སྣང་། རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་ཐེངས་དང་པོ་ཚོད་ལྟ་བྱས་པ་དང་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན། ཉེ་ཆར་གཟའ་སྐར་མིག་དམར་ནང་དུ་རྒྱ་ནག་གིས་འཁོར་སྐར་བཏང་བ། རྒྱ་ནག་གི་དམག་གི་སྟོབས་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་རྒྱ་ནག་དབུལ་ཕོངས་རྒྱལ་ཁབ་ཅིག་ནས་འབྱོར་ལྡན་རྒྱལ་ཁབ་ཅིག་ལ་གྱུར་ཡོད་པ་རྣམས་འགྲེམ་སྟོན་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གསར་འགོད་པས་༡༩༥༨་ནས་༡༩༦༠་ཐམ་པའི་བར་དུ་རྒྱ་ནག་ལ་མཆོང་སྐྱོད་ཆེན་མོའི་ལས་འགུལ་སྤེལ་ནས་མི་ས་ཡ་མང་པོ་བཀྲེས་ལྟོགས་ཀྱིས་ཤི་བ་དང་ལོ་བཅུའི་རིག་གནས་གསར་བརྗེའི་གཏོར་བཤིག་གི་ལས་འགུལ་ལངས་པ། ༡༩༨༩་ལོར་གནམ་བདེ་སྒོ་མོ་ཆེའི་ཐང་དུ་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་སྟོང་ཕྲག་མང་པོ་རྒྱ་ནག་དམར་ཤོག་གཞུང་གིས་སྡེབ་གསོད་བྱས་པ་རྣམས་བྱུང་མྱོང་མེད་པ་ལྟར་མཐོང་ཐོས་མེད་པར་གྱུར་འདུག་ཅེས་གནས་ཚུལ་སྤེལ། རྒྱ་ནག་དམར་ཤོག་ཚོགས་པས་གཡས་ཤོག་ལ་རྒོལ་རྡུང་དང་ཤེས་ཡོན་ཅན་རྣམས་རྩ་མེད། རྒྱ་ནག་དམར་ཤོག་གཞུང་གིས་བོད་དང་ཞིན་ཅང་གི་གྲངས་ཉུང་མི་རིགས་ལ་བཙན་གནོན་བྱས་ནས་མི་ས་ཡ་མང་པོ་དམར་གསོད། བོད་པ་དང་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་ཁག་གི་རིག་གཞུང་དང་སྐད་ཡིག་རྣམས་རྩ་མེད་བཏང་བ་སོགས་གཏན་ནས་གླེང་སློང་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན། དབྱིན་ཇིའི་བྷ་རི་སི་ཊོལ་སློབ་གྲྭ་ཆེན་མོའི་ལོ་རྒྱུས་ཉམས་ཞིབ་པ་བྷི་ཁེར་གྱིས་བཤད་པ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པས་བརྗེད་ན་འདོད་པའི་བྱུང་བ་མང་དག་ཅིག་འདུག འདས་པའི་ལོ་བརྒྱའི་རིང་ལ་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་གྲུབ་འབྲས་འབའ་ཞིག་ཡིག་ཐོག་ཏུ་བཀོད་ནས་དགའ་སྟོན་བྱ་རྒྱུ་གཙིགས་སུ་བཟུང་བ་རེད་ཅེས་བཤད། རྒྱ་ནག་དམར་ཤོག་ཚོགས་པས་ལོ་རྒྱུས་ལ་སྟངས་འཛིན་དང་ཞིས་ཅིན་ཕིང་གིས་ལོ་རྒྱུས་ལ་སྟངས་འཛིན་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་སྟེ། རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་སྒེར་འཛིན་བྱེད་ཀྱི་ཡོད་པ་ཁྲིམས་མཐུན་ཡིན་མིན་གླེང་སློང་དང་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ལ་མི་མཐུན་པའི་བྱུང་རབས་རྣམས་ནག་སུབ། རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་དུ་ལོ་རྒྱུས་སྡེ་ཚན་ཞིག་ཟུར་འཛུགས་བྱས་ནས་གཞུང་གི་ལྟ་བ་དང་ལངས་ཕྱོགས་ལ་མཐུན་པའི་ལོ་རྒྱུས་རྣམས་བྲིས། ཨ་རིའི་སི་ཊན་ཧྥོར་ཌི་སློབ་གྲྭ་ཆེན་མོའི་ཧུ་ཝྭར་ཉམས་ཞིབ་ཁང་གི་ལོ་རྒྱུས་ཉམས་ཞིབ་པ་ཊི་ཧྥར་ཊིས་སྲིད་འཛིན་ཞིས་ཅིན་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་༡༩༩༡་ལོར་ཨུ་རུ་སུའི་དམར་ཤོག་ལམ་ལུགས་ཐོར་ཞིག་སོང་བ་ལྟར་རྒྱ་ནག་གི་དམར་ཤོག་ལམ་ལུགས་ཀྱང་ཐོར་ཞིག་འགྲོ་སྲིད་པའི་འཇིགས་སྣང་ཆེན་པོ་འདུག དགའ་སྟོན་འདི་ཐོག་མ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་གཏོང་ཐབས་དང་ཨུ་རུ་སུའི་དམར་ཤོག་ཚོགས་པ་ལྟར་ཐོར་ཞིག་མི་འགྲོ་བའི་དམིགས་ཡུལ་བཅངས་ནས་གོ་རིམ་ལྡན་པ་དང་ཕྱོགས་ཡོངས་ཀྱི་དྲིལ་བསྒྲགས་ཤིག་རེད། འདི་ནི་དམར་ཤོག་ལམ་ལུགས་ལ་ཡིད་ཆེས་ཡོད་པ་ཞིག་མིན་པར་ཚོང་ཟོག་མཁོ་སྤྲོད་བྱེད་ཀྱི་ཡོད་པ་ལྟ་བུ་ཞིག་རེད། རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་རྒྱུན་འཁྱོངས་བྱེད་པའི་དོན་དུ་དམར་ཤོག་ཚོགས་པར་ནོར་འཁྲུལ་བྱུང་བ་རྣམས་སྦས་གསང་བྱེད་དགོས་ཐུག་གི་ཡོད་པ་རེད་ཅེས་བསྟན།།

པེ་ཅིང་དུ་སྒོ་ཕྱེ་བའི་འགྲེམ་སྟོན་ཁང་ཞིག་ཏུ།
པེ་ཅིང་དུ་སྒོ་ཕྱེ་བའི་འགྲེམ་སྟོན་ཁང་ཞིག་ཏུ།

ཞིན་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་ནས་ལོ་བརྒྱ་འཁོར་གྱི་ཡོད་པའི་དགའ་སྟོན་ལ་གཟབ་ནན་དང་རྒྱ་ནག་གི་གྲུབ་འབྲས་རྣམས་འགྲེམ་སྟོན་བྱེད་ཀྱི་ཡོད་ཀྱང་ཧྲང་ཧེ་གྲོང་ཁྱེར་གྱི་འགྲེམ་སྟོན་ཁང་དེར་བལྟས་ན་རྒྱ་ནག་དམར་ཤོག་ཚོགས་པ་མར་ཁེ་སི་དང་ལེ་ཉིན་རིང་ལུགས། མའོ་ཙེ་ཏུང་གི་དགོངས་པ་བཅས་ལ་ཡོངས་སུ་འགལ་ཏེ་རྒྱང་ཐག་རིང་དུ་སོང་ཡོད་པ་གསལ་པོར་མཐོང་ཐུབ། དཔེར་ན་མའོ་ཙེ་ཏུང་གི་དུས་སྐབས་སུ་རྒྱ་ནག་ལ་མཉམ་འབྲེལ་ལམ་ལུགས་བཙུགས། ཏིན་ཞའོ་ཕིང་གིས་རྒྱ་ནག་ལ་མ་རྩ་རིང་ལུགས་ཀྱི་ཁྲོམ་རའི་ལམ་ལུགས་དར་སྤེལ་བཏང་བ་རྣམས་གླེང་སློང་ཅི་ཡང་བྱེད་ཀྱི་མེད་པར་མ་ཟད། ཟླ་བ་འདིར་ཧྲང་ཧེ་ཉིན་རེའི་ཚགས་པར་ལ་དོན་དངོས་ཀྱི་བྱུང་རབས་དང་ལོ་རྒྱུས་མི་སྣ་སོགས་བཀོད་པ་དེ་དག་གི་གྲས་སུའང་ལྟ་གྲུབ་ཀྱི་སྐོར་ཅི་ཡང་མ་བཤད་པར་དམར་ཤོག་ཚོགས་པའི་ལས་འགན་ནི་རྒྱ་ནག་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཁོ་ན་ཞེས་འགྲེལ་བཤད་རྒྱག་གི་ཡོད་པའི་གནས་ཚུལ་ཐོན། དེ་རིང་གཟའ་མིག་དམར་ཉིན་ཞིས་ཅིན་ཕིང་གིས་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་རྒྱ་ནག་དམར་ཤོག་ཚོགས་པར་གཞུང་དྲང་བློ་དཀར་བྱ་དགོས། མི་དམངས་ལ་ཞབས་འདེགས་ཞུ་དགོས་ཞེས་མི་དམངས་ཚོགས་ཁང་ཆེན་མོར་དམར་ཤོག་ཚོགས་པའི་ཚོགས་མི་བྱས་རྗེས་ཅན་༢༩་ལ་རྟགས་མ་སྤྲད། དེང་སྐབས་རྒྱ་ནག་རྒྱལ་ཡོངས་སུ་དམར་ཤོག་ཚོགས་པར་ཚོགས་མི་ས་ཡ་༩༢་ཡས་མས་ཤིག་ཡོད་པ་སྟེ། རྒྱ་ནག་གི་མི་འབོར་དེའི་བརྒྱ་ཆའི་༦་དང་ཕྱེད་ཀ་ལྷག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་ཞིང་། ཁོ་ཚོ་ཞིས་ཅིན་ཕིང་གིས་ནན་བརྗོད་བྱས་པ་ལྟར་གཞུང་དྲང་བློ་དཀར་གྱི་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་མིན་བཤད་དཀའ། རྒྱ་ནག་པ་མང་དག་ཅིག་གིས་དམར་ཤོག་ཚོགས་པ་ཚུགས་ནས་ལོ་བརྒྱ་འཁོར་གྱི་ཡོད་པར་དགའ་བསུ་ཞུ་བཞིན་ཡོད་ཀྱང་མི་ཁག་ཅིག་གིས་དགའ་བསུ་མི་ཞུ་བར་དངོས་ཡོད་ཀྱི་འཚོ་བའི་དཀའ་ངལ་རྣམས་གླེང་། ཁོ་ཚོས་རྒྱ་ནག་གི་སྤྱི་ཚོགས་སུ་ཁང་པའི་རིན་གོང་མར་ཆག་ན་ད་གཟོད་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བར་དགའ་སྟོན་བྱེད་རིན་ཡོད་པ་ཞིག་རེད་ཅེས་དྲྭ་ལམ་དུ་མཆན་བྲིས།།

ཕྱི་རྒྱལ་གྱི་ཉམས་ཞིབ་པ་དང་གསར་འགོད་ཕལ་ཆེ་བས་ཕྱི་ཟླ་༧་པའི་ཚེས་༡་ཉིན་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བར་དགའ་སྟོན་བྱེད་ཀྱི་འདུག རྒྱ་ནག་གི་དགའ་སྟོན་དེ་ཨ་སྒོར་ས་ཡ་མང་པོ་འགྲོ་གྲོན་བཏང་ནས་ཤོག་སྦག་རྒྱག་རྒྱུ་དང་དམར་ཤོག་གི་འཁྲབ་སྟོན་བྱ་རྒྱུ། འདས་པའི་ལོ་བཅུ་ཕྲག་བཞིའི་རིང་གི་རྒྱ་ནག་དམར་ཤོག་ཚོགས་པའི་གྲུབ་འབྲས་རྣམས་སྟོན་རྒྱུ། ལོ་བཅུ་ཕྲག་བཞིའི་སྔོན་དུ་རྒྱ་ནག་དམར་ཤོག་ཚོགས་པས་ཅི་ཞིག་བསྒྲུབས་པ་རྣམས་འཁྲབ་སྟོན་ཁོངས་སུ་མ་བཅུག་པར་སྦ་གསང་བྱ་རྒྱུ། རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་ཇི་ལྟར་བཟུང་བ་དང་རྒྱ་ནག་གིས་ཕྱི་ལ་སྒོ་བརྒྱབ་སྟེ་དོན་དངོས་ལ་མི་མཐུན་པའི་ལྟ་གྲུབ་ཅིག་ལག་ལེན་བསྟར་ནས་མི་དམངས་དཀྱུས་མ་རྣམས་སྡུག་ལ་སྦྱར། ད་དུང་ཡང་རྒྱ་ནག་མི་དམངས་རྣམས་སྐྲག་ནས་ཁ་གྲག་མི་ཕོད་པ། ཞིས་ཅིན་ཕིང་གི་དབང་སྒྱུར་འོག་ཏུ་རྒྱ་ནག་ནི་སྔར་ལས་ལྷག་པའི་གདུག་རྩུབ་ཆེ་བ་དང་སྲིད་དབང་སྒེར་གཅོད། རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་ཡིད་ཆེས་བརླགས། རྒྱ་ནག་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་དྲག་བཀོལ། རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་སོང་ཡོད་པ་རྣམས་སྟོན་གྱི་མི་འདུག མ་འོངས་པའི་ལོ་བཅུའི་ནང་ཚུད་དུ་རྒྱ་ནག་ཁ་ཕྱོགས་གང་འདྲ་ཞིག་ལ་བསྐྱོད་རྒྱུ་ཡིན་མིན་ཐད་དོགས་གཅོད་བྱེད་དགོས་པ་ཞིག་རེད། ཉེ་དུས་ཤིག་ནས་རྒྱ་ནག་ཨ་མི་རི་ཀར་ཁ་གཏད་གཅོག་པའི་ལམ་ཕྱོགས་ཤིག་ཏུ་སྐྱོད་ཀྱི་འདུག དེས་ན་༡༩༨༠་ཐམ་པ་ནས་རྒྱ་ནག་གིས་ཕྱི་ལ་སྒོ་མོ་ཕྱེ་སྟེ་དཔལ་འབྱོར་འགྱུར་བཅོས་དང་འཕེལ་རྒྱས་ཕྱིན་པ་རྣམས་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་གྱི་གནས་སུ་ཟད། ཇི་སྲིད་རྒྱ་ནག་གིས་ཆབ་སྲིད་ལམ་ལུགས་ལ་ལེགས་བཅོས་མ་བཏང་བར་ཕུགས་རྒྱང་རིང་པོའི་མདུན་ལམ་བཟང་པོ་ཞིག་མི་འདུག ལྷག་པར་དུ་ཨ་མི་རི་ཀ་སོགས་དགྲ་ཟླར་བཟུང་ན་རྒྱ་ནག་མུ་མཐུད་དུ་ཡར་རྒྱས་འགྲོ་ཐུབ་རྒྱུ་ཁག་པོ་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG