ཟླ་བ་འདིའི་ཚེས་༡༦་ཉིན་རྒྱ་ནག་ལ་རིག་གནས་གསར་བརྗེ་ཆེན་པོ་ལངས་ནས་ལོ་༥༠་ཐམ་པ་ཕྱིན་པའི་དུས་དྲན་ཡིན་པ་དང་། རྒྱ་ནག་གི་རིག་གནས་གསར་བརྗེ་ནི་རྒྱ་ནག་གི་ལོ་རྒྱུས་དང་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ཆེས་ཐབས་རྡུགས་དང་གདུག་རྩུབ། ཀླ་ཀློའི་ལས་འགུལ་ཞིག་རེད་ཅེས་རྒྱ་ནག་དང་འཛམ་གླིང་གི་མཁས་པ་ཚོ་ལྟ་ཚུལ་གཅིག་མཚུངས་ཡིན་ཞིང་། ལྷག་པར་དུ་རྒྱ་ནག་དམར་ཤོག་གི་མི་རབས་གཉིས་པའི་འགོ་ཁྲིད་ཏིང་ཞའོ་ཕིང་གིས་རིག་གནས་གསར་བརྗེ་ནོར་འཁྲུལ་ཡིན་ཞེས་སྔ་མོ་ནས་ཐག་གཅོད་བྱས་ཟིན་ཡོད་མོད། འོན་ཀྱང་ཕྱི་ཟླ་༥་ཚེས་༢་ཉིན་པེ་ཅིང་གི་མི་དམངས་ཚོགས་ཁང་ཆེན་མོར་རིག་གནས་གསར་བརྗེའི་སྐབས་སུ་དམར་ཤོག་གི་གླུ་གཞས་ཁག་ཅིག་འཁྲབ་སྟོན་བྱས་ཏེ། མེ་ཏོག་༥༦་ཞེས་པའི་རྒྱ་མོ་ན་གཞོན་༥༦་གིས་རྒྱ་མཚོར་བསྐྱོད་ན་གྲུ་བར་བརྟེན་དགོས་ཞེས་པའི་མའོ་ཙེ་ཏུང་གི་བསྟོད་དབྱངས་བཏང་བ་དང་། འཁྲབ་སྟོན་དེའི་ལག་འཁྱེར་པ་སི་རེར་མི་དམངས་ཤོག་སྒོར་༡༢༠༠་རེ་བླངས་ཡོད་པ་མ་ཟད། འཁྲབ་སྟོན་དེ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་དྲིལ་བསྒྲགས་ལྷན་ཁང་གིས་གོ་སྒྲིག་བྱས་པ་དང་། རྒྱ་ནག་གི་རིག་གནས་གསར་བརྗེའི་གླུ་གཞས་འཁྲབ་སྟོན་ལ་མཉམ་བྱེད་མཁན་རྒྱ་མོ་ཞིག་གིས་མི་དམངས་ཚོགས་ཁང་ཆེན་མོའི་འཁྲབ་སྟོན་དེ་དྲ་ལམ་དུ་བཀྲམ་ནས་བཟུང་། རྒྱ་ནག་གི་སྤྱི་ཚོགས་སུ་འཁྲབ་སྟོན་དེ་གླེང་སློང་ཆེནཔོ་བྱེད་པའི་གསར་འགྱུར་ཆེན་པོ་ཞིག་ལ་གྱུར་ཡོད་ཅིང་། རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་གཙོ་འཛིན་གཞོན་པ་མ་ཞའོ་རུའི་བུ་མོ་སྟེ། མ་ཤའོ་ལིས་རྒྱ་ནག་གི་འབྲེལ་ཚན་པ་ཁག་ལ་སྙན་ཞུ་ཕུལ་ནས་དབུས་དྲིལ་བསྒྲགས་ལྷན་ཁང་གིས་མི་དམངས་ཚོགས་ཆེན་མོར་རིག་གནས་གསར་བརྗེའི་གླུ་གཞས་འཁྲབ་སྟོན་བྱས་པ་གཏན་ནས་འོས་འཚམས་ཞིག་མིན། འཁྲབ་སྟོན་འདི་དོན་དངོས་སུ་དབུས་དྲིལ་བསྒྲགས་ལྷན་ཁང་གིས་ཚོང་ལས་ཁོ་ནར་དམིགས་པའི་འཁྲབ་སྟོན་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག