ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་ནག་གིས་རྒས་ཕོགས་སྤྲོད་མ་ཐུབ་པར་བགྲེས་ཡོལ་གྱི་ལོ་ཚད་སྤར་འཆར། 


༄༅།། ཕྱི་ལོ་༢༠༣༠་ཡས་མས་སུ་རྒྱ་ནག་གཞུང་གིས་སྤྱི་དམངས་བགྲེས་སོང་ཚོར་རྒས་ཕོགས་སྤྲོད་མི་ཐུབ་པ་དང་སྤྱི་ཚོགས་འགན་སྲུང་གི་གསོག་དངུལ་རྫོགས་ཏེ་མི་རབས་གཅིག་ལ་རྒས་ཕོགས་ལེན་རྒྱུ་མེད་པའི་མཚམས་སུ་སླེབས་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། རྒྱ་ནག་གཞུང་གིས་མི་དམངས་རྣམས་བགྲེས་ཡོལ་དུ་གཏོང་བའི་ལོ་ཚད་སྤར་དགོས་ཐུག་སྲིད་ཅེས་རྒྱ་ནག་གི་སྤྱི་ཚོགས་འགན་སྲུང་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་འདུག དེས་ན་ལོ་རབས་༨༠་བའི་ནང་དུ་སྐྱེས་པའི་མི་རབས་དེ་ལོ་༢༥་ནས་༣༠་ཙམ་གྱི་གཞུག་ཏུ་བགྲེས་ཡོལ་ལ་ཕྱིན་ཚེ། ཁོ་ཚོ་རྒྱ་ནག་གི་རྒས་ཕོགས་ལེན་རྒྱུ་མེད་པའི་མི་རབས་དང་པོ་དེར་འགྱུར་རྒྱུའི་ཉེན་ཁ་ཡོད་པ་སྟེ། དེང་སྐབས་རྒྱ་ནག་གཞུང་གིས་རྒས་ཕོགས་བསྡུ་ལེན་བྱེད་ཀྱི་ཡོད་པ་དང་བགྲེས་སོང་ཚོར་རྒས་ཕོགས་སམ། སྤྱི་ཚོགས་འགན་སྲུང་གི་འཚོ་དོད་སྤྲོད་དགོས་པ་གཉིས་ཁ་མ་མཚུངས་པར་ཡོང་འབབ་ཉུང་ཞིང་འགྲོ་གྲོན་ཆེ་བས་རྒྱ་ནག་གི་རྒས་ཕོགས་གསོག་དངུལ་རྣམས་མྱུར་དུ་རྫོགས་རྒྱུའི་གནས་སུ་ལྷུང་ཡོད་པའི་གནས་ཚུལ་ཐོན། ཟླ་བ་འདིར་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་ལོ་ལྔའི་འཆར་གཞིའི་ཁོངས་སུ་རིམ་བཞིན་བགྲེས་ཡོལ་གྱི་ལོ་ཚད་མཐོ་རུ་གཏོང་དགོས། ད་ལྟ་རྒྱ་ནག་གི་སྤྱི་ཚོགས་སུ་བུད་མེད་ལས་རྩོལ་རྣམས་རང་ལོ་༤༩་ནས་༥༠་ཐོག་ཏུ་བགྲེས་ཡོལ་ལ་འགྲོ་ཡི་ཡོད་མོད། འོན་ཀྱང་ཕྱི་ལོ་༢༠༣༠་ནས་རྒྱ་ནག་གི་ལས་རྩོལ་བ་ཕོ་མོ་གཉིས་ཀ་བགྲེས་ཡོལ་ལ་འགྲོ་བའི་དུས་ཚོད་དེ་ལོ་ན་༦༠་ནས་༦༥་བར་དུ་མཐོ་རུ་གཏོང་རྒྱུའི་འཆར་འགོད་བྱས་འདུག

རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་དང་སྤྱི་ཚོགས་འགན་སྲུང་ལྷན་ཁང་གཉིས་ཀས་ཞིབ་འཇུག་སྙན་ཐོ་བཏོན་པ་ལྟར་ན། རྒྱ་ནག་གི་རྒན་རྒོན་རྣམས་ཚེ་ཐག་རིང་བ་དང་བགྲེས་སོང་གི་མི་འབོར་མང་བ། ན་གཞོན་གྱི་མི་འབོར་ཉུང་བ་དང་སྤྱི་ཚོགས་འགན་སྲུང་གི་གསོག་དངུལ་བསྡུ་རྒྱུ་ཉུང་བས་༢༠༣༥་ནས་རྒྱ་ནག་གཞུང་གིས་སྤྱི་དམངས་བགྲེས་སོང་ཚོར་སྤྲོད་རྒྱུའི་རྒས་ཕོགས་ཀྱི་དངུལ་སྒོར་མི་འདུག ལོ་རབས་༨༠་དང་༩༠་བའི་ནང་དུ་སྐྱེས་པའི་མི་རབས་དེས་རྒས་ཕོགས་ལ་བརྟེན་ནས་འཚོ་བ་འཁྱོལ་ཐུབ་རྒྱུ་ཁག་པོ་རེད་ཅེས་གནས་ཚུལ་སྤེལ། རྒྱ་གཞུང་གི་སྙན་ཐོ་དེར་༢༠༡༩་ཡི་ལོ་མཇུག་ཏུ་སྲིད་གཞུང་གིས་ཨ་སྒོར་དུང་ཕྱུར་༡༦༡་སྤྱི་ཚོགས་འགན་སྲུང་གི་རྒས་ཕོགས་ནང་དུ་ཁ་སྣོན་བྱས་ཡོད་པའི་དབང་རུ་བཏང་རུང་༢༠༢༨་ནས་འདང་རྒྱུ་མ་རེད། ༢༠༥༠་ལོ་ནས་རྒྱ་ནག་ལ་མི་དམངས་ཤོག་སྒོར་ཁྲག་ཁྲིག་༡༡་གིས་རྒས་ཕོགས་དངུལ་སྒོར་འདང་རྒྱུ་མ་རེད་ཅེས་བསྟན། རྒྱ་ནག་གི་ལེའོ་ཉིང་དང་ཅི་ལིན་སོགས་ནུབ་ཕྱོགས་དང་བྱང་ཤར་ས་ཁུལ་ཁག་གི་ཞིང་ཆེན་མང་པོ་ཞིག་གིས་མི་མང་བགྲེས་སོང་ཚོར་རྒས་ཕོགས་སྤྲོད་མ་ཐུབ་པའི་དཀའ་ངལ་འགོ་ཚུགས་ཟིན་ཡོད་ཅིང་། ཞིང་ཆེན་དེ་ཚོར་རྒྱ་ནག་དབུས་གཞུང་གིས་སྤྱི་ཚོགས་འགན་སྲུང་གི་རྒས་ཕོགས་ཁ་གསབ་རོགས་རམ་སྤྲོད་ཐུབ་ཀྱི་མེད་པར་མ་ཟད། སྔ་ལོ་ནས་རྒྱ་ནག་གཞུང་གིས་ཀྲེ་ཅང་དང་ཅང་སུའུ། ཀོང་ཏུང་དང་ཧྲང་ཧེ་སོགས་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཕྱུག་པོ་ཁག་ལ་རྒས་ཕོགས་ཀྱི་རོགས་དངུལ་བཅད་ནས་ཞིན་ཅང་དང་ཧེ་ལོང་ཅང་སོགས་རྒྱ་ནག་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་བཅས་ས་གནས་༡༦་ལ་རྒས་ཕོགས་ཀྱི་རོགས་དངུལ་ཁ་གསབ་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

རྒྱ་ནག་གཞུང་གིས་འབྱོར་ལྡན་ཞིང་ཆེན་ཁག་དང་གྲོང་ཁྱེར་ཕྱུག་པོ་ཁག་ལ་རྒས་ཕོགས་ཁ་གསབ་སྤྲོད་རྒྱུ་མཚམས་བཞག་ནས་དབུལ་ཕོངས་ཞིང་ཆེན་ཁག་ལ་རྒས་ཕོགས་ཁ་གསབ་སྤྲོད་ཀྱི་ཡོད་པའི་ཐབས་ཇུས་ཀྱིས་ཀྱང་ཡུན་རིང་ཁུངས་འཁྱོལ་ཐུབ་རྒྱུ་ཁག་པོ་ཞིང་། རྒྱ་ནག་གཞུང་གིས་དུས་རབས་ཕྱེད་ཀ་ལྷག་ལ་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་ཁྱོ་ཤུག་རེར་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། མི་འབོར་འཕེལ་རྒྱས་བཀག་སྡོམ་གྱི་སྲིད་ཇུས་འོག་ཏུ་རྒྱ་ནག་གི་སྤྱི་ཚོགས་སུ་རྒན་གཞོན་གཉིས་མང་ཉུང་དོ་མི་སྙོམས་པའི་དཀའ་ངལ་གཅིག་མཚུངས་སུ་འཕྲད་ཀྱི་ཡོད་པས་ཀྲེ་ཅང་དང་ཅང་སུའུ། ཀོང་ཏུང་དང་ཧྲང་ཧེ་སོགས་རྒྱ་ནག་གི་འབྱོར་ལྡན་ས་གནས་ཁག་ལའང་རྒན་རྒོན་མང་དྲགས་པ་དང་གཞོན་སྐྱེས་ཉུང་དྲགས་པ། དཔེར་ན་བཟའ་ཚང་གཉིས་ལ་ཁྱོ་གའི་ཕ་མ་གཉིས་དང་ཆུང་མའི་ཕ་མ་བཅས་རྒན་རྒོན་བཞི་གསོ་རྒྱུ་ཡོད་པའམ། སྐབས་འགར་ཁྱོ་ཤུག་དེ་ཚོར་ཕ་མའི་ཕ་མ་བཅས་མི་༨་རེ་གསོ་རྒྱུ་ཡོད་པས་རྒྱ་ནག་གི་ལས་རྩོལ་བ་ཚོར་འཛམ་གླིང་རྒྱལ་ཁབ་གཞན་དང་མ་འདྲ་བའི་རྒན་རྒོན་གསོ་སྐྱོང་བྱ་དགོས་པ་མང་བ་ཡོད་འདུག རྒྱ་ནག་གི་བྱང་ཤར་ཞིང་ཆེན་ཁག་གི་མི་འབོར་འཕེལ་སྐྱེ་ནི་འཛམ་གླིང་ཡོངས་ཀྱི་མི་འབོར་འཕེལ་སྐྱེ་དམའ་ཤོས་ཀྱི་ས་གནས་དེར་གྱུར། རྒྱ་ནག་གི་ནུབ་བྱང་ཞིང་ཆེན་ཁག་གི་ན་གཞོན་རྣམས་ལོ་ནས་ལོ་བསྟུད་དེ་ལྷོ་ཕྱོགས་དང་གྲོང་ཁྱེར་ཁག ལས་ཀའི་གོ་སྐབས་དང་འཚོ་བའི་མཐུན་རྐྱེན་ལེགས་པའི་ས་གནས་ཁག་ལ་སྤོར་གྱི་ཡོད་པ་མཚམས་མི་ཆད་པ། རྒྱ་ནག་གཞུང་གིས་ད་ནས་ལོ་༢༠་དང་༣༠་རྗེས་སུ་བགྲེས་ཡོལ་དུ་འགྲོ་ཡི་ཡོད་པའི་མི་ཚོས་གཞུག་འདང་བརྒྱབ་སྟེ་དངུལ་སྒོར་གསོག་འཇོག་དང་གྲོན་ཆུང་། ཕུགས་རྒྱང་རིང་པོར་དམིགས་ནས་འཚོ་བའི་འཆར་འགོད་བྱ་དགོས་ཞེས་ལམ་སྟོན་བྱས་འདུག

ཨ་རིའི་ཝེ་སི་ཀོན་སན་མངའ་སྡེའི་མེ་ཌི་སན་སློབ་གྲྭ་ཆེན་མོའི་མི་འབོར་འཕེལ་སྐྱེ་ཉམས་ཞིབ་པ་དབྱི་ཧྥུ་ཤཱན་ཞེས་པ་ཞིག་གིས་༢༠༡༨་ལོར་སྙན་ཐོ་བཏོན་པ་ལྟར་ན། ༢༠༡༥་ལོར་རྒྱ་ནག་གི་ལེའོ་ཉིང་དང་ཅི་ལིན། ཧེ་ལོང་ཅང་ཞིང་ཆེན་གསུམ་གྱི་བུད་མེད་ཚོས་མི་ཚེ་གཅིག་ལ་ཆ་མཉམ་བུ་ཕྲུག་༠་༥༥་ལས་སྐྱེས་མི་འདུག ༢༠༡༨་ལོར་རྒྱ་ནག་གི་ལེའོ་ཉིང་ཞིང་ཆེན་གཅིག་པུའི་མི་འབོར་བརྒྱ་ཆ་༡༤་ལྷག་ལོ་ན་༧༠་དང་དེའི་ཡན་ཆད་རེད། ༢༠༡༠་ནས་རྒྱ་ནག་གི་ནུབ་བྱང་ཞིང་ཆེན་ཁག་གི་ངལ་རྩོལ་གྱི་ལོ་ནར་མ་སོན་པའི་ལོ་ཆུང་མི་གྲངས་ས་ཡ་༢་ལྷག་ཕ་མ་ཚོའི་མཉམ་དུ་ཁྲིད་ནས་ས་གནས་གཞན་ལ་ཕྱིན་འདུག་ཅེས་བཀོད། རྒྱ་ནག་གི་ཞི་གྲངས་ཞིབ་འཇུག་ཁང་གིས་སྙན་ཐོ་བཏོན་པར་གཞིགས་ན། འབྱོར་ལྡན་ཞིང་ཆེན་ཁག་གི་མི་འབོར་ཡང་བགྲེས་སོང་ལ་འགྱུར་གྱི་ཡོད་པས་རྒས་ཕོགས་སྤྲོད་དགོས་ས་ཇེ་མང་དུ་སོང་སྟེ་ལོ་རེ་བཞིན་དཀའ་ངལ་ཇེ་ཆེར་འགྲོ་ཡི་ཡོད་འདུག རྒྱ་ནག་རྒྱལ་ཡོངས་སུ་མི་གྲངས་དུང་ཕྱུར་༢་དང་ཕྱེད་ཀ་ལྷག་ལོ་ན་༦༠་དང་དེའི་ཡན་ཆད་ཡིན་ཞིང་། མི་འབོར་དེས་རྒྱ་ནག་གི་སྤྱི་ཡོངས་མི་འབོར་གྱི་བརྒྱ་ཆ་༡༨་ཟིན་འདུག་ཅེས་བསྒྲགས། པེ་ཅིང་སློབ་གྲྭ་ཆེན་མོའི་འཛིན་སྐྱོང་སློབ་གླིང་གི་སློབ་དཔོན་ཨེ་རིཀ་མཱར་ཞེས་པ་ཞིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་རྒས་ཕོགས་མི་འདང་བའི་དཀའ་ངལ་སེལ་ཐབས་ནི་བཀྲ་ཤིས་ཀྱི་དངུལ་སྒོར་བཅོམ་ནས་རྡོ་རྗེ་ལ་སྤྲད་པ་དང་གཅིག་མཚུངས་རེད། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཀྲེ་ཅང་དང་ཀོང་ཏུང་། ཧྲང་ཧེ་སོགས་ཀྱིས་དུས་ཡུན་ཅི་ཙམ་གྱི་བར་དུ་རང་གི་རྒས་ཕོགས་ཁ་གསབ་རྣམས་རྒྱ་ནག་གི་དབུལ་ཕོངས་ཆེན་ཁག་ལ་སྤྲོད་དུ་འཇུག་རྒྱུ་རེད། རྒྱ་ནག་གཞུང་གིས་བགྲེས་ཡོལ་གྱི་ཚད་མཐོ་རུ་མ་བཏང་བར་རྒས་ཕོགས་རྒྱུན་སྤྲོད་ཐུབ་རྒྱུའི་ཐབས་ལམ་གཞན་པ་མི་འདུག་ཅེས་བཤད།།

སློབ་དཔོན་ཨེཀ་མཱར་གྱིས་རྒྱ་ནག་གཞུང་གིས་བགྲེས་ཡོལ་གྱི་ལོ་ཚད་མཐོ་རུ་བཏང་བ་དང་ལོ་འགའ་ཞིག་ལ་ངལ་རྩོལ་འཐོལ་བ་བྱེད་དུ་བཅུག་ཀྱང་མི་དེ་ཚོར་རྒས་ཕོགས་ཉུང་དུ་འགྲོ་རྒྱུའམ། ཡང་ན་རྒས་ཕོགས་གཏན་ནས་ལེན་རྒྱུ་མེད་པའི་གནས་སུ་ལྷུང་རྒྱུ་ནི་ཧ་ཅང་གསལ་པོ་རེད། རྒྱ་ནག་རྒྱལ་ཡོངས་སུ་དབུལ་ཕོངས་ཞིང་ཆེན་ཁག་ལ་རྒས་ཕོགས་རོགས་རམ་སྤྲོད་རྒྱུ་མཚམས་འཇོག་བྱ་དགོས་ཞེས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག པེ་ཅིང་གི་སྲིད་ཇུས་གཏན་འབེབས་པ་ཚོས་རྒས་ཕོགས་སྤྲོད་རྒྱུ་མེད་པའི་ཞིང་ཆེན་ཁག་གིས་བགྲེས་ཡོལ་ཀྱི་ལོ་ཚད་མཐོ་རུ་གཏོང་རྒྱུ་འགོ་ཚུགས་ཞེས་བཀོད་འདོམས་བྱེད་ཀྱི་འདུག་ཅེས་བཤད། རྒྱ་ནག་གི་ལྷོ་ཕྱོགས་ཉིན་རེའི་ཚགས་པར་ཏེ། ཀོང་ཏུང་ཞིན་ཆེན་གཞུང་གི་གསར་ཤོག་དེར་དབུས་གཞུང་གི་འགོ་ཁྲིད་ཚོས་རྒས་ཕོགས་བསྡུ་གསོག་གི་ལམ་ལུགས་ཡག་པོ་ཞིག་གསར་གཏོད་བྱ་དགོས། ཀོང་ཏུང་ཞིང་ཆེན་གྱི་ཁ་གསབ་རྒས་ཕོགས་རྣམས་ལོ་ནས་ལོ་བསྟུད་དེ་ཧེ་ལོང་ཅང་ཞིང་ཆེན་ལ་སྤྲོད་ཐབས་མི་འདུག་ཅེས་ནན་བརྗོད་བྱས་པའི་གནས་ཚུལ་ཐོན། རྒྱ་ནག་གཞུང་གིས་མི་ལ་འཇོན་ཐང་དང་ཉམས་མྱོང་། དམིགས་བསལ་གྱི་ལག་རྩལ་ཅི་ཞིག་ཡོད་ཀྱང་ལོ་ན་༣༥་ཡན་ཆད་ལ་སོན་པ་ཚོར་གཞུང་གི་ལས་ཀ་སྤྲོད་ཀྱི་མེད་པའི་ལམ་སྲོལ་དེར་འགྱུར་བ་གཏོང་དགོས་ཀྱི་འདུག རྒྱ་ནག་གཞུང་གིས་མི་ལ་ལས་ཡུན་ཕར་སྲིང་བྱ་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད་པ་བདེན་པ་ཡིན་ཚེ། ཐོག་མར་སྲིད་གཞུང་གི་ལས་བྱེད་པའི་ལོ་ན་མཐོ་ཤོས་རྣམས་ལོ་༣༠་ནས་༣༥་བར་དུ་རྩི་བཞིན་པ་དེར་འགྱུར་བ་གཏོང་དགོས། རྒྱ་ནག་གཞུང་གིས་ལོ་ན་༣༠་དང་༤༠་ཞེ་གྲངས། ༥༠་བཅས་ཀྱི་ནང་དུ་སོན་པའི་མི་རྣམས་བསྐྱར་དུ་གླས་ཏེ་ལས་ཀ་སྤྲོད་དགོས། རྒྱ་ནག་གི་སྤྱི་ཚོགས་སུ་ལོ་ན་༣༥་ལ་སོན་པ་རྣམས་ལས་བྱེད་པ་རྒན་པ་དང་བགྲེས་ཡོལ་ལ་འགྲོ་བའི་ལོ་ཚད་ཟིན་པར་རྩི་བའི་ལམ་སྲོལ་དེར་འགྱུར་བ་གཏོང་དགོས་ཞེས་ཞིན་ཧྭ་གསར་འགྱུར་ལས་ཁང་གི་དྲྭ་ལམ་དུ་བསམ་འཆར་གྱི་རྩོམ་ཡིག་ཅིག་བཀོད་འདུག

XS
SM
MD
LG