ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

རྒྱ་ནག་ལ་ནད་དུག་ཁྱབ་གདལ་དང་ཨོཀ་སི་ཧྥོར་ཌིའི་འགོག་ཁབ། 


༄༅།། རྒྱ་ནག་གི་ཐེན་ཅིན་དང་ཧྲང་ཧེ། མན་ཀྲུག་ལི་བཅས་གྲོང་ཁྱེར་གསུམ་གྱི་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་མང་ས་ཡ་མང་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་བཞིན་པ་དང་། བདུན་ཕྲག་སྔོན་མ་ནས་རྒྱ་ནག་གི་གྲོང་ཁྱེར་དེ་དག་གི་ས་གནས་ཁག་ཅིག་ལ་འགྲོ་འོང་བཀག་སྡོམ་དང་སློབ་གྲྭ་སོགས་བརྒྱབ་ནས་ནད་ཡམས་བཀག་སྡོམ་ནན་པོ་བྱེད་འགོ་ཚུགས་འདུག ད་ལྟ་ཨ་མི་རི་ཀ་དང་རྒྱ་གར། བྷར་ཛིལ། ཨུ་རུ་སུ་དང་ཡུ་རོབ་རྒྱལ་ཁབ་ཁག་ལ་བསྡུར་ན་རྒྱ་ནག་གི་ནད་པའི་གྲངས་འབོར་དང་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་རྣམས་ཧ་ཅང་ཉུང་ཉུང་ཡིན་རུང་རྒྱ་ནག་གི་ས་གནས་ཕལ་ཆེ་བར་དགུན་གྱི་གནམ་གཤིས་ཇེ་གྲང་དུ་སོང་ཞིང་། ལྷག་པར་དུ་ན་ནིང་གི་ཉམས་མྱོང་ཞིག་ལ་གཞིགས་ནས་རྒྱ་ནག་གཞུང་གིས་རང་གི་ས་གནས་གང་ཞིག་ལ་ནད་ཡམས་ཁྱབ་གདལ་སོང་མ་ཐག་ཏུ་མི་མང་ས་ཡ་མང་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་དང་ནད་དུག་ཁྱབ་ཡུལ་དེ་ཉིད་ཡོངས་སུ་བཀག་ནས་ནད་ཡམས་ཁྱབ་གདལ་སྔོན་འགོག་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་མི་སྣ་ཕལ་ཆེ་བས་དགུན་གྱི་དུས་སུ་ནད་དུག་བསྐྱར་ལོག་གི་ཉེན་ཀ་ཧ་ཅང་ཆེན་པོ་ཡོད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་སྟེ། ཕྱི་ཟླ་༡༡་པའི་ཚེས་༢༣་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་འདས་པའི་ཆུ་ཚོད་༢༤་རིང་ལ་ཧྲང་ཧེ་གྲོང་ཁྱེར་དུ་མི་༢་ལ་ནད་དུག་འགོས་ཡོད་པ་རྩད་གཅོད་ཐུབ་སོང་། ཁ་སྔོན་གཟའ་པ་སངས་ནས་ད་ལྟའི་བར་དུ་ཧྲང་ཧེ་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༧་ཐོན་སོང་། ཁོ་ཚོ་ཚང་མར་ས་གནས་རང་དུ་ནད་དུག་འགོས་འདུག སྔ་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་རྒྱ་ནག་རྒྱལ་ཡོངས་སུ་མི་༨༦༤༤༢་ལ་ནད་དུག་འགོས་པ་དང་མི་༤༦༣༤་ལ་འཆི་སྐྱོན་ཕོག་སོང་ཞེས་བསྒྲགས།།

ཧྲང་ཧེ་གྲོང་ཁྱེར་གྱི་ནད་པ་གསར་ཤོས་གཉིས་ནི་ཕུ་ཏུང་རྒྱལ་སྤྱིའི་གནམ་ཐང་གི་ལས་མི་གཉིས་ཡིན་པ་དང་། ཁོ་ཚོར་ཟླ་བ་འདིའི་མགོ་སྟོད་དུ་ཏོག་དབྱིབས་ནད་དུག་གི་སྨན་བཅོས་བྱས་འདུག མདང་དགོང་གཟའ་ཉི་མའི་མཚན་མོ་ནས་ཧྲང་ཧེ་གྲོང་ཁྱེར་གཞུང་གིས་ཕུ་ཏུང་རྒྱལ་སྤྱིའི་གནམ་ཐང་གི་ལས་མི་ཡོད་དོ་ཅོག་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་དགོས་པའི་ཐག་བཅད་ནས་གཟའ་ཟླ་བའི་ཞོགས་པའི་བར་དུ་མི་༡༧༧༡༩་ལ་ནད་དུག་འགོས་ཡོད་མེད་མ་དཔེ་བླངས། ཧྲང་ཧེ་གྲོང་ཁྱེར་གཞུང་གིས་སྨན་ཁང་དང་གནམ་ཐང་སོགས་ནད་དུག་འགོ་སླ་བའི་ས་གནས་ཁག་གི་ལས་མི་ཚོར་དམིགས་བསལ་གྱིས་དོགས་ཟོན་དང་བརྟག་དཔྱད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་བཞིན་བདུན་ཕྲག་སྔོན་མར་རྒྱ་ནག་གི་ཐེན་ཅིན་གྲོང་ཁྱེར་གྱི་པིན་ཧེ་རྫོང་གསར་དུ་མི་༥་ལ་ས་གནས་རང་དུ་ནད་དུག་འགོས་པའི་རྗེས་སུ་འཕྲོད་བསྟེན་ལས་སྣེ་ཚོས་མི་༢༢༠༠༠༠༠་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་ཀྱི་མ་དཔེ་བླངས། ནང་སོག་གི་མན་ཀྲུག་ལི་གྲོང་ཁྱེར་དུ་མི་༢༠༠༠༠༠་ལྷག་ཡོད་པ་དེ་དག་གི་གྲས་སུ་ཁ་སྔོན་གཟའ་སྤེན་པའི་ཉིན་མི་གཉིས་ལ་ས་གནས་རང་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་རྩད་ཆོད། ད་ལྟ་ས་གནས་དེའི་སློབ་གྲྭ་ཁག་དང་སྤྱི་དམངས་འདུ་འཛོམས་བྱ་ཡུལ། མི་ཚོགས་འཛོམས་ས་རྣམས་སྒོ་བརྒྱབ། མི་ཚོགས་བསྡུས་ནས་གསོལ་སྟོན་བཤམ་མི་ཆོག་པའི་བཀའ་བཏང་སྟེ་ཏོག་དབྱིབས་རིམས་ནད་ལ་སྔོན་འགོག རྒྱ་ནག་གཞུང་གིས་ས་གནས་ཤིག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་བྱུང་ན་ས་གནས་དེའི་མི་འབོར་ཡོངས་རྫོགས་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ། དུས་ཡུན་བདུན་ཕྲག་གཉིས་ལ་འགྲོ་འོང་བཀག་སྡོམ་བྱས་ནས་ནད་ཡམས་སྔོན་འགོག་གི་ཐབས་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་རེད།།

ཨ་རིའི་འགོག་ཁབ་བགོ་འགྲེམ་ཁང་གི་འགོ་ཁྲིད་སྨན་པ་མོན་སི་ལཱའོ་ཝིས་དང་སྲིད་འཛིན་ཊམ།
ཨ་རིའི་འགོག་ཁབ་བགོ་འགྲེམ་ཁང་གི་འགོ་ཁྲིད་སྨན་པ་མོན་སི་ལཱའོ་ཝིས་དང་སྲིད་འཛིན་ཊམ།

འདི་ཙམ་ན་ཕྱི་ཟླ་༡༢་པའི་ཚེས་༡༠་ཉིན་ཨ་རིའི་ཟས་རིགས་དང་སྨན་རྫས་སྟངས་འཛིན་ལས་ཁུངས་ཀྱི་ལས་སྣེ་ཚོ་ཚོགས་འདུ་འཚོགས་ནས་ཧྥེ་ཛར་སྨན་སྦྱོར་ཁང་གིས་བཟོ་སྐྲུན་བྱས་པའི་ཏོག་དབྱིབས་ནད་དུག་གི་འགོག་ཁབ་གསར་པར་དངོས་སུ་ཆོག་མཆན་འགོད་རྒྱུ། ཕྱི་ཟླ་༡༢་པའི་༡༢་ཡས་མས་ནས་ཛ་དྲག་གི་ནད་པ་ཚོར་དངོས་སུ་འགོག་ཁབ་རྒྱག་འགོ་ཚུགས་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་སྟེ། ཨ་རིའི་འགོག་ཁབ་བགོ་འགྲེམ་ཁང་གི་འགོ་ཁྲིད་སྨན་པ་མོན་སི་ལཱའོ་ཝིས་དབུས་གཞུང་གིས་ཟས་རིགས་དང་སྨན་རྫས་སྟངས་འཛིན་ལས་ཁུངས་ཀྱིས་ཆོག་མཆན་བཀོད་པའི་རྗེས་སུ་ཆུ་ཚོད་༢༤་ཡི་ནང་ཚུད་དུ་ཨ་རིའི་མངའ་སྡེ་ཁག་ལ་འགོག་ཁབ་སྐྱེལ་འདྲེན་བྱེད་ཐུབ་ཅེས་བཤད་འདུག ཨ་མི་རི་ཀའི་གཞུང་གིས་འགོག་ཁབ་རིམ་པ་དང་པོ་ནི་སྨན་ཁང་ཁག་གི་སྨན་པ་དང་སྨན་ཞབས་པ། ཛ་དྲག་གི་ནད་པ་ཚོར་རྒྱག་རྒྱུ་དང་འགོག་ཁབ་རིམ་པ་གཉིས་པ་ནི་རྒན་གསོ་ཁང་གི་རྒན་རྒོན་ཚོར་རྒྱག་རྒྱུ། དེ་ནས་རིམ་བཞིན་ཨ་རིའི་མང་ཚོགས་ལ་འགོག་ཁབ་རྒྱག་རྒྱུ། ད་སྟེ་ཅི་ཙམ་འགོར་ཀྱང་༢༠༢༡་ལོའི་ཕྱི་ཟླ་༦་པ་ཡས་མས་སུ་ཨ་མི་རི་ཀའི་མི་དམངས་ལ་འགོག་ཁབ་འདང་ངེས་ཤིག་བཟོ་སྐྲུན་བྱེད་ཐུབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། ཨ་མི་རི་ཀར་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་གཅིག་པུ་མ་ཡིན་པར་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་ཀྱང་འཐོན་གྲབས་ཡོད་ཅིང་། ཧྥེ་ཛར་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀས་འགོག་ཁབ་དེ་ཚོར་ཚོད་ལྟ་རིམ་པ་གསུམ་བརྒྱུད་ནས་མི་ཁྲི་ཚོ་མང་པོར་བརྒྱབ་སྟེ་བརྟག་དཔྱད་ཀྱིས་ནད་དུག་འགོག་ཐུབ་པའི་ཕན་ནུས་བརྒྱ་ཆ་༩༥་ཡོད་པ། ཧྥེ་ཛར་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་གཉིས་ཀར་ཞོར་གནོད་ཚབས་ཆེན་མེད་པའི་གྲུབ་འབྲས་གང་ལེགས་ཐོན་འདུག

དེ་རིང་གཟའ་ཟླ་བའི་ཉིན་ཨེ་སི་ཊི་ར་ཛེ་ནེ་ཁ་སྨན་སྦྱོར་བཟོ་ཚོང་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་ཨོཀ་སི་ཧྥོར་ཌི་སློབ་གྲྭ་ཆེན་མོས་གསར་བཟོ་བྱས་པའི་འགོག་ཁབ་དེ་ལའང་ཕན་ནུས་བརྒྱ་ཆ་༩༠་ལྷག་ཐོན་ཡོད་པའི་གནས་ཚུལ་ཐོན། ཐོག་མར་འཛམ་གླིང་ཡོངས་སུ་དབྱིན་ཇིའི་ཨོཀ་སི་ཧྥོར་ཌི་སློབ་གྲྭ་ཆེན་མོའི་འགོག་ཁབ་དེ་འཐོན་ཐུབ་པའི་རེ་ལྟོས་འཆང། ཡིན་ནའང་འགོག་ཁྱབ་དེའི་ཚོད་ལྟ་རིམ་པ་གསུམ་པའི་སྐབས་སུ་མི་འགའ་ཞིག་ལ་ནད་མནར་བྱུང་སྟེ་ཟླ་བ་རེ་ཟུང་ཞིག་ལ་འགོག་ཁྱབ་ཚོད་ལྟ་བྱ་རྒྱུ་མཚམས་བཞག་སྟེ་དེའི་རྒྱུ་རྐྱེན་ཅི་ཡིན་བརྟགས། དབྱིན་ཇིའི་ཨོཀ་སི་ཧྥོར་ཌིའི་འགོག་ཁབ་དེ་འཁྱག་སྒམ་ཧ་ཅང་གྲང་མོའི་ནང་དུ་སྐྱེལ་འདྲེན་བྱེད་མི་དགོས་པར་འཛམ་གླིང་གི་ས་གནས་ཀུན་ལ་སྐྱེལ་འདྲེན་བྱ་རྒྱུ་སྟབས་བདེ་པོ་ཡོད་པའི་འགོག་ཁབ་ཅིག་ཡིན་འདུག ཨེ་སི་ཊི་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་འདི་དབྱིན་ཡུལ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གཉིས་སུ་ནད་པ་ཚོར་བརྒྱབ་ནས་ཚོད་ལྟ་བྱས་ཤིང་། ད་སྔ་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་འགོག་ཁབ་བཟོ་སྐྲུན་བྱས་ཡོད། རྒྱ་ནག་གིས་མི་ས་ཡ་༡་ལྷག་ལ་འགོག་ཁབ་བརྒྱབ་ཟིན་ཡོད་ཅེས་བསྒྲགས་མོད། འོན་ཀྱང་རྒྱ་ནག་གི་འགོག་ཁབ་དེ་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གྱི་ནད་པ་ཚོར་བརྒྱབ་ནས་ཚོད་ལྟ་བྱས་པས་མི་ཁག་ཅིག་ལ་འཆི་སྐྱོན་བྱུང་སྟེ་ཚོད་ལྟ་མཚམས་འཇོག་བྱས་འདུག ཨུ་རུ་སུའི་འགོག་ཁྱབ་དེ་སྲིད་འཛིན་པུ་ཀྲིན་གྱི་བུ་མོ་དང་རྒྱལ་སྲུང་བློན་ཆེན་སོགས་མི་བརྒྱ་ཕྲག་འགའ་ཞིག་ལ་བརྒྱབ་ནས་ཚོད་ལྟ་བྱས་པ་ཡིན། རྒྱ་གར་ལ་ཨུ་རུ་སུའི་འགོག་ཁབ་དེ་མཁོ་སྤྲོད་བྱས་ནས་ནད་པ་ཚོར་ཚོད་ལྟ་བྱ་དགོས་ཞེས་གྲོས་གཞི་བཏོན། རྒྱ་གར་གཞུང་གིས་རང་གི་མི་དམངས་ནད་པ་ཚོར་ཨུ་རུ་སུའི་འགོག་ཁབ་བརྒྱབ་ནས་ལྟ་ཚོད་བྱ་རྒྱུ་དེར་མོས་མཐུན་བྱས་མེད་པ་རེད།།

ད་ལྟ་ཕྱོགས་གང་ནས་བལྟས་ཀྱང་འཛམ་གླིང་མི་དམངས་ལ་འགོག་ཁབ་ཅིག་འཐོབ་ནས་ཏོག་དབྱིབས་ནད་དུག་གི་དཀའ་ངལ་ལས་གྲོལ་ཐུབ་པའི་རེ་ལྟོས་ཆེན་པོ་ཡོད་ཅིང་། ཨ་མི་རི་ཀའི་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གཅིག་པུས་ཕྱི་ལོ་༢༠༢༠་མཇུག་མ་བསྒྲིལ་བར་དུ་འགོག་ཁབ་སྨན་ཐུན་བྱེ་བ་༥་ལྷག་བཟོ་སྐྲུན་ཐུབ་རྒྱུའི་རྩིས་རྒྱག་གི་ཡོད་པ་ལྟར་ཨ་རིའི་མོར་ཌེ་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་ཀྱང་འགོག་ཁབ་ས་ཡ་མང་པོ་བཟོ་སྐྲུན་ཐུབ་རྒྱུ། ད་དུང་དབྱིན་ཇིའི་ཨོཀ་སི་ཧྥོར་ཌི་སློབ་གྲྭ་ཆེན་མོའི་འགོག་ཁབ་ཀྱང་སྨན་ཐུན་ས་ཡ་མང་པོ་བཟོ་ཐུབ་རྒྱུ་ཡིན་པས་མ་འོངས་པའི་ཟླ་ཤས་ནང་དུ་འཛམ་གླིང་ཡོངས་ལ་འགོག་ཁབ་ཚད་ལྡན་དང་ནུས་པ་ཅན། ཞོར་གནོད་མེད་པ་ཞིག་མྱུར་དུ་འགྲེམ་སྤེལ་བྱེད་ཐུབ་པའི་གོ་སྐབས་འཆར་ལ་ཉེ། ད་ལྟའི་བར་དུ་ཨ་མི་རི་ཀ་གཅིག་པུར་མི་༡༢༢༠༠༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་༢༥༦༠༠༠་ལྷག་ལ་འཆི་སྐྱོན། རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༩༡༠༠༠༠༠་ལྷག་བྱུང་བ་དང་མི་༡༣༣༧༠༠་ལྷག་འཆི་སྐྱོན། འཛམ་གླིང་ཡོངས་སུ་མི་གྲངས་༥༨༧༠༠༠༠༠་ལྷག་ལ་ནད་དུག་འགོས་པ་དང་མི་༡༣༨༠༠༠༠་ལྷག་ལ་འཆི་སྐྱོན། འདས་པའི་བདུན་ཕྲག་གསུམ་གྱི་རིང་དུ་འཛམ་གླིང་ཡོངས་སུ་ཉིན་ལྟར་མི་༦༠༠༠༠༠་རེར་ཏོག་དབྱིབས་ནད་དུག་འགོ་བཞིན་ཡོད་པ་སྔོན་འགོག་ནན་པོ་ཞིག་བྱེད་མ་ཐུབ་ཚེ། བདུན་ཕྲག་འདིར་འཛམ་གླིང་གི་ཏོག་དབྱིབས་ནད་དུག་གི་ནད་པའི་གྲངས་འབོར་༦༠༠༠༠༠༠༠་བརྒལ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པས་དབྱིན་ཇི་དང་ཧྥ་རན་སི། འཇར་མན་ཎི་དང་ཨི་ཊ་ལི་སོགས་ཡུ་རོབ་རྒྱལ་ཁབ་ཁག་དང་ལྷོ་ཀོ་རི་ཡ། ཉི་ཧོང་སོགས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་བསྐྱར་དུ་འགྲོ་འོང་བཀག་སྡོམ་བྱས་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་དགོས་ཐུག་འདུག

XS
SM
MD
LG