ཕྱི་ཟླ་༥་ཚེས་༣༡་ཉིན་ཚོགས་པའི་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་གསར་འགོད་ལྷན་ཚོགས་ཐོག་ཏུ་གསར་འགོད་པ་ཚོས་ནང་སོག་གི་སློབ་ཕྲུག་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། རྒྱ་མི་རིགས་ཀྱི་རླངས་འཁོར་ཁ་ལོ་བ་ཞིག་གིས་སོག་པོའི་འབྲོག་པ་ཞིག་བསད་པ་དེའི་གྱོད་གཞི་ལ་རྒྱ་ནག་གཞུང་གིས་ཐག་གཅོད་ཇི་ལྟར་བྱ་འཆར་ཡོད་ཅེས་སྐད་ཆ་དྲིས་ཏེ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅང་ཡུའི་ཡིས་ནང་སོག་གི་སོག་པོ་ཚོ་དང་། མི་རིགས་ཚང་མའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུ་སྲིད་གཞུང་གི་ལས་འགན་ཡིན། རྒྱ་ནག་གཞུང་གིས་ཐེངས་འདིའི་དོན་རྐྱེན་གྱི་འབྱུང་རྩ་དང་། དོན་རྐྱེན་དེར་འབྲེལ་བ་མཐུད་ནས་ཟིང་འཁྲུག་སློང་མཁན་ཚོ་ལའང་ཁྲིམས་གཅོད་བྱེད་རྒྱུ་ཡིན། སོག་པོའི་མི་མང་གི་དཀའ་ངལ་ཁག་ཅིག་རྒྱུ་མཚན་ལྡན་པ་དང་དངོས་ཡོད་ཀྱི་དཀའ་ངལ་ཞིག་ཡིན་པར་བརྟེན། ས་གནས་སྲིད་གཞུང་གིས་མི་མང་གི་དཀའ་ངལ་དེ་ཚོར་ཆེས་གཟབ་ནན་དང་དོ་སྣང་། ཁོང་ཚོས་བཟང་ཕྱོགས་ཀྱི་སྒོ་ནས་ཐག་གཅོད་བྱེད་ངེས་ཡིན་ཞེས་བཤད་ཡོད་པ་རེད།