ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༡/༡༧

སམ་སང་དང་ཀུ་ཤུ་བཟོ་ཚོང་ཁང་གི་ལས་གྲྭ་ཁག་ཝྭི་ཏེ་ནེམ་ལ་གནས་སྤོར། 


༄༅།། འདས་པའི་ལོ་མང་རིང་རྒྱ་ནག་ནི་འཛམ་གླིང་ཡོངས་ཀྱི་ཁྲོམ་ར་ཁག་ཏུ་ཚོང་འགྲེམ་བྱེད་བཞིན་པའི་དངོས་ཟོག་གི་བཟོ་གྲྭ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་སྟེ། མིའི་གྱོན་གོས་དང་ཕྲུ་གུའི་རྩེད་ཆས། ཁྱིམ་ཚང་གི་ཅ་ལག་དང་གློག་ཆས། མདོར་ན་འགྲོ་བ་མིའི་ཉིན་རེའི་འཚོ་བའི་ནང་གི་མཁོ་ཆས་ཕལ་ཆེ་བ་རྒྱ་ནག་གི་བཟོ་གྲྭ་ཁག་ཏུ་བཟོ་སྐྲུན་བྱེད་ཀྱི་ཡོད་ཀྱང་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་ཚོང་དམག་བསླངས། དེ་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཚབས་ཆེའི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་རུ་བཅུག་ནས་བཟུང་། ལྷོ་ཀོ་རི་ཡའི་སམ་སང་བཟོ་ཚོང་ཁང་དང་ཨ་རིའི་ཀུ་ཤུ་བཟོ་ཚོང་ཁང་ལྟ་བུའི་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཆེ་ཁག་གི་ལས་གྲྭ་རྣམས་རིམ་བཞིན་རྒྱ་ནག་གི་ས་ཐོག་ཏུ་སྒོ་བརྒྱབ་སྟེ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཝྭི་ཏེ་ནེམ་དང་ཧྥི་ལི་ཕིན། ཨིན་རྡུ་ནེ་ཤི་ཡ་དང་ཁེམ་བྷོ་ཌི་ཡ། རྒྱ་གར་བཅས་ལ་གནས་སྤོར་བྱེད་ཀྱི་ཡོད་ཅིང་། དཔེར་ན་ལྷོ་ཀོ་རི་ཡའི་སམ་སང་བཟོ་ཚོང་ཁང་གི་ལག་ཐོགས་ཁ་པར་རྣམས་རྒྱ་ནག་གི་ཐེན་ཅིན་དང་ཀོང་ཏུང་ཞིང་ཆེན་གྱི་ཧུའི་ཀྲུག་གྲོང་ཁྱེར་དུ་བཟོ་སྐྲུན་བྱེད་ཀྱི་ཡོད་ཀྱང་༢༠༡༨་དང་༢༠༡༩་གཉིས་ལ་ལྷོ་ཀོ་རི་ཡའི་བཟོ་ཚོང་ལས་ཁང་དེས་ལོ་༢༧་ལ་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བའི་རྗེས་སུ་ལས་གྲྭ་དེ་དག་སྒོ་བརྒྱབ་སྟེ་ཝྭི་ཏེ་ནེམ་ལ་གནས་སྤོར་བྱས་འདུག ཧུའི་ཀྲུག་གྲོང་ཁྱེར་གྱི་བཟོ་གྲྭ་དེའི་བཟོ་པ་༦༠༠༠་ལ་ལས་ཀ་མེད་པར་སྐྱོབ་གསོ་བླངས་ནས་འཚོ་བ་སྐྱེལ་བཞིན་ཡོད་ཀྱང་ཏོག་དབྱིབས་རིམས་ནད་ཀྱིས་ཧུའི་ཀྲུག་ཁྱེར་ལ་ལས་ཀ་གསར་པའི་གོ་སྐབས་སླར་གསོ་བྱེད་ཐུབ་པའི་རེ་བ་མེད་པར་གྱུར་འདུག་ཅེས་ལྷོ་ཕྱོགས་ཉིན་རེའི་ཚགས་པར་ལ་གནས་ཚུལ་བཀོད།།

ཝེ་ཊི་ནེམ་གྱི་སམ་སང་བཟོ་གྲྭ།
ཝེ་ཊི་ནེམ་གྱི་སམ་སང་བཟོ་གྲྭ།

ད་ལྟ་སམ་སང་བཟོ་ཚོང་ཁང་གི་ལག་ཐོགས་ཁ་པར་གསར་པ་དང་གློག་ཆས་གསར་པ་ཕྱེད་ཀ་ལྷག་ཝྭི་ཏེ་ནེམ་གྱི་བྷག་ནཱིན་དང་ཐེ་ཡེ་ནུ་ཡེན་ཞིང་ཆེན་གཉིས་ཀྱི་ས་ཐོག་ཏུ་ཚུགས་པའི་བཟོ་གྲྭ་ཁག་ཏུ་བཟོ་སྐྲུན་བྱེད་ཀྱི་ཡོད་པས་ཝྭི་ཏེ་ནེམ་གྱི་དམར་ཤོག་སྲིད་གཞུང་གིས་རྒྱ་ནག་ལ་མིག་དཔེ་བལྟས་ནས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་དེ་དག་ལ་དཔྱ་ཁྲལ་བཅག་པ་དང་བཟོ་གྲྭ་འཛུགས་ཡུལ་གྱི་ས་རིན་ཧ་ཅང་ཁེ་པོ། གླ་ཕོགས་དམའ་བའི་བཟོ་པ་བཅས་ཀྱི་མཐུན་རྐྱེན་གང་ལེགས་སྦྱོར་འགོ་ཚུགས། ༢༠༡༡་ལོར་སམ་སང་བཟོ་ཚོང་ལས་ཁང་གིས་བཏོན་པའི་སྙན་ཐོ་ཞིག་ལ་འཁོད་པ་ལྟར་ན། སམ་སང་བཟོ་ཚོང་ཁང་གིས་འཛམ་གླིང་ཡོངས་སུ་ཚོང་འགྲེམ་བྱེད་ཀྱི་ཡོད་པའི་ལག་ཐོགས་ཁ་པར་གྱི་ཕྱེད་ཀ་རྒྱ་ནག་གི་ཐེན་ཅིན་དང་ཀོང་ཏུང་ཞིན་ཆེན་གྱི་ཧུའི་ཀྲུག་གྲོང་ཁྱེར་གྱི་བཟོ་གྲྭ་ཁག་ཏུ་བཟོ་སྐྲུན་བྱས་ཤིང་། ༢༠༡༡་ལོར་ཧུའི་ཀྲུག་གྲོང་ཁྱེར་གྱི་བཟོ་གྲྭ་དེར་སམ་སང་བཟོ་ཚོང་ཁང་གི་ལག་ཐོགས་ཁ་པར་གྱི་བརྒྱ་ཆ་༢༩་བཟོ་སྐྲུན་བྱས་འདུག རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་པ་དང་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་གནས་སྤོར་བྱེད་ཀྱི་ཡོད་པ་བཅས་ཀྱིས་ཐེན་ཅིན་དང་ཧུའི་ཀྲུག་གྲོང་ཁྱེར་གྱི་ཕྱིར་ཚོང་ཉམས་རྒུད་དང་བཟོ་པ་ཁྲི་ཚོ་མང་པོའི་ལས་ཀ་ཤོར། ལོ་འདིའི་མགོ་སྟོད་དེར་ཐེན་ཅིན་གྲོང་ཁྱེར་གྱི་དཔལ་འབྱོར་བརྒྱ་ཆ་༣་དང་གྲངས་ཉུང་༩་ཉམས་རྒུད། གྲོང་ཁྱེར་དེའི་ཕྱིར་ཚོང་བརྒྱ་ཆ་༣་དང་གྲངས་ཆུང་༣་ཉམས་རྒུད། ཧིའུ་ཀྲུག་གྲོང་ཁྱེར་གྱི་དཔལ་འབྱོར་བརྒྱ་ཆ་༤་དང་གྲངས་ཉུང་༣་ཉམས་རྒུད། གྲོང་ཁྱེར་དེའི་ཕྱིར་ཚོང་བརྒྱ་ཆ་༢༨་ཉམས་རྒུད་ཕྱིན་འདུག་ཅེས་རྒྱ་ནག་གི་འབྲེལ་ཡོད་གྲོང་ཁྱེར་དེ་དག་གི་གཞི་གྲངས་སུ་བཀོད། ཏོག་དབྱིབས་རིམས་ནད་ཀྱིས་ལོ་འདིའི་མགོ་སྟོད་ཟླ་བ་༦་གི་རིང་དུ་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༦་ལྷག་ཉམས་རྒུད་ཕྱིན་པའི་གནས་ཚུལ་ཐོན། ཕྱི་ཟླ་༦་པའི་གཞུག་ནས་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༣་ལྷག་འཕེལ་རྒྱས་ཕྱིན་ཡོད་ཅེས་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་རྒྱལ་སྤྱིའི་རང་བཙན་གྱི་དཔལ་འབྱོར་རིག་པ་བ་ཚོས་རྒྱ་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གྲངས་འབོར་དེ་ཚོར་ངེས་གཏན་བྱེད་ཐུབ་ཀྱི་མེད་པ་རེད།།

རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ནས་ཝྭི་ཏེ་ནམ་ལ་སྤོར་གྱི་ཡོད་པ་ནི་ལྷོ་ཀོ་རི་ཡའི་སམ་སང་བཟོ་ཚོང་ཁང་གཅིག་པུ་མིན་ཞིང་། ༢༠༢༠་ལོའི་མགོ་སྟོད་ནས་ཨ་མི་རི་ཀའི་ཀུ་ཤུ་བཟོ་ཚོང་ཁང་གི་གློག་ཆས་ཁག་ཅིག་རྒྱ་ནག་གི་ས་ཐོག་ཏུ་བཟོ་སྐྲུན་བྱ་རྒྱུ་མཚམས་བཞག་སྟེ་ཝྭི་ཏེ་ནམ་གྱི་ས་ཐོག་ཏུ་ཚུགས་པའི་བཟོ་གྲྭ་ཁག་ཏུ་བཟོ་སྐྲུན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ༢༠༡༩་ལོར་ཀུ་ཤུ་བཟོ་ཚོང་ཁང་གིས་སྐུད་མེད་ཉན་ཆས་གསར་བཟོ་བྱས་ཏེ་རྒྱ་ནག་གི་ཧྲན་ཏུང་དང་ཀོང་ཏུང་ཞིང་ཆེན་གཉིས་སུ་ཚུགས་པའི་ཀུ་ཤུ་བཟོ་ཚོང་ཁང་གི་སྐུད་མེད་ཉན་ཆས་བཟོ་གྲྭ་ཁག་ལ་ཡོང་འབབ་ཧ་ཅང་འཕར་སྣོན་སོང་། ད་ལྟ་ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་གི་ཧྲན་ཏུང་ཞིང་ཆེན་དང་ཀོང་ཏུང་ཞིང་ཆེན་གྱི་བཟོ་གྲྭ་དེ་དག་སྒོ་བརྒྱབ་ནས་ཝྭི་ཏེ་ནམ་ལ་སྤོར། ད་ལོའི་ཕྱི་ཟླ་༥་པར་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཁྲོམ་རའི་ནང་དུ་ཚོང་འགྲེམ་བྱེད་ཀྱི་ཡོད་པའི་ཀུ་ཤུ་བཟོ་ཚོང་ཁང་གི་སྐུད་མེད་ཉན་ཆས་རྣམས་ཝྭི་ཏེ་ནམ་གྱི་ས་ཐོག་ཏུ་བཟོ་སྒྲིག་བྱས་པ་ཡིན་ཞེས་བསྒྲགས། ལོ་འདིའི་ཕྱི་ཟླ་༨་ནས་ཨ་རིའི་ཀུ་ཤུ་བཟོ་ཚོང་ཁང་གིས་མུ་མཐུད་དུ་ལག་ཐོགས་ཁ་པར་རྒྱ་ནག་གི་ས་ཐོག་ཏུ་བཟོ་སྐྲུན་བྱ་རྒྱུ་ཡིན་མིན་གླེང་སློང་བྱེད་ཀྱི་ཡོད་པ་སྟེ། ཀུ་ཤུ་ཁ་པར་གྱི་ལྷུ་ལག་ཁག་ཅིག་བཟོ་སྐྲུན་བྱེད་མཁན་ལུཀ་སི་ཤཱེར་བཟོ་ཚོང་ཁང་གིས་ཨ་སྒོར་དུང་ཕྱུར་༤་དང་ཕྱེད་ཀ་ལྷག་འགྲོ་གྲོན་བཏང་ནས་ཝྭི་ཏེ་ནམ་ལ་བཟོ་གྲྭ་འཛུགས་ཀྱི་ཡོད་པར་མ་ཟད། ཀུ་ཤུ་ཁ་པར་གྱི་ལྷུ་ལག་གལ་ཆེན་ཞིག་བཟོ་སྐྲུན་བྱེད་མཁན་ཐེ་ཝན་གྱི་ཧྥོཀ་སི་ཀོན་བཟོ་ཚོང་ཁང་གིས་ཀྱང་རྒྱ་ནག་གི་ལས་གྲྭ་རྣམས་སྒོ་བརྒྱབ་སྟེ་རྒྱ་གར་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་གནས་སྤོར་བྱ་རྒྱུའི་ཐག་གཅོད་བྱས་འདུག

རྒྱ་ནག་གི་མི་དམངས་སློབ་གྲྭ་ཆེན་མོའི་ནོར་སྲིད་དང་འཐབ་ཇུས་ཉམས་ཞིབ་པ་ནིང་ནན་ཧྲན་གྱིས་བཤད་པ་ལྟར་ན། ཝྭི་ཏེ་ནམ་གྱི་ས་ཐོག་ཏུ་ལྷོ་ཀོ་རི་ཡའི་སམ་སང་དང་ཨ་མི་རི་ཀའི་ཀུ་ཤུ་བཟོ་ཚོང་ཁང་ལྟ་བུའི་ཅ་ལག་རྣམས་བཟོ་སྐྲུན་བྱེད་ཐུབ་ཀྱི་ཡོད་ཚེ། ཝྭི་ཏེ་ནམ་གྱི་བཟོ་པ་ཚོར་སྦྱོང་བརྡར་དང་རྒྱལ་ཁབ་དེའི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་ལེགས་གྲུབ་བྱུང་བ། ད་ནས་ཝྭི་ཏེ་ནམ་ཡང་འཛམ་གླིང་གི་དངོས་ཟོག་བཟོ་སྐྲུན་གྱི་ལྟེ་གནས་ཤིག་ཏུ་འགྱུར་ཐུབ་པའི་རྟགས་མཚན་རེད་ཅེས་བཤད། ཀུ་ཤུ་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན་ཊིམ་ཁུཀ་ཡིས་རང་གི་བཟོ་གྲྭ་རྣམས་རྒྱ་ནག་ནས་ཝྭི་ཏེ་ནམ་ལ་གནས་སྤོར་བྱ་འཆར་མེད་ཅེས་བཤད་ཀྱང་ཀུ་ཤུ་ཁ་པར་གྱི་ལྷུ་ལག་བཟོ་གྲྭ་རྣམས་རྒྱ་ནག་ནས་ཝྭི་ཏེ་ནམ་ལ་གནས་སྤོར་བྱེད་ཀྱི་ཡོད་པས་ཀུ་ཤུ་བཟོ་ཚོང་ཁང་ཡང་རིམ་བཞིན་རྒྱ་ནག་ནས་ས་གནས་གཞན་ལ་གནས་སྤོར་བྱ་སྲིད་པའི་ཉེན་ཁ་ཡོད་ཤས་ཆེ། འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་གཞི་གྲངས་སུ་༢༠༡༠་ལོར་ཝྭི་ཏེ་ནམ་གྱི་ཕྱིར་ཚོང་ཨ་སྒོར་ཐེར་འབུམ་༧༢་དང་གྲངས་ཉུང་༢་ཡིན་མོད། ༢༠༡༩་ལོར་ཝྭི་ཏེ་ནམ་གྱི་ཕྱིར་ཚོང་ཨ་སྒོར་ཐེར་འབུམ་༢༦༤་དང་གྲངས་ཆུང་༣་ལ་སླེབས། ད་ལྟ་ཝྭི་ཏེ་ནམ་གྱི་ཆ་མཉམ་མི་རིའི་དཔལ་འབྱོར་ཡོང་འབབ་ནི་རྒྱ་ནག་ལས་མང་བ་འདུག་ཅེས་བཀོད། དེར་བརྟེན་རྒྱ་ནག་གིས་ས་གནས་སྲིད་གཞུང་གིས་དབུས་གཞུང་ལ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་སྔར་བཞིན་རྒྱ་ནག་གི་ས་ཐོག་ཏུ་གནས་ཐབས་ཀྱི་ཁེ་ཕན་སྤྲོད་དགོས་པ་དང་ཚོང་ལས་སྲིད་ཇུས་གསར་པ་ཁག་ཅིག་ལག་བསྟར་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།།

ཀྲེ་ཅང་ཞིང་ཆེན་གྱི་ཚོང་དོན་ལྷན་ཁང་གིས་རྒྱ་ནག་དབུས་གཞུང་གི་ཚོང་དོན་ལྷན་ཁང་ལ་དངོས་ཟོག་བཟོ་སྐྲུན་དང་ཕྱིར་ཚོང་ནི་ཀྲེ་ཅང་ཞིང་ཆེན་གྱི་དཔལ་འབྱོར་ཡོངས་ཁུངས་གཙོ་བོ་ཡིན། ད་ལྟ་ཀྲེ་ཅང་ཞིང་ཆེན་གྱི་ས་ཐོག་ཏུ་ཚུགས་པའི་ཕྱི་རྒྱལ་གྱི་བཟོ་གྲྭ་མང་དག་ཅིག་རྒྱལ་ཁབ་གཞན་ལ་གནས་སྤོར་བྱེད་ཀྱི་འདུག རྒྱ་ནག་དབུས་གཞུང་གིས་བཟོ་པ་ཚོར་འཚོ་དོད་ཀྱི་རོགས་དངུལ་སྤྲོད་དགོས་པ་དང་མ་རྩ་བཙུགས་ནས་དངོས་ཟོག་ཕྱིར་ཚོང་སླར་གསོའི་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱ་དགོས་ཞེས་སྙན་ཞུ་འཕུལ་ཡོད་པའི་གནས་ཚུལ་ཐོན། སྔ་ལོ་གཅིག་པུར་ཀྲེ་ཅང་ཞིང་ཆེན་གྱི་ཕྱིར་ཚོང་ཨ་སྒོར་ཐེར་འབུམ་༤༥༦་དང་གྲངས་ཆུང་༣་ཡིན་རུང་ད་ལོ་ནས་ཡུ་རོབ་རྒྱལ་ཁབ་འཇར་མན་ཎིའི་ཝྭོལ་ཁེ་སི་ཝེ་གྷན་དང་མཱར་སེ་ཌི་ས་རླངས་འཁོར་བཟོ་གྲྭ། སན་ཎི་ཨོབ་ཊི་ཁེལ་པར་ཆས་བཟོ་ཚོང་ཁང་སོགས་ཀྱི་ལས་གྲྭ་རྣམས་ཀྲེ་ཅང་ཞིང་ཆེན་གྱི་ས་གནས་ཀག་ཏུ་སྒོ་བརྒྱབ་སྟེ་ཝྭི་ཏེ་ནམ་ལ་སྤོར། ཞིས་ཅིན་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་རྒྱལ་སྤྱིའི་ཚོང་ལས་ཁང་དང་དངོས་ཟོག་ཕྱིར་ཚོང་ལ་བརྟེན་མི་དགོས་པར་རྒྱལ་ནང་གི་ཚོང་ལས་དང་རྒྱལ་ནང་གི་དཔལ་འབྱོར་འཁོར་སྐྱོད་ཀྱིས་རང་ཁ་གསོ་ཐུབ་པ་ཞིག་ལ་བསྒྱུར་དགོས་པའི་དམིགས་ཡུལ་འཛིན་གྱི་ཡོད་ཀྱང་རྒྱ་ནག་གི་ས་གནས་ཁག་དང་ཞིང་ཆེན་ཁག་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་ཁེ་སང་ཡོད་པ། ཁོ་ཚོར་རྒྱ་ནག་ནི་མ་རྩ་བཙུགས་ནས་ཚོང་ལས་གཉེར་ཡུལ་བརྟན་པོ་ཞིག་ཡིན་པའི་ངེས་ཤེས་རྙེད་དུ་འཇུག་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཟླ་བ་འདིར་རྒྱ་ནག་གི་ཚོང་དོན་ལྷན་ཁང་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གནས་སྤོར་བྱེད་ཀྱི་ཡོད་པ་ནི་ཀོང་ཏུང་དང་ཀྲེ་ཅང་སོགས་ཞིང་ཆེན་རེ་ཟུང་ཞིག་མ་རེད། རྒྱ་ནག་རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་བཟོ་གྲྭ་དང་ལས་གྲྭ་རྣམས་སྒོ་བརྒྱབ་སྟེ་རྒྱལ་ཁབ་གཞན་ལ་གནས་སྤོར་བྱེད་ཡོད་པས་ཚོང་ལས་ཀྱི་སྲིད་ཇུས་གཏན་འབེབས་བྱེད་པའི་དབང་ཚད་མང་ཆེ་བ་ས་གནས་ཀྱི་འགོ་ཁྲིད་ཚོར་སྤྲོད་དགོས་ཞེས་གྲོས་གཞི་བཏོན་འདུག

XS
SM
MD
LG