ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གི་གྲོང་ཁྱེར་༣་ལ་སྒོ་རྒྱ་བསྡམས་ནས་མི་ས་ཡ་༢༠་ཙམ་ལ་དཀའ་ངལ།


༄༅།། རྒྱ་ནག་གི་གྲོང་ཁྱེར་གསུམ་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་འགྲོ་འོང་བཀག་སྡོམ་དང་མི་གྲངས་ས་ཡ་༢༠་ཙམ་ལ་དམ་དྲག་གི་དཀའ་ངལ་འཕྲད། དེ་རིང་ཕྱི་ཟླ་༡་དང་པའི་ཚེས་༡༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐོག་མར་མི་གྲངས་ས་ཡ་༡༣་ཡོད་པའི་རྒྱ་ནག་གི་ཞི་ཨན་གྲོང་ཁྱེར་ལ་སྒོ་རྒྱ་བསྡམས་པ་དང་དེའི་རྗེས་སུ་མི་གྲངས་ས་ཡ་༡་དང་འབུམ་༡་ལྷག་ཡོད་པའི་རྒྱ་ནག་གི་ཧོ་ནན་ཞིང་ཆེན་གྱི་ཡུ་ཀྲུག་གྲོང་ཁྱེར་ལ་འགྲོ་འོང་བཀག ད་ལྟ་མི་གྲངས་ས་ཡ་༥་དང་འབུམ་༥་ལྷག་ཡོད་པའི་རྒྱ་ནག་གི་ཧོ་ནན་ཞིང་ཆེན་གྱི་ཨན་དབྱང་གྲོང་ཁྱེར་ལ་སྒོ་རྒྱ་བསྡམས། ཨན་དབྱང་གྲོང་ཁྱེར་གྱི་མི་མང་རྣམས་རང་ཁྱིམ་དུ་འཛུལ་ནས་ཕྱི་ལ་འབུད་མི་ཆོག་པ་དང་དགོས་ངེས་མིན་པའི་རླངས་འཁོར་རྣམས་རྒྱ་ལམ་ཐོག་ཏུ་འགྲོ་སྐྱོད་བྱེད་མི་ཆོག་པ། བཟའ་ཆས་དང་སྨན་སོགས་ཉེར་མཁོའི་དངོས་ཟོག་གི་ཚོང་ཁང་རྣམས་མ་གཏོགས་ཚོང་ཁང་གཞན་རྣམས་སྒོ་རྒྱག་དགོས་པའི་བཀའ་ཕབ། དེ་བཞིན་མི་གྲངས་ས་ཡ་༡༤་ལྷག་ཡོད་པའི་རྒྱ་ནག་གི་ཐེན་ཅིན་གྲོང་ཁྱེར་གྱི་མི་མང་ཡོད་དོ་ཅོག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ནས་བཀག་སྡོམ་རིམ་པ་གསུམ་བྱེད་ཀྱི་ཡོད་པ་སྟེ། སྒོ་རྒྱ་བསྡམས་པའི་ས་གནས་ཁག་གི་མི་མང་རྣམས་རང་ཁྱིམ་དུ་འཛུལ་ཏེ་ཕྱི་ལ་གཏན་ནས་འབུད་མི་ཆོག་པ་དང་སྟངས་འཛིན་ས་ཁུལ་ཁག་ཏུ་ཉིན་ལྟར་ཁྱིམ་ཚང་རེའི་མི་རེ་ཕྱི་ལ་བཟའ་ཆས་ཉོ་རུ་འགྲོ་ཆོག་པ། སྔོན་འགོག་ས་ཁུལ་ཁག་གི་མི་མང་རྣམས་རང་རང་གི་གྲོང་གླིང་བརྒལ་ནས་ས་གནས་གཞན་ལ་འགྲོ་སྐྱོད་བྱེད་མི་ཆོག་པའི་དམ་དྲག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེས་ན་རྒྱ་ནག་གི་གྲོང་ཁྱེར་གསུམ་གྱི་མི་མང་ས་ཡ་༢༠་ཡས་མས་ཤིག་བཙོན་པ་ལྟར་རང་ཁྱིམ་དུ་བཀག་པ་དང་ཐེན་ཅིན་གྲོང་ཁྱེར་གྱི་མི་གྲངས་ས་ཡ་༡༤་ལྷག་ཕྱེད་དམ་དྲག་གི་གནས་སུ་ལྷུང་།།

རྒྱ་ནག་གི་ཨན་དབྱང་གྲོང་ཁྱེར་ལ་འགྲོ་འོང་བཀག་སྡོམ་བྱེད་དགོས་དོན་ནི་མི་༢་ལ་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་འགོས་ཡོད་པ་དང་ཁོ་ཚོ་ཐེན་ཅིན་གྲོང་ཁྱེར་ལ་ཁྱབ་ཀྱི་ཡོད་པའི་ཏོག་དབྱིབས་ནད་དུག་ལ་འབྲེལ་བ་བྱུང་བས་ཡིན་འདུག གཟའ་མིག་དམར་ཉིན་རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ཉིན་ཞག་གཅིག་གི་ནང་དུ་ཨན་དབྱང་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༥༨་བྱུང་སོང་། ཁ་སྔོན་གཟའ་སྤེན་པ་ནས་ད་ལྟའི་བར་དུ་གྲོང་ཁྱེར་དེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༨༤་ཐོན་ཡོད། ཨན་དབྱང་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་སྣེ་ཚོས་རང་གི་མངའ་ཁོངས་སུ་ཁྱབ་ཀྱི་ཡོད་པའི་ཏོག་དབྱིབས་ནད་དུག་ས་གནས་གཞན་ལ་བགོ་ཁྱབ་མི་འབྱུང་བའི་ཐབས་སུ་འབད་ཀྱི་ཡོད་ཅེས་བཤད། ཧོ་ནན་ཞིང་ཆེན་གྱི་རྒྱལ་ས་ཀྲེང་ཀྲུག་གྲོང་ཁྱེར་ལ་མི་གྲངས་ས་ཡ་༡༣་ཡོད་པ་རྣམས་སྒོ་རྒྱ་ཡོངས་སུ་བསྡམ་རྒྱུའི་ཕྱོགས་སུ་སྐྱོད་འགོ་ཚུགས། ད་ལྟ་ནས་གྲོང་ཁྱེར་དེའི་སློབ་གྲྭ་ཁག་དང་དགོས་ངེས་མིན་པའི་ཚོང་ལས་རྣམས་སྒོ་བརྒྱབ། རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཐེན་ཅིན་གཉིས་ལ་བར་ཐག་སྤྱི་ལེ་༡༡༥་ལས་མེད་པས་གཟའ་ཉི་མ་ནས་སྐབས་ཤིག་གི་རིང་དུ་པེ་ཅི་གི་གྲོང་མི་རྣམས་ཐེན་ཅིན་ལ་བསྐྱོད་མི་ཆོག་པ་དང་ཐེན་ཅིན་གྱི་གྲོང་མི་རྣམས་པེ་ཅིང་ལ་བསྐྱོད་མི་ཆོག གྲོང་ཁྱེར་གཉིས་ཀྱི་ཆེད་ལས་པ་ཚོ་རང་ཁྱིམ་དུ་བསྡད་ནས་རྒྱང་ལས་བྱ་དགོས། ཕྱི་ཟླ་༡༢་པའི་ཚེས་༢༣་གྱི་གཞུག་ཏུ་ཐེན་ཅིན་ནས་པེ་ཅིང་ལ་འབྱོར་བའི་མི་ཚོས་ས་གནས་ཀྱི་འབྲེལ་ཡོད་ལས་སྣེ་ཚོ་དང་ལས་བདག མགྲོན་ཁང་བཅས་ལ་ཐོ་འགོད་བྱ་དགོས་ཞེས་བསྒྲགས། ༢༠༢༠་ནས་པེ་ཅིང་དང་ཐེན་ཅིན་གཉིས་ཀྱི་མི་གྲངས་༡༠༠༠༠༠་རེ་ཉིན་ལྟར་ཕར་ཚུར་ལས་ཀར་སྐྱོད་ཀྱི་ཡོད་མོད། འོན་ཀྱང་གཟའ་འཁོར་འདི་ནས་པེ་ཅི་དང་ཐེན་ཅིན་བར་དུ་རླངས་འཁོར་དང་མེ་འཁོར། སྒེར་འཁོར་བཅས་ཀྱི་འགྲིམ་འགྲུལ་རྣམས་བཀག

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༢་པའི་ཚེས་༤་ཉིན་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་སྒོ་འབྱེད་མཛད་སྒོ་འཚོགས་ཀྱི་ཡོད་ཅིང་། པེ་ཅིང་གི་རྩེད་འགྲན་དུས་ཀྱི་ནད་ཡམས་སྔོན་འགོག་ལས་སྣེ་ཧྭང་ཁྲུན་ཞེས་པ་ཞིག་གིས་གསར་འགོད་པར་མི་ཁྲི་སྟོང་མང་པོར་ནད་དུག་འགོས་ན་རྩེད་འགྲན་ལ་བར་ཆད་འབྱུང་གི་རེད། ང་ཚོས་རྩེད་འགྲན་གྱི་གོ་རིམ་བསྒྲིགས་ཡོད་པ་ཁག་ལ་བར་ཆད་འབྱུང་སྲིད་པའི་རྩིས་རྒྱག་གི་ཡོད་ཅེས་བཤད། རྒྱ་ནག་གཞུང་གིས་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་ཆེད་དུ་གྲོང་ཁྱེར་གཅིག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཉུང་ཤས་ཤིག་ཐོན་ཡང་མི་གྲངས་ས་ཡ་མང་པོ་རང་ཁྱིམ་དུ་བཀག ད་ལྟ་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་དང་ཐེན་ཅིན་གྲོང་ཁྱེར་གཉིས་སུ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་རྣམས་པེ་ཅིང་ལ་ཁྱབ་སྲིད་པའི་ཉེན་ཁ་ཆེ། ལྷག་པར་དུ་ཕྱི་ཟླ་༢་པའི་མགོ་སྟོད་དེར་རྒྱ་ནག་གི་ལོ་སར་སླེབས་ཀྱི་ཡོད་པ་དང་སྐབས་དེར་མི་གྲངས་དུང་ཕྱུར་མང་པོ་འགྲིམ་འགྲུལ་བྱེད་ཀྱི་ཡོད་པས་ནད་དུག་བགོ་ཁྱབ་འགྲོ་རྒྱུ་ཉག་ཅིག་ཡིན་ཞིང་། རྒྱ་ནག་གཞུང་གིས་རང་ཡུལ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུ་ཡིན་ཞེས་ཕྱི་ལ་ས་མཚམས་བཀག་པ་དང་རྒྱལ་ནང་དུ་ནད་དུག་ཁྱབ་ཡུལ་ཁག་ལ་སྒོ་རྒྱ་བསྡམས། མི་གྲངས་དུང་ཕྱུར་མང་པོར་བརྟག་དཔྱད་བྱས་ནས་སློབ་གྲྭ་དང་ཚོང་ཁང་། འགྲིམ་འགྲུལ་རྣམས་སྒོ་བརྒྱབ་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཐབས་ཇུས་བསྟེན་གྱི་ཡོད་ཀྱང་སྲིད་ཇུས་དེ་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཡིན་མིན་དང་རྒྱ་ནག་གིས་དུས་ཡུན་ཅི་ཙམ་ལ་སྒོ་རྒྱ་བསྡམས་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཐུབ་མིན་ནི་ངེས་གཏན་མེད་པའི་གནས་སུ་འདུག

ཇཱེ་རུ་ས་ལམ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༡་པའི་ཚེས་༦་ཉིན་རྒྱ་ནག་གི་ཧྲེན་ཀྲེན་གྲོ་ཁྱེར་གྱི་འཕྲོད་བསྟེན་ལྷན་ཁང་གིས་མི་ཚོས་ནད་འགོག་གི་ཁྲིམས་ལ་འགལ་འཛོལ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་སྟེ་རྩིས་སྤྲོད་བྱེད་མཁན་བྱུང་ཚེ། མི་དེར་ཧྲེན་ཀྲེན་གྲོང་ཁྱེར་གཞུང་གིས་དངུལ་སྒོར་བྱ་དགའ་སྤྲོད་རྒྱུ་ཡིན། དཔེར་ན་མི་ཞིག་ཟུར་འགོག་བྱས་ནས་བཞག་ཡོད་པ་ཕྱི་ལ་བསྐྱོད་པ་ཤེས་རྟོགས་བྱུང་སྟེ་འབྲེལ་ཡོད་ལས་སྣེ་ཚོར་རྩིས་སྤྲོད་ཐུབ་ན་མི་དེར་རྒྱ་སྒོར་༣༠༠་ཐམ་པར་བྱ་དགའ་ཡོད། ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཞིག་ཕྱི་ལ་ཐོན་པ་ཤེས་རྟོགས་བྱུང་སྟེ་གོང་རིམ་ལ་རྩིས་སྤྲོད་བྱེད་ན་མི་དེར་རྒྱ་སྒོར་༥༠༠་ཐམ་པའི་བྱ་དགའ་ཡོད། ཕྱི་ལོགས་ཀྱི་མི་རྣམས་ཁྲིམས་འགལ་ཐོག་ཏུ་ཧྲེན་ཀྲེན་གྲོང་ཁྱེར་ལ་ཡོང་གི་ཡོད་པ་ཤེས་རྟོགས་བྱུང་སྟེ་རྩིས་སྤྲོད་བྱེད་ན་རྒྱ་སྒོ་༡༠༠༠་ཐམ་པ་བྱ་དགའ་ཡོད། གལ་སྲིད་མི་གཉིས་ཀྱིས་ནད་འགོག་གི་ཁྲིམས་ལ་འགལ་འཛོལ་བྱེད་མཁན་ཞིག་རྩིས་སྤྲོད་བྱེད་ན་རྩིས་སྤྲོད་བྱེད་མཁན་དང་པོ་དེར་དངུལ་སྒོར་བྱ་དགའ་འཐོབ་དགོས་ཞེས་བརྡ་ཐོ་བཀྲམ། ཐོག་མར་ཕྱི་ཟླ་༡་དང་ཚེས་༢་ཉིན་རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན་གྱི་ཧྲང་ཡུའི་རྫོང་གིས་ནད་འགོག་གི་ཁྲིམས་ལ་འགལ་འཛོལ་བྱེད་མཁན་རྣམས་རྩིས་སྤྲོད་བྱེད་ན་དངུལ་སྒོར་བྱ་དགའ་སྤྲོད་རྒྱུའི་ཐབས་ཇུས་འདི་ལག་ལེན་བསྟར། དེ་ནས་བཟུང་སྟེ་རྒྱ་ནག་གི་གྲོང་ཁྱེར་གཞན་ཁག་གིས་ཀྱང་ཐབས་ཇུས་འདི་ལག་ལེན་བསྟར་མགོ་བརྩམས། ཧྲེན་ཀྲེན་ནི་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཀྱི་གྲོང་ཁྱེར་གཙོ་བོ་ཞིག་ཡིན་པས་གྲོང་ཁྱེར་དེར་ཏོག་དབྱིབས་ནད་དུག་འགོས་པའི་མི་༤་ཐོན་པའི་རྗེས་སུ་ནད་པ་དེ་དག་ཐོན་སའི་ས་ཁུལ་ཡོངས་ལ་སྒོ་རྒྱ་བསྡམས། རྒྱ་ནག་གི་ཀོང་ཤི་ཞིང་ཆེན་ནང་དུ་ནད་འགོག་གི་ཁྲིམས་ལ་འགོལ་འཛོལ་བྱེད་མཁན་ཚོར་ནད་གོས་དཀར་པོ་གཡོགས་ནས་མདུན་རྒྱབ་གཉིས་སུ་མིང་བྲིས་ཏེ་འདྲ་པར་སྦྱར། མི་དེ་ཚོ་ཉེན་རྟོག་པས་འཇུས་ནས་ཁྲོམ་སྐོར་ལ་ཁྲིད།།

དེ་རིང་གཟའ་མིག་དམར་ཉིན་ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱིས་ཧོང་ཀོང་གི་སྔོན་འགྲོའི་སློབ་གྲྭ་ཁག་དང་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་ཁག་ཅིག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་སོང་། དེར་བརྟེན་ཧོང་ཀོང་གཞུང་གིས་རྒྱ་ནག་གི་ལོ་སར་བར་དུ་སྔོན་འགྲོ་དང་གཞི་རིམ་སློབ་གྲྭ་ཁག་སྒོ་རྒྱག་རྒྱུའི་ཐག་བཅད་པ་ཡིན་ཞེས་གསལ་བསྒྲགས་སྤེལ། ཧོང་ཀོང་ལ་ཕྱི་རྒྱལ་ནས་ཡོང་བའི་འགྲུལ་པ་ཚོ་དང་ཧོང་ཀོང་གི་འགྲུལ་སྐྱེལ་གནམ་གྲུའི་ཁ་ལོ་བ་སོགས་བརྒྱུད་ནས་མངའ་ཁུལ་དེར་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་བགོ་ཁྱབ་བྱུང་སྟེ་ནད་འགོག་གི་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་དགོས་བྱུང་ཞིང་། ཧོང་ཀོང་གི་ཡན་ཐེན་གྲུ་ཁ་སྒོ་བརྒྱབ་ན་འཛམ་གླིང་ཡོངས་སུ་དངོས་ཟོག་སྐྱེལ་འདྲེན་བྱེད་མི་ཐུབ་པར་འགྱུར་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། ཁ་སང་གཟའ་ཟླ་བའི་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་ཨ་མི་རི་ཀའི་མངའ་ལམ་ལས་ཁུངས་ཆེ་ཁག་གསུམ་གྱི་འགྲུལ་སྐྱེལ་གནམ་གྲུ་ཁག་རེ་ཞིག་རྒྱ་ནག་ལ་ཡོང་མི་ཆོག་ཅེས་བཀག་སྡོམ་བྱས་པར་མ་ཟད། རྒྱ་ནག་ནས་ཨ་མི་རི་ཀར་འཕུར་གྱི་ཡོད་པའི་རྒྱ་ནག་གི་འགྲུལ་སྐྱེལ་གནམ་གྲུ་ཁག་ཀྱང་སྐབས་ཤིག་གི་རིང་ལ་ཨ་མི་རི་ཀར་འགྲོ་སྐྱོད་བྱེད་མི་ཆོག་ཅེས་བཀག ད་ལྟ་ཕྱོགས་གང་ལ་བལྟས་ཀྱང་ཕྱི་ཟླ་༢་པའི་ཚེས་༤་ནས་ཟླ་བ་གཅིག་གི་རིང་དུ་པེ་ཅིང་ལ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་ཚུགས་ཀྱི་ཡོད་པ་མཇུག་མ་སྒྲིལ་བ་དང་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་མཚམས་མ་ཆད་བར་དུ་རྒྱ་ནག་གཞུང་གིས་འགྲིམ་འགྲུལ་བཀག་སྡོམ་ཕྱིར་འཐེན་དང་གྲོང་ཁྱེར་ཁག་ལ་སྒོ་རྒྱ་བསྡམས་ནས་མི་གྲངས་ས་ཡ་མང་པོ་རང་ཁྱིམ་དུ་འགོག་གི་ཡོད་པར་ལྷོད་ཡངས་ཤིག་གཏོང་པའི་རྟགས་མཚན་ཐོན་འདུག

XS
SM
MD
LG