ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གི་ཐེན་ཅིན་གྲོང་ཁྱེར་དུ་ཨོ་མི་ཁོ་རོན་ནད་དུག་ཁྱབ་གདལ། 


༄༅།། རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་རྒྱུ་དེར་ཟླ་བ་གཅིག་ཙམ་ལས་མེད་པའི་མཚམས་འདིར་རྒྱ་ནག་གི་མཚོ་ཁའི་གྲོང་ཁྱེར་ཐེན་ཅིན་ལ་ས་གནས་རང་དུ་བྱུང་བའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཨོ་མི་ཁོ་རོན་ཞེས་འབོད་པ་དེ་ཁྱབ་ཀྱིན་ཡོད་ཅིང་། ཕྱི་ཟླ་༡་ཚེས་༡༠་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་མི་འབོར་ས་ཡ་༡༤་ཡོད་པའི་ཐེན་ཅིན་གྲོང་ཁྱེར་གྱི་གྲོང་མི་རྣམས་བཀག་སྡོམ་རིམ་པ་གསུམ་བྱེད་ཀྱི་ཡོད་པ་སྟེ། སྒོ་རྒྱ་བསྡམས་པའི་ས་གནས་ཁག་གི་མི་མང་རྣམས་རང་ཁྱིམ་ལ་འཛུལ་ཏེ་ཕྱི་ལ་གཏན་ནས་འབུད་མི་ཆོག་པ་དང་སྟངས་འཛིན་ས་ཁུལ་ཁག་ཏུ་ཉིན་ལྟར་ཁྱིམ་ཚང་རེའི་མི་རེ་ཕྱི་ལ་བཟའ་ཆས་ཉོ་རུ་འགྲོ་ཆོག་པ། སྔོན་འགོག་ས་ཁུལ་ཁག་གི་མི་མང་རྣམས་རང་རང་གི་གྲོང་གླིང་བརྒལ་ནས་ས་གནས་གཞན་ལ་འགྲོ་སྐྱོད་བྱེད་མི་ཆོག་པའི་དམ་དྲག་བྱ་རྒྱུ། ཐེན་ཅིན་ནས་པེ་ཅིང་བར་དུ་སྤྱི་སྤྱོད་རླངས་འཁོར་དང་མེ་འཁོར་གྱི་འགྲིམ་འགྲུལ་རྣམས་རེ་ཞིག་མཚམས་འཇོག་བྱ་རྒྱུ། མི་མང་རྣམས་དགོས་ངེས་མིན་ན་ཐེན་ཅིན་གྲོང་ཁྱེར་གྱི་ཕྱི་ལོགས་སུ་འགྲོ་སྐྱོད་བྱེད་མི་དགོས་པ་གཙོ་འདོན་བྱོས་ཞེས་བཀའ་བཏང་འདུག ཁ་སང་གཟའ་ཉི་མར་ཐེན་ཅིན་གྲོང་ཁྱེར་དུ་བྱིས་པ་དང་མི་རྒན་པ་བཅས་མི་༤༠་ཐམ་པར་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན། ཁོ་ཚོའི་གྲས་ཀྱི་མི་༢་ལ་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ངེས་གཏན་བྱུང་། དེར་བརྟེན་ཐེན་ཅིན་གྲོང་ཁྱེར་གཞུང་གིས་གྲོང་ཁྱེར་དེའི་གྲོང་མི་ཡོད་དོ་ཅོག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་འགོ་ཚུགས། ཐེན་ཅིན་གྲོང་ཁྱེར་གྱི་གཞུང་འབྲེལ་མི་སྣ་ཚོས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཐེན་ཅིན་གྲོང་ཁྱེར་དུ་མང་ཚོགས་ལ་ནད་དུག་འགོས་ཡོད་མེད་ཀྱི་བརྟག་དཔྱད།
ཐེན་ཅིན་གྲོང་ཁྱེར་དུ་མང་ཚོགས་ལ་ནད་དུག་འགོས་ཡོད་མེད་ཀྱི་བརྟག་དཔྱད།

ཐེན་ཅིན་གྲོང་ཁྱེར་གྱི་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་གཉིས་ནི་ལོ་ན་༡༠་ལ་སོན་པའི་བུ་མོ་ཞིག་དང་ལོ་ན་༢༩་ལ་སོན་པའི་བུད་མེད་ཅིག་ཡིན་ཞིང་། བུད་མེད་དེས་སློབ་གྲྭ་གྲོལ་རྗེས་ཀྱི་ལྟེ་གནས་ཤིག་ཏུ་བྱིས་པ་ཚོར་ལྟ་སྐྱོང་གི་ཆེད་ལས་སྒྲུབ་ཀྱི་ཡོད་པས་མོ་དང་བྱིས་པ་དེར་འབྲེལ་བ་བྱུང་བའི་མི་༡༧༦་ལ་བརྟག་དཔྱད་བྱས་ནས་གཟའ་སྤེན་པའི་མཚམས་སུ་མི་༡༨་ལ་ནད་དུག་བགོས་ཡོད་པ་ངེས་གཏན་བྱུང་། མི་༡༧༦་ལ་ནད་དུག་བགོས་ཡོད་པ་དེ་དག་གི་གྲས་སུ་ལོ་༨་ནས་༡༣་བར་དུ་སོན་པའི་སློབ་ཕྲུག་༡༥་དང་ཕ་མ་དང་དགེ་རྒན་བཅས་མི་༤་འདུས། ཐེན་ཅིན་གྲོང་ཁྱེར་གཞུང་གིས་མི་གྲངས་ས་ཡ་༡༤་ལ་བརྟག་དཔྱད་བྱ་རྒྱུ་དེར་ཉི་མ་གཉིས་འགོར་རྒྱུ་དང་ནད་དུག་ཁྱབ་གདལ་སྔོན་འགོག་ཆེད་དུ་ས་འོག་མེ་འཁོར་གྱི་ལྕགས་ལམ་ཁག་ཅིག་སྒོ་བརྒྱབ། ཕྱི་ཟླ་༢་པའི་ཚེས་༤་ཉིན་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོ་འཚོགས་ཀྱི་ཡོད་པ་དང་པེ་ཅིང་དང་ཐེན་ཅིན་གཉིས་ལ་བར་ཐག་སྤྱི་ལེ་༡༡༥་ལས་མེད། གྲོང་ཁྱེར་གཉིས་ཀྱི་མི་མང་རྣམས་ཉིན་ལྟར་སྒེར་གྱི་རླངས་འཁོར་དང་མྱུར་མགྱོགས་མེ་འཁོར་ནང་དུ་ཕར་ཚུར་འགྲིམ་འགྲུལ་བྱེད་ཀྱི་ཡོད་པས་ཐེན་ཅིན་གྲོང་ཁྱེར་ལ་ཁྱབ་ཀྱི་ཡོད་པའི་ཏོག་དབྱིབས་ནད་དུག་པེ་ཅིང་ལ་ཁྱབ་ཉེན་ཆེ། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༠་ནས་པེ་ཅིང་དང་ཐེན་ཅིན་གཉིས་ལ་ཉིན་ལྟར་མི་གྲངས་༡༠༠༠༠༠་རེ་ཕར་ཚུར་ལས་ཀར་སྐྱོད་ཀྱི་ཡོད་པས་གཟའ་ཉི་མའི་ཉིན་པེ་ཅིང་གྲོང་ཁྱེར་གྱི་ནད་རིགས་བཀག་སྡོམ་དང་སྔོན་འགོག་ཁང་གིས་སྐབས་ཤིག་གི་རིང་ལ་པེ་ཅིང་གི་གྲོང་མི་རྣམས་ཐེན་ཅིན་ལ་མ་བསྐྱོད། ཐེན་ཅིན་གྱི་གྲོང་མི་རྣམས་པེ་ཅིང་ལ་ཡོང་མི་ཆོག གྲོང་ཁྱེར་གཉིས་ཀྱི་ཆེད་ལས་པ་ཚོ་རང་ཁྱིམ་དུ་བསྡད་ནས་རྒྱང་ལས་བྱོས། ཕྱི་ཟླ་༡༢་པའི་ཚེས་༢༣་ནས་ཐེན་ཅིན་ནས་པེ་ཅིང་ལ་འབྱོར་བའི་མི་ཚོས་ས་གནས་ཀྱི་འབྲེལ་ཡོད་ལས་སྣེ་ཚོ་དང་ལས་བདག་རྣམས། མགྲོན་ཁང་བཅས་ལ་ཐོ་འགོད་བྱ་དགོས་ཞེས་བཀོད་ཁྱབ་བཏང་འདུག

ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེན་ཅིན་གྲོང་ཁྱེར་གཞུང་གིས་ཞི་ཨན་གྲོང་ཁྱེར་ལྟར་མི་དམངས་ལ་སྒོ་རྒྱ་བསྡམ་རྒྱུ་མིན། ཞི་ཨན་གྲོང་ཁྱེར་ལྟར་འགྲོ་འོང་བཀག་ན་མི་མང་ལ་བཟའ་བཏུང་དང་སྨན་སོགས་ཆད་སྲིད་པ་དང་ནད་པ་ཛ་དྲག་ཅན་ཚོར་དུས་ཐོག་ཏུ་སྨན་བཅོས་བྱེད་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་རེད། དེ་བཞིན་ཐེན་ཅིན་ནི་རྒྱ་ནག་གི་མཚོ་ཁའི་སྐྱེལ་འདྲེན་གྱི་གྲོང་ཁྱེར་གཙོ་གྲས་ཤིག་ཡིན་པས་མངའ་ཁུལ་དེའི་ཚོང་ལས་དང་དཔལ་འབྱོར་ལ་གྱོང་གུད་ཐེབས་སྲིད། ལྷག་པར་དུ་རྒྱ་ནག་གི་ལོ་སར་སྔོན་འདིར་འགྲིམ་འགྲུལ་བཀག་ན་མི་དམངས་རྣམས་ཁོང་ཁྲོས་བརྟས་ཏེ་ངོ་ལོག་རྒྱག་སྲིད་ཅེས་རྒྱུ་མཚན་བགྲངས། ཡིན་ནའང་ཐེན་ཅིན་གྲོང་ཁྱེར་གྱི་གྲོང་མི་ཚོ་འགྲིམ་འགྲུལ་འགག་སྲིད་པའི་འཇིགས་སྣང་དང་བཟའ་བཏུང་ཆད་སྲིད་པའི་སྐྲག་སྣང་གིས་ཉེར་མཁོའི་དངོས་ཟོག་རྣམས་སྡེབ་ཉོ་བྱ་རྒྱུ་མགོ་བརྩམས། ཐོག་མར་ཕྱི་ཟླ་༡༢་པའི་ཚེས་༡༣་ཉིན་ཐེན་ཅིན་གྲོང་ཁྱེར་ལ་ཕྱི་རྒྱལ་ནས་ཡོང་བའི་མི་གཉིས་བརྒྱུད་ནས་ཨོ་མི་ཁོ་རོན་ཞེས་པའི་ཏོག་དབྱིབས་ནད་དུག་ཁྱབ། ཐེན་ཅིན་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ལི་ཧོང་ཀྲུང་ནི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་གི་རྒྱབ་སྐྱོར་བ་ཞིག་ཡིན་ཞིང་། ཁོ་པས་སེམས་ཐག་རྦད་བཅད་ཀྱིས་ནད་ཡམས་སྔོན་འགོག་བྱ་རྒྱུ་དང་ཐེན་ཅིན་གྲོང་ཁྱེར་ལ་ནད་དུག་ཁྱབ་མི་ཐུབ་པ་ཞིག་བྱ་རྒྱུ་ཡིན་ཞེས་ཁས་བླངས། ཁོ་ཚོས་གྲོང་ཁྱེར་གཞུང་གི་ལས་བྱེད་པ་རྣམས་ཁྱིམ་དུ་བཀག་པ་དང་རྒྱ་ལམ་ཐོག་ཏུ་འགོག་ར་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཕྱི་ཟླ་༡་ཚེས་༡༠་ཉིན་རྒྱ་ནག་གི་ཧོ་ནན་ཞི་ཆེན་གྱི་རྒྱལ་ས་ཀྲེང་ཀྲུག་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༢༤་བྱུང་སྟེ་སློབ་གྲྭ་རྣམས་སྒོ་བརྒྱབ་པར་མ་ཟད། ཞིང་ཆེན་དེའི་ཡུ་ཀྲུག་གྲོང་ཁྱེར་ལ་སྒོ་རྒྱ་བསྡམས་ཡོད་པ་ལྷོད་ཡངས་གཏོང་ཐུབ་རྒྱུའི་རྟགས་མཚན་བྲལ། གཟའ་ཟླ་བའི་ཉིན་ཡུ་ཀྲུག་གྲོང་ཁྱེར་ལ་མི་འབོར་ས་ཡ་༡་དང་འབུམ་༡་ཡོད་པ་དེའི་གྲས་ནས་མི་༦༠་ཐམ་པར་ཏོག་དབྱིབས་ནད་དུག་འགོས་ཡོད་པ་རྩད་ཆོད། ཧོ་ནན་ཞིང་ཆེན་གྱི་མི་༢་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་ཡོད་པ་དང་ཁོ་ཚོར་ཧ་ལམ་ཐེན་ཅིན་གྲོང་ཁྱེར་ནས་ཡོང་བའི་མི་ཞིག་བརྒྱུད་ནས་ནད་དུག་འགོས་ཡོད་པ་འདྲ། དེའི་རྒྱུ་མཚན་ནི་ཕྱི་ཟླ་༡༢་པའི་ཚེས་༢༨་ཉིན་ཐེན་ཅིན་གྲོང་ཁྱེར་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཆེན་སློབ་ཕྲུག་ཅིག་གིས་ཡུ་ཀྲུག་གྲོང་ཁྱེར་ལ་ཡོང་ནས་ནད་དུག་བགོས་ཡོད་པའི་རྟགས་མཚན་འདུག་ཅེས་གཞུང་འབྲེལ་གྱི་ཡིག་ཆའི་ནང་དུ་བཀོད། རྒྱ་ནག་གཞུང་གིས་རང་ཡུལ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་འབྱུང་དུ་འཇུག་རྒྱུ་མིན་ཞེས་ཕྱི་རྒྱལ་གྱི་འགྲུལ་པ་བཀག་པ་དང་རྒྱལ་ནང་གི་ནད་དུག་ཁྱབ་ཡུལ་ཁག་ལ་སྒོ་རྒྱ་བསྡམས། མི་གྲངས་དུང་ཕྱུར་མང་པོར་བརྟག་དཔྱད་བྱས་ནས་སློབ་གྲྭ་དང་ཚོང་ལས། འགྲིམ་འགྲུལ་རྣམས་སྒོ་བརྒྱབ་སྟེ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཐབས་ཇུས་བསྟེན། འོན་ཀྱང་རྒྱ་ནག་གི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པར་བལྟས་ཚེ། རྒྱ་ནག་གི་ནད་འགོག་སྲིད་ཇུས་དེར་ནུས་པ་འཐོན་གྱི་མེད་པའི་རྟགས་མཚན་ཞིག་མངོན། རྒྱ་ནག་ལ་ཁྱབ་ཀྱི་ཡོད་པའི་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁག་ཅིག་ཕྱི་རྒྱལ་ནས་ནང་ལོགས་སུ་ཁྱབ་ཀྱི་འདུག་ཅེས་བསྒྲགས། ཕྱི་ཟླ་༡༢་པའི་ཟླ་དཀྱིལ་དེར་རྒྱ་ནག་གི་ཀོང་ཀྲུག་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་པའི་མི་ཞིག་བདུན་ཕྲག་༢་ལ་ཟུར་འགོག་བྱས་པའི་རྗེས་སུ་མ་གཏོགས་ནད་རྟགས་མ་ཐོན། དེའི་རྗེས་སུ་རྒྱ་ནག་གི་ཧྲེན་ཀྲེན་དང་ཁྲང་ཧྲ། ཀྲེ་ཅང་ཞིང་ཆེན་བཅས་ལའང་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ། མི་ཁག་ཅིག་ལ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་འགོས་ཀྱང་བདུན་ཕྲག་རེ་ཟུང་ལ་ནད་རྟགས་མི་འཐོན་པའང་འབྱུང་གི་ཡོད་འདུག

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG