ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཁམས་བྲག་འགོའི་ཁྱིམ་ཚང་ཁག་ཏུ་སྐུ་གསུང་ཐུགས་རྟེན་ཉར་མི་ཆོག་པ།


༄༅།། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་ཁམས་བྲག་འགོ་རྫོང་གི་ཁྱིམ་ཚང་ཁག་ཏུ་དམར་ཤོག་ཚོགས་པའི་ཚོགས་མི་དང་གཞུང་གི་ལས་བྱེད་པ། ཉེན་རྟོག་པ་སོགས་བཏང་སྟེ་ཁྱིམ་ཚང་ཁག་ལ་ལྟ་སྐོར་དང་སྔོག་བཤེར་གྱིས་ཁྱིམ་ཚང་གི་མཆོད་བཤམས་སོགས་ཀྱི་ནང་དུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་དང་ཆོས་ལུགས་ལ་འབྲེལ་བ་ཡོད་པའི་དངོས་པོ་རྣམས་བདག་ཉར་བྱེད་མི་ཆོག་པའི་དམ་དྲག་བྱེད་བཞིན་འདུག་ཅེས་བཙན་བྱོལ་དུ་གནས་འཁོད་ཁམས་བྲག་འགོ་བ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག

ཁོང་གིས་མུ་མཐུད་དུ་འགྲེལ་བརྗོད་བྱས་པར་གཞིགས་ན་རྒྱ་གཞུང་གིས་སྔོན་མར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་མི་ཆོག་པའི་དམ་དྲག་བྱས་པ་རེད། ད་ལྟ་དམར་ཤོག་ཚོགས་པའི་ཚོགས་མི་དང་ལས་བྱེད་པ་སོགས་བྲག་འགོའི་ཁྱིམ་ཚང་ཁག་ལ་སྐོར་སྐྱོད་ཀྱིས་བསྔོག་བཤེར་བྱས་ནས་ཆབ་སྲིད་སློབ་གསོ་སྤྲད་དང་སྤྲོད་བཞི་པར་མ་ཟད། སངས་རྒྱས་ཀྱི་སྐུ་བརྙན་དང་ཆོས་ལུགས་ཀྱི་མཆོད་རྫས་རྣམས་ཉར་མི་ཆོག་པ་བཟོ་བཞིན་འདུག ལྷག་པར་དུ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་ཡོད་ན་གད་སྙིགས་ནང་དུ་འཕེན་དུ་འཇུག་གི་འདུག ཁྱིམ་ཚང་ཞིག་ལ་གསེར་ཟངས་ཀྱིས་བཞེངས་པའི་སྟོན་པའི་སྐུ་བརྙན་བྱོན་ལེགས་པོ་ཞིག་ཡོད་པ་དེ་གད་སྙིགས་ནང་དུ་མ་གཡུགས་ཀ་མེད་བྱུང་སྟེ་ཕངས་སེམས་དང་སྐྱོ་སྣང་ཆེན་པོ་བྱེད་ཀྱི་འདུག རྒྱ་གཞུང་གི་སྤྱོད་པ་དེ་བོད་པ་གཞོན་སྐྱེས་ཚོའི་སེམས་ལ་ཆོས་ལུགས་ཀྱི་བག་ཆགས་རྩ་བ་ནས་མེད་པ་བཟོ་ཐབས་ཤིག་རེད་ཅེས་བཀྲལ།།

སྤྱིར་རྒྱ་ནག་གཞུང་གིས་ཕྱི་ཟླ་༡༢་པའི་ཟླ་མཇུག་ཏུ་བྲག་འགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་ངམ། བྲག་འགོ་དགོན་ཆེན་གྱི་སློབ་གྲྭ་རྩ་གཏོར་བཏང་བ་དང་དེའི་རྗེས་སུ་མཐོ་ཚད་ཕུ་ཁྲུ་༩༩་ཡོད་པའི་སྟོན་པའི་སྐུ་བརྙན། མ་ཎི་འཁོར་ལོ་༤༥་དང་མཐོ་ཚད་ཐོག་བརྩེགས་གསུམ་ཡོད་པའི་རྒྱལ་བ་བྱམས་པའི་སྐུ་བརྙན། གྲྭ་ཤག་བཅས་མང་པོ་ཞིག་གཏོར་བཤིག་བཏང་སྟེ་བྲག་འགོ་གཡི་ཉ་སྡེ་པའི་གྲོང་ཚོ་གཉིས་ཀྱི་མང་ཚོགས་ལ་དྲག་གནོན་བྱས་ནས་མི་མང་པོར་འཆི་རྨས་བྱུང་བའི་གནས་ཚུལ་ཐོན། ཨ་རིའི་སྲིད་གཞུང་གིས་བྲག་འགོའི་གནས་སྟངས་ལ་སེམས་འཚབ་ཡོད་ཅེས་གསལ་བསྒྲགས་སྤེལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག བོད་པ་བཙན་བ་བཅས་ཀྱིས་རྒྱ་གཞུང་གི་བྱ་སྤྱོད་དེར་ངོ་རྒོལ་དང་བྲག་འགོའི་བོད་པ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་རྒྱ་ཆེན་ཞིག་སྤེལ་དང་སྤེལ་བཞིན་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG