ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དམར་ཤོག་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༡༠་པའི་ཚེས་༢༨ དེ་གཟའ་ཟླ་བ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་སྐབས་༤་པའི་ཚང་འཛོམས་གྲོས་ཚོགས་འཚོགས་ཀྱི་ཡོད་པ་དང་། གཟའ་འཁོར་འདིའི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་སུ་བསྒྱུར་དགོས་པའི་གྲོས་བསྡུར་བྱ་རྒྱུ། རྒྱ་ནག་གཞུང་ལ་བུ་ལོན་ཚབས་ཆེན་ཞིག་ཡོད་པ་དེ་ལས་ཐར་ཐབས་བྱ་རྒྱུ་དང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་མདུན་སྐྱོད་བྱེད་པར་རྒྱལ་ཁབ་ཀྱི་དཔལ་འབྱོར་ལམ་ལུགས་ལ་སྒྱུར་བཅོས་ཆེན་པོ་ཞིག་གཏོང་དགོས་པའི་གྲོས་བསྡུར་བྱ་འཆར་ཡོད། འོན་ཀྱང་ཞིས་ཅིན་ཕིང་གིས་རྒྱ་ནག་གི་འཛིན་སྐྱོང་ལམ་ལུགས་དང་དཔལ་འབྱོར་ལམ་ལུགས་ལ་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་པར་འགྱུར་བ་ཐེབས་སྲིད་པའི་རྟགས་མཚན་མེད་ཅིང་། ད་ལྟ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་ལངས་ཡོད་པ་དང་རྒྱ་ནག་གི་ལས་རྩོལ་བའི་གླ་ཕོགས་འཕར་བ། རྒྱ་ནག་གི་ཡུལ་ཐང་འཕར་བ་སོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་འགལ་རྐྱེན་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་མ་ཐུབ་ན་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་འཛིན་རྒྱུ་འོས་འཚམས་མིན་ཞིང་། ད་བར་རྒྱ་ནག་དམར་ཤོག་ཚོགས་པས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་སྲིད་དབང་འཛིན་བཟུང་ཡོད་པ་རེད།

ཉི་མ་༤་ལ་འཚོགས་ཀྱི་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༤་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་ཞིས་ཅིན་ཕིང་ལ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་འགྲོ་བཞིན་པ་ཡར་རྒྱས་གཏོང་ཐབས་དང་ཏིན་ཞའོ་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་སུ་བསྒྱུར་དགོས་པའི་སྲིད་ཇུས་གཏན་འབེབས་བྱས་ཡོད་པ་རྒྱུན་འཁྱོངས་བྱེད་པའི་གོ་སྐབས་ཤིག་འཐོབ་སྲིད། ཡིན་ནའང་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ལ་སྲིད་གཞུང་གིས་སྟངས་འཛིན་བྱ་རྒྱུ། རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་སྲིད་གཞུང་གིས་སྟངས་འཛིན་བྱེད་པའི་དཔལ་འབྱོར་ལམ་ལུགས་ཤིག་ལ་བསྒྱུར་དགོས་པའི་སྲིད་ཇུས་ཤིག་བཟུང་ཡོད་པར་འགྱུར་བ་གཏོང་རྒྱུ་ཡིན་མིན། མདོར་ན་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་རྟག་ཏུ་སྲིད་གཞུང་གིས་ཐེ་གཏོགས་བྱེད་པའི་དཔལ་འབྱོར་ལམ་ལུགས་ཤིག་ཡིན་དགོས་སམ། ཡང་ན་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་གུ་ཡངས་དང་སྲིད་གཞུང་གི་ཐེ་གཏོགས་མེད་པ། སྒེར་གྱི་ཚོང་ལས་ཁག་དར་འཕེལ་འགྲོ་ཐུབ་པའི་དཔལ་འབྱོར་ལམ་ལུགས་ཤིག་ཡིན་དགོས་པའི་ཐག་གཅོད་བྱ་རྒྱུ་ཡིན་མིན་ལ་ངེས་གཏན་བྲལ། རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་༤་པ་དེར་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོ་དང་ཞིང་ཆེན་ཁང་གི་འགོ་ཁྲིད་རྣམས། རྒྱ་ནག་གི་གྲོང་ཁྱེར་ཁག་དང་དམག་གི་མཐོ་རིམ་འགོ་ཁྲིད་ཚོ་བཅས་ཁྱོན་བསྡོམས་མི་༤༠༠་ཡས་མས་ཤིག་འདུས། ཁོ་ཚོས་ཐེངས་འདིའི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ཁ་ཕྱོགས་གང་འདྲ་ཞིག་ལ་བསྐྱོད་དགོས་མིན་གསལ་སྟོན་བྱ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

དེང་སྐབས་ལོ་ན་༨༩་ལ་སོན་པའི་རྒྱ་ནག་གི་དཔལ་འབྱོར་རིག་པ་བ་ཝུ་ཅིང་ལེན་ཞེས་པ་ཞིག་གིས་ཡིག་འབྲུ་༡༢༠༠༠་ཅན་གྱི་རྩོམ་ཡིག་ཅིག་བྲིས་ཏེ་རྒྱ་ནག་གཞུང་གིས་འདས་པའི་ལོ་༧༠་ཐམ་པའི་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ལ་བསྐྱར་ཞིབ་བྱ་དགོས། རྒྱ་ནག་གི་འགོ་ཁྲིད་ཚོས་རང་གི་དཔལ་འབྱོར་ལམ་ལུགས་ངེས་པར་དུ་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་དང་ཁྲིམས་ཀྱིས་སྐྱོང་བའི་དཔལ་འབྱོར་ལམ་ལུགས་ལ་བསྒྱུར་དགོས། ༢༠༡༣་ལོར་རྒྱ་ནག་གཞུང་གིས་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ་རྣམས་ལག་ལེན་བསྟར་དགོས་པའི་ནན་བརྗོད་བྱས་འདུག ཝུ་ཅིང་ལེན་ནི་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ཁྲིམ་རའི་དཔལ་འབྱོར་ལམ་ལུགས་སུ་བསྒྱུར་དགོས་པའི་བསམ་བློ་བ་གཙོ་གྲས་ཤིག་ཡིན། ཁོ་པས་ཟླ་བ་འདིར་ཚེ་ཞིན་དུས་དེབ་ནང་དུ་རྩོམ་ཡིག་ཅིག་བྲིས་ནས་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ལ་བསྒྱུར་དགོས། རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་སྔར་བཞིན་སྲིད་གཞུང་གིས་སྟངས་འཛིན་བྱེད་པའི་དཔལ་འབྱོར་ལམ་ལུགས་ཤིག་ཡིན་དགོས་མིན་ལ་རྩོད་པ་རྒྱག་རྒྱུ་མཚམས་འཇོག་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ཝུ་ཅིན་ལེན་གྱི་རྩོམ་ཡིག་དེའི་དམིགས་འབེན་གཙོ་བོ་ནི་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་ཏིན་ཞའོ་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་སུ་བསྒྱུར་པར་འགྱུར་བ་བཏང་སྟེ། རྒྱ་ནག་གཞུང་གིས་སླར་ཡང་རྒྱལ་ཁབ་ཀྱི་དཔལ་འབྱོར་ལམ་ལུགས་ལ་ཐེ་གཏོགས་དང་སྟངས་འཛིན་བྱ་རྒྱུ་འགོ་ཚུགས་ཡོད་པར་དམིགས་འདུག

ཝུ་ཅིང་ལེན་གྱིས་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་དང་ཁྲིམས་ཀྱིས་སྐྱོང་བའི་དཔལ་འབྱོར་ལམ་ལུགས་ཤིག་ཏུ་བསྒྱུར་པར་འགོག་རྐྱེན་དང་བར་ཆད་སྣ་མང་ཞིག་འཕྲད་སྲིད། རྒྱ་ནག་གི་བསམ་བློ་རྙིང་པའི་ཤོག་ཁག་དང་རང་གི་ཁེ་ཕན་གཙོ་གཉེར་ཤོག་ཁག་དེ་ཚོས་རྒྱ་ནག་གི་དཔལ་འབྱོར་སྒྱུར་བཅོས་ལ་འགོག་རྐྱེན་རྒྱག་ངེས་ཡིན་ཞེས་བཤད། ༢༠༡༣་ལོར་ཞིས་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་གི་འགོ་ཁྲིད་ཚོས་རང་གི་མཐར་ཐུག་གི་དམིགས་ཡུལ་ནི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡར་རྒྱས་གཏོང་རྒྱུ་དང་། རྒྱ་ནག་གི་འཛིན་སྐྱོང་ལམ་ལུགས་ཡར་རྒྱས་བཏང་སྟེ་འཛིན་སྐྱོང་གི་ནུས་པ་དེང་རབས་ཅན་དུ་བསྒྱུར་རྒྱུ་ཡིན་ཞེས་ཡིག་ཐོག་ཏུ་བཀོད། རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་གཞི་ཡང་རྒྱ་ནག་གི་འཛིན་སྐྱོང་ལམ་ལུགས་དེང་རབས་ཅན་དུ་བསྒྱུར་དགོས་པ་དང་རྒྱ་ནག་གི་འཛིན་སྐྱོང་ནུས་པ་ཡར་རྒྱས་གཏོང་དགོས་ཞེས་གཏན་འབེབས་བྱུང་ཞིང་། ཉམས་ཞིབ་པ་ཚོས་རྒྱ་ནག་གི་འཛིན་སྐྱོང་ལམ་ལུགས་དེང་རབས་ཅན་དུ་བསྒྱུར་དགོས་ཟེར་པ་དེའི་གོ་དོན་ངོ་མ་ནི་ཞིས་ཅིན་ཕིང་སྲོག་ཤིང་ཏུ་གྱུར་པའི་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་དབུས་སུ་བསྡུ་རྒྱུ། རྒྱ་ནག་གི་སྤྱི་ཚོགས་དང་དཔལ་འབྱོར་ལ་འགྱུར་བ་ཐེབས་ཀྱི་ཡོད་པར་རྒྱ་ནག་གཞུང་གིས་སྟངས་འཛིན་བྱ་རྒྱུ། ལྷག་པར་དུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་མུ་མཐུད་ཇེ་དལ་དུ་ཕྱིན་ན་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་ཉེན་ཀ་འབྱུང་གི་ཡོད་པས་ཞིས་ཅིན་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་གཅིག་སྡུད་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་གི་འདུག་ཅེས་གླེང་།

ཧོང་ཀོང་སློབ་གྲྭ་ཆེན་མོའི་ཨེ་ཤི་ཡའི་ཉམས་ཞིབ་ཁང་གི་འགན་འཛིན་ཁྲེན་ཀྲི་ཝུ་ཞེས་པ་ཞིག་གིས་ཨ་མི་རི་ཀས་རྒྱ་ནག་དགྲ་ཁ་གཏད་པ་ཞིག་གམ། ཡང་ན་ནུབ་ཕྱོགས་པའི་ལྟ་བ་དང་ལམ་ལུགས་ལ་ཉེན་ཀ་ཞིག་ཏུ་འགྱུར་སྲིད་པའི་དོགས་ཟོན་བྱེད་བཞིན་ཡོད། དེར་བརྟེན་ཞིས་ཅིན་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་སུ་བསྐྱོད་རྒྱུའི་བརྡ་ཞིག་གཏོང་རྒྱུ་གནད་འགག་ཆེན་པོ་ཡིན། ཟླ་བ་རྗེས་མར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆི་ལེར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་འཚོགས་ཀྱི་ཡོད། སྐབས་དེར་ཞིས་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཀྱིས་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་སྲིད། རྒྱ་ནག་གིས་རང་གི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་གཙིགས་སུ་འཛིན་དགོས། ཞིས་ཅིན་ཕིང་གིས་༢༠༣༥་ལོར་རྒྱ་ནག་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ཆེན་རྒྱལ་ཁབ་བླ་ན་མེད་པ་དེར་བསྒྱུར་རྒྱུའི་ཧམ་སེམས་འཆང་ན་དགེ་མཚན་མེད་ཅེས་བཤད། ཞིས་ཅིན་ཕིང་གི་དཔལ་འབྱོར་ལམ་ལུགས་འོག་ཏུ་རྒྱ་ནག་གི་འབྱོར་ལྡན་པ་དང་ཚོང་པ་སྒེར་པ། སྒེར་གྱི་ཚོང་ལས་ཁག་དང་འབྱོར་འབྲིང་གྲལ་རིམ་པ་རྣམས་ཟུར་དུ་ཕུད། ཟླ་བ་སྔོན་མར་རྒྱ་ནག་གི་ཞིབ་འཇུག་ལས་ཁང་འགའ་ཞིག་གིས་མི་༢༢༤་ལ་སྐད་ཆ་དྲིས་ནས་བསམ་ཚུལ་བརྟགས་པ་ལྟར་ན། ཨ་སྒོར་ས་ཡ་༤་དང་ཕྱེད་ཀ་ཙམ་གྱི་མ་རྩ་ཡོད་པའི་རྒྱ་ནག་གི་འབྱོར་ལྡན་པ་ཕལ་མོ་ཆེ་རྒྱལ་ཁབ་གཞན་ལ་གཏན་སྡོད་གཞིས་ཆགས་སུ་བསྐྱོད་རྒྱུའི་བསམ་གཞིགས་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG