ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཞིན་ཅང་ལ་བཀག་ཉར་ཁང་༣༨༠་འཛུགས་སྐྲུན་བྱས་ཡོད་པ། 


༄༅།། ཨོ་གླིང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འཐབ་ཇུས་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཞིན་ཅང་གི་ས་ཁུལ་ཡོངས་སུ་ལག་ཤེས་སློབ་གྲྭ་ཡིན་ཞེས་ཡུ་གུར་བ་རྣམས་བཀག་ཉར་དང་བཙོན་འཇུག་བྱ་ཡུལ། ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་བསྐྱར་དུ་སྤེལ་སའི་བཙོན་ཁང་༣༨༠་ཐམ་པ་འཛུགས་སྐྲུན་བྱས་འདུག ཨོ་གླིང་རྒྱལ་ཁབ་ཀྱི་ཞིབ་འཇུག་ཁང་དེས་མཁའ་དབྱིངས་ནས་འཁོར་སྐར་གྱིས་འདྲ་པར་བླངས་པ་དེ་ལ་བལྟས་ཚེ། རྒྱ་གཞུང་གིས་བཙོན་སྒར་ལྟ་བུའི་བཀག་ཉར་ཁང་ཆེན་པོ་དེ་རྣམས་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ངོ་ཐག་གཅོད་ཐུབ། ད་ཐེངས་ཀྱི་འདྲ་པར་ནང་དུ་སྔོན་ཆད་ཚོད་དཔག་བྱས་པ་ལས་ཀྱང་བཙོན་སྒར་བརྒྱ་ཆ་༤༠་ཡས་མས་ཤིག་གཞི་རྒྱ་ཆེ་བ་ཡོད་པ་ཤེས་ནུས། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་ལག་ཤེས་སློབ་གྲྭ་ཐོན་ནས་རང་ཁྱིམ་ལ་ཕྱིར་སློག་བྱས་ཟིན་ཞེས་བཤད་མོད། ཞིན་ཅང་གི་ས་གནས་ཁག་ཏུ་བཀག་ཉར་ཁང་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ནི་རྒྱ་ཇེ་ཆེ་དང་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་འདུག མཁའ་དབྱིངས་ནས་འཁོར་སྐར་གྱིས་བླངས་པའི་འདྲ་པར་དེ་དག་གི་ནང་དུ་ཉུང་མཐར་ཡང་སྔོན་ཆད་མཐོང་མ་མྱོང་བའི་བཀག་ཉར་ཁང་གསར་པ་༦༡་གསལ། ༢༠༡༩་ལོའི་ཕྱི་ཟླ་༧་ནས་༢༠༢༠་ལོའི་ཕྱི་ཟླ་༧་པ་སྟེ། དུས་ཡུན་ལོ་གཅིག་གི་རིང་དུ་རྒྱ་ནག་གཞུང་གིས་ཞིན་ཅང་ས་ཁུལ་དུ་བཀག་ཉར་ཁང་འཛུགས་སྐྲུན་བྱ་རྒྱུ་རྒྱ་བསྐྱེད་འདུག་ཅེས་བཀོད། བཀག་ཉར་ཁང་དེ་དག་གི་ནང་དུ་ཞིན་ཅང་གི་ཡུ་གུར་བ་དང་ཧ་ས་ཁ་བ། ཀིར་ཀི་བ་སོགས་མངའ་ཁུལ་དེའི་ཁ་ཆེ་ས་ཡ་གཉིས་ཡས་མས་ཤིག་བཀག་ཉར་བྱེད་ཀྱི་འདུག་ཅེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་སྲིད་གཞུང་ཁག་གིས་ཞིབ་འཇུག་སྙན་ཐོ་བཏོན་ཡོད་པ་རེད།།

ཨོ་གླིང་རྒྱལ་ཁབ་ཀྱི་ཞིབ་འཇུག་སྙན་ཐོ་དེར་༢༠༢༠་ལོར་རྒྱ་ནག་གཞུང་གིས་ཞིན་ཅང་ས་ཁུལ་དུ་བཀག་ཉར་ཁང་༡༤་གསར་དུ་འཛུགས་སྐྲུན་བྱས་འདུག བཀག་ཉར་ཁང་༧༠་ཐམ་པའི་མཐའ་འཁོར་དུ་ལྕགས་རི་བསྐོར་ཡོད་པའམ། ཡང་ན་ལྕགས་དྲྭ་འཐེན་ཡོད་པ་རྣམས་མེད་པར་བཏང་ཡོད་པ་དེ་ལ་བལྟས་ན་བཀག་ཉར་ཁང་དེ་རྣམས་སྒོ་བརྒྱབ་པ་དང་བཀོལ་སྤྱོད་ཀྱི་དགོས་མཁོ་ལ་འགྱུར་བ་ཐེབས་པའི་རྟགས་མཚན་ཞིག་མངོན། ཡིན་ནའང་བཀག་ཉར་ཁང་དེ་དག་གི་ཉེ་འཁྲིས་སུ་ཞིན་ཅང་གི་བཟོ་གྲྭ་ཆེ་ཁག་རྣམས་ཡོད་པས་བཙོན་སྒར་ཁག་ཏུ་བཅུག་ཡོད་པའི་ཡུ་གུར་བ་དང་ཧ་ས་ཁ་བ་སོགས་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་ཡོད་པ་སྒྲུབ་ཐུབ་ཅེས་བཀོད། རྒྱ་ནག་གཞུང་གིས་ཞིན་ཅང་གི་ས་གནས་ཁག་ཏུ་བཀག་ཉར་ཁང་འཛུགས་སྐྲུན་བྱས་ནས་ཡུ་གུར་མི་རིགས་ལ་དྲག་གནོན་བྱེད་ཀྱི་ཡོད་པའི་གསར་འགྱུར་ཕལ་མོ་ཆེ་བཙོན་སྒར་དེ་དག་གི་ནང་དུ་དངོས་སུ་གདུག་རྩུབ་མྱངས་ཏེ་གློད་གྲོལ་ཐོབ་པའི་རྗེས་སུ་ཕྱི་རྒྱལ་ལ་བྲོས་བྱོལ་དུ་ཐར་ནས་གནས་ཚུལ་ཕྱིར་བསྒྲགས་བྱས་པ་དང་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ཁག་ཕྱི་ལ་འཁྱར་པ། འཛམ་གླིང་ཡུལ་གྲུ་གང་སར་བཙན་བྱོལ་དུ་འབྱོར་བའི་ཞིན་ཅང་གི་ཡུ་གུར་བ་ཚོས་རང་གི་ཕ་མ་སྤུན་མཆེད་དང་བཟའ་ཟླ་བུ་ཕྲུག་སོགས་ལ་ཁ་པར་དང་སྐད་འཕྲིན་སོགས་བརྒྱུད་ནས་ཁ་བརྡ་བྱས་ཏེ་ཤེས་རྟོགས་བྱུང་བ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་ཨ་རིའི་སྲིད་གཞུང་དང་ཡུ་རོབ་མཉམ་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་དང་ཏུར་ཀི་རྒྱལ་ཁབ་སོགས་ཀྱིས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བ་རྣམས་ཡིན་འདུག

ཉེ་ཆར་རྒྱ་ནག་གཞུང་གིས་ཡིག་ཆ་རྒྱབ་ཤོག་དཀར་པོ་ཟེར་པ་ཞིག་བཏོན་ནས་ཞིན་ཅང་གི་བཀག་ཉར་ཁང་རེད་ཟེར་པ་རྣམས་ནི་ལག་ཤེས་སློབ་གྲྭ་ཡིན། རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ཀྱི་གཡོ་འོག་ཏུ་ཚུད་ནས་ལམ་ལོག་ཏུ་འཕྱན་པ་ཚོར་ལག་ཤེས་དང་སྐད་ཡིག གློག་ཀླད་སོགས་ཀྱི་ཤེས་ཡོན་བསླབས་ནས་འཚོ་བའི་མདུན་ལམ་གསར་པ་ཞིག་སྐྲུན་གྱི་ཡོད། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་འཚོ་བ་དང་ཤེས་ཡོན་སློབ་གསོ་ཡར་རྒྱས་གཏོང་གི་ཡོད་པར་བཀག་ཉར་ཁང་དང་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ། ངལ་རྩོལ་བཙན་བཀོལ་སོགས་ཀྱི་ཉེས་མིང་བཏགས་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ནི་འོས་འཚམས་ཤིག་མ་རེད་ཅེས་དགག་པ་བརྒྱབ། དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་ཨོ་གླིང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འཐབ་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཧ་མིལ་ཊོན་དང་ཇཱོ་སི་ཁེ་གཉིས་རྒྱ་ནག་ལ་ཡོང་མི་ཆོག་པའི་བཀག་སྡོམ་བྱས་པ་ཡིན་ཞེས་གསར་འགྱུར་སྤེལ། ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་མྱོང་ཡོད་པའི་མི་ཚོས་གསར་འགོད་པར་བཤད་པ་ལྟར་ན། ཁོ་ཚོས་ནག་ཉེས་ཆེན་པོ་གང་ཡང་བསགས་དགོས་ཀྱི་མི་འདུག ཁ་ཆེའི་བཀའ་དེབ་རེ་བཟུང་ནས་ཁ་འདོན་བྱས་ཀྱང་ཁྲིམས་འགལ་རེད། བཀག་ཉར་ཁང་དེ་དག་གི་ནང་དུ་ཁ་ཆེ་ཚོར་བཙན་གྱིས་ཕག་ཤ་ཟ་རུ་འཇུག་པ་དང་རང་སྣང་གང་དྲན་གྱིས་རྡུང་རྡེག་གཏོང་བ། ནད་མནར་བྱུང་བའི་དུས་སུ་སྨན་བཅོས་མི་བྱེད་པ་དང་བུད་མེད་ཚོར་བཙན་དབང་གིས་སྐྱེས་སྒོ་རྩ་གཅོད། བུད་མེད་ཁག་ཅིག་ལ་བཀག་ཉར་ཁང་དུ་བཙན་གཡེམ་བྱེད་ཀྱི་འདུག ཡུ་གུར་བའི་ཁྱིམ་ཚང་ཁག་ཏུ་རྒྱ་གཞུང་གི་ལས་བྱེད་པ་རྣམས་བཀྲམ་སྟེ་གཉེན་ཚན་གསར་པ་ཞེས་ཡུ་གུར་བ་ཚོས་རང་གི་ཁྱིམ་ཚང་ནང་དུ་སྐད་ཆ་ཅི་ཞིག་བཤད་ཀྱི་ཡོད་མེད། ཁོ་ཚོའི་བསམ་བློའི་ལྟ་བ་དང་འདུ་ཤེས་འཛིན་སྟངས། ཕྱི་རྒྱལ་ལ་ཁ་པར་བཏང་ནས་སུ་ལ་འབྲེལ་བ་བྱེད་ཀྱི་ཡོད་མེད་སོགས་ལ་ལྟ་རྟོག་བྱེད་དུ་འཇུག་གི་ཡོད་པར་མ་ཟད། ཞིན་ཅང་གི་ས་གནས་ཀུན་ཏུ་པར་ཆས་བཙུགས་ནས་ཡུ་གུར་བ་ཚོར་ཉིན་མཚན་དུས་དྲུག་ལ་ལྟ་རྟོག་བྱེད་ཀྱི་འདུག་ཅེས་བཤད།།

གཟའ་འཁོར་སྔོན་མར་ཨ་རིའི་གྲོས་ཚོགས་ཀྱིས་ཞིན་ཅང་གི་ངལ་རྩོལ་བཙོན་སྒར་ཁག་ནས་ཐོན་པའི་སྲིན་བལ་དང་སྔོ་ཚོད། གྱོན་གོས་དང་འཕྲུལ་ཆས་ཀྱི་རིགས་རྣམས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ཨ་རིར་ནང་འདྲེན་བྱེད་མི་ཆོག་ཅེས་ཉེས་ཆད་བཅད། དེའི་གོང་དེར་ཨ་རིའི་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་གཙོས་ཡུ་གུར་མི་རིགས་ལ་དྲག་གནོན་བྱེད་ཀྱི་ཡོད་པ་འདིར་འབྲེལ་བ་ཡོད་པའི་རྒྱ་གཞུང་གི་མཐོ་རིམ་ལས་སྣེ་ཁག་ཅིག་དང་དེ་དག་གི་བཟའ་ཟླ་བུ་ཕྲུག་རྣམས་ཨ་མི་རི་ཀར་ཡུལ་སྐོར་སྤྲོ་འཆམ་དང་སློབ་སྦྱོང་ལ་ཡོང་མི་ཆོག ཁྲེན་ཆོན་གོ་སོགས་ཀྱིས་མ་རྩ་བཙུགས་ཡོད་པའི་བཟོ་ཚོང་ལས་ཁང་ཁག་ལ་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ཚོང་འབྲེལ་འཛུགས་མི་ཆོག ཁོ་ཚོས་ཨ་རིའི་ས་ཐོག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་ན་ཨ་རིའི་གཞུང་གིས་ཁྲེན་ཆོན་གོ་སོགས་ཀྱི་རྒྱུ་དངོས་དེ་རྣམས་འགོག་ཉར་བྱེད་ཆོག་ཅེས་ཉེས་ཆད་བཀལ། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་སྒོ་འབྱེད་དགོས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་གསར་འགོད་པ་ཚོར་ཞིབ་འཇུག་བྱེད་དུ་འཇུག་དགོས་ཞེས་གནོན་ཤུགས་སྤྲད། རྒྱ་ནག་གཞུང་གིས་ཞིན་ཅང་གི་ལག་ཤེས་སློབ་གྲྭ་ཁག་སྒོ་བརྒྱབ་སྟེ་སློབ་ཕྲུག་རྣམས་རང་ཁྱིམ་ལ་ཕྱིར་ལོག་བྱས་ཟིན་ཞེས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་གསར་འགོད་པ་ཚོར་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་རྟོག་ཞིབ་བྱེད་དུ་འཇུག་གི་མེད་ཅིང་། ཨོ་གླིང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འཐབ་ཇུས་ཉམས་ཞིབ་ཁང་གིས་བཏོན་པའི་སྙན་ཐོ་གསར་པ་དེར་ཞིན་ཅང་གི་བཀག་ཉར་ཁང་དེ་རྣམས་མི་ཚོགས་ཆེ་ས་དང་གྲོང་ཁྱེར་ཆེ་ཁག་གི་འཁྲིས་སུ་འདུག བཀག་ཁང་ཆེ་ཤོས་ནི་ཞིན་ཅང་གི་རྒྱལ་ས་ཨུ་རུ་མུ་ཆི་གྲོང་ཁྱེར་ཕྱི་ལོགས་ཀྱི་ཏ་པན་ཁྲེང་ཟེར་སའི་ས་ཁུལ་དེར་འདུག ༢༠༡༩་ནས་བཀག་ཉར་ཁང་དེ་འཛུགས་སྐྲུན་བྱ་རྒྱུ་འགོ་བརྩམས་ཏེ་བཙོན་སྒར་དེའི་རིང་ཚད་ལ་སྤྱི་ལེ་གཅིག་ལྷག་དང་དེའི་ཁང་དུ་ཁང་ཆེན་བརྒྱ་ཡས་མས་ཤིག་འདུག་ཅེས་བཀོད།།

ཕྱི་ཟླ་༩་པའི་ཚེས་༢༢་རོ་ཡེ་ཊར་གསར་འགྱུར་ལས་ཁང་དང་ཨ་རིའི་ཇཱེམ་སི་ཊོང་ཐེབས་རྩ་ཁང་གིས་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཡོད་པ་དེར་འཁོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཞིན་ཅང་གཅིག་པུ་མ་ཡིན་པར་བོད་ཀྱི་ཞིང་འབྲོག་མང་ཚོགས་རྣམས་ཀྱང་བཙན་ཤེད་ཀྱིས་ལས་གྲྭ་ཆེན་པོ་ཁག་ཏུ་བསྡུས་ནས་བོད་པའི་ས་ཞིང་དང་རྩྭ་ས་རྣམས་རྒྱ་ནག་གི་གཞུང་གཉེར་བཟོ་ཚོང་ལས་ཁང་ཁག་གིས་བཙན་འཕྲོག་བྱ་རྒྱུ། ཞིས་ཅིན་ཕིང་གིས་༢༠༢༠་ཐམ་པའི་ལོ་མཇུག་བར་དུ་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་རྣམས་དབུལ་ཕོངས་ཀྱི་དཀའ་སྡུག་འོག་ནས་གྲོལ་ཐུབ་པའི་དམིགས་ཡུལ་འགྲུབ་དགོས་ཞེས་བཀའ་བསྒྲགས། དེར་བརྟེན་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཐོག་ཏུ་ཞིན་ཅང་གི་བཀག་ཉར་ཁང་དང་དམག་སྒར་ལྟ་བུའི་ལས་གྲྭ་ཁག་གསར་དུ་འཛུགས་སྐྲུན་བྱས་ནས་རྒྱ་བསྐྱེད། ད་སྔ་ནག་ཆུ་ས་ཁུལ་གྱི་བོད་པ་ཞིང་འབྲོག་མང་ཚོགས་༥༠༠༠༠༠་ལྷག་ལ་ལས་གྲྭ་ཆེན་པོ་དེ་དག་གི་ནང་དུ་ལག་ཤེས་དང་རྒྱ་ཡིག་རྒྱ་སྐད། བོད་པ་ཚོར་བཟོ་གྲྭའི་ངལ་རྩོལ་གྱི་སྒྲིག་ཁྲིམས་རྣམས་སློབ་སྦྱོང་སྤྲོད་ཀྱི་ཡོད་ཅེས་མཉམ་དུ་བསྡུས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་བཏང་སྟེ་བོད་པ་ཚོ་རྒྱ་མི་རིགས་ལ་བསྒྱུར་རྒྱུའི་ཀུན་སློང་ཞིག་འཆང་འདུག རྒྱ་ནག་གཞུང་གིས་མངའ་རིས་ས་ཁུལ་དང་ལྷོ་ཁ་ས་ཁུལ། ཆབ་མདོ་ས་ཁུལ་བཅས་ལའང་ལས་གྲྭ་ཆེན་པོ་རྣམས་འཛུགས་སྐྲུན་བྱས་ཏེ་བོད་པ་ཚོ་བཟོ་གྲྭའི་ངལ་བར་སྒྱུར་གྱི་འདུག རྒྱ་ནག་གཞུང་གིས་མུ་མཐུད་དུ་སྲིད་ཇུས་འདི་ལག་ལེན་བསྟར་ན་བོད་པ་ཚོས་རིམ་བཞིན་རང་གི་ཞིང་འབྲོག་གི་འཚོ་བའི་གོམས་སྲོལ་རྣམས་དོར་ཏེ་སྲོལ་རྒྱུན་གྱི་རིག་གཞུང་རྣམས་རྩ་བརླག་འགྲོ་ཉེན་ཆེ། བོད་པའི་ས་ཞིང་དང་རྩྭ་སའི་བདག་པོ་རྣམས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་འགྱུར་གྱི་འདུག ནམ་ཞིག་བོད་པ་ཚོ་རང་ཡུལ་དུ་ཆགས་ས་བརྟེན་ས་མེད་པ་དང་མི་རིགས་ཀྱི་ངོ་བོ་བརླགས་པའི་རིགས་ཚོ་ཞིག་ལ་འགྱུར་ཉེན་ཆེན་པོ་འདུག་ཅེས་བཀོད་འདུག

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG