ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་གཞུང་གིས་བོད་པ་ཞིང་འབྲོག་ཚོ་ལས་གྲྭའི་ངལ་རྩོལ་བར་བཙན་སྒྱུར།


༄༅།། རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་འབྲོག་མང་ཚོགས་རྣམས་བཙན་ཤེད་ཀྱིས་ལས་གྲྭ་ཆེན་པོ་ཁག་ཏུ་བསྡུ་སྐོང་བྱས་ནས་བོད་པའི་ས་ཞིང་དང་རྩྭ་ས་རྣམས་རྒྱ་ནག་གི་གཞུང་གཉེར་བཟོ་ཚོང་ལས་ཁང་ཁག་གིས་བཙན་འཕྲོག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་གཟའ་མིག་དམར་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཇཱེམ་སི་ཊོང་ཐེབས་རྩ་ཁང་གིས་ཞིབ་འཇུག་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། ཞིས་ཅིན་ཕིང་གིས་༢༠༢༠་ཐམ་པའི་ལོ་མཇུག་བར་དུ་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་རྣམས་དབུལ་ཕོངས་ཀྱི་དཀའ་སྡུག་འོག་ནས་གྲོལ་ཐུབ་པའི་དམིགས་ཡུལ་འགྲུབ་དགོས་ཞེས་བོད་ཀྱི་ས་ཐོག་ཏུ་ཞིན་ཅང་གི་བཀག་ཉར་ཁང་དང་དམག་སྒར་ལྟ་བུའི་ལས་གྲྭ་ཁག་གསར་དུ་བཙུགས་ནས་རྒྱ་བསྐྱེད། བོད་པ་ཞིང་འབྲོག་མང་ཚོགས་༥༠༠༠༠༠་ལྷག་ལ་ལས་གྲྭ་ཆེན་པོ་དེ་དག་གི་ནང་དུ་ལག་ཤེས་དང་རྒྱ་ཡིག་རྒྱ་སྐད། བོད་པ་ཚོར་བཟོ་གྲྭའི་ངལ་རྩོལ་གྱི་སྒྲིག་ཁྲིམས་རྣམས་སློབ་སྦྱོང་སྤྲོད་ཀྱི་ཡོད་ཅེས་མཉམ་དུ་བསྡུས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་བཏང་སྟེ་བོད་པ་ཚོ་རྒྱ་མི་རིགས་ལ་བསྒྱུར་རྒྱུའི་ཀུན་སློང་ཞིག་འཆང་འདུག རྒྱ་ནག་གཞུང་གིས་མུ་མཐུད་དུ་སྲིད་ཇུས་འདི་ལག་ལེན་བསྟར་ན་བོད་པ་ཚོས་རིམ་བཞིན་རང་གི་ཞིང་འབྲོག་གི་འཚོ་བའི་གོམས་སྲོལ་རྣམས་བརླགས་ཏེ་ཞིང་འབྲོག་གི་རིག་གཞུང་རྩ་བརླག་འགྲོ་ཉེན་ཆེ། བོད་པའི་ས་ཞིང་དང་རྩྭ་ས་རྣམས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཤོར་ཏེ་མཐའ་མཇུག་བོད་པ་ཚོ་རང་ཡུལ་དུ་ཆགས་ས་བརྟེན་ས་མེད་པ་དང་མི་རིགས་ཀྱི་ངོ་བོ་བརླགས་པའི་རིགས་ཚོ་ཞིག་ལ་འགྱུར་ཉེན་ཆེན་པོ་འདུག་ཅེས་བཀོད།།

ཨ་རིའི་ཇཱེམ་སི་ཊོང་ཐེབས་རྩ་ཁང་གི་སྙན་ཐོ་དེར་༢༠༢༠་ལོའི་མགོ་སྟོད་ཟླ་བ་༧་གྱི་རིང་དུ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་རྫོང་ཁག་རེ་རེར་མིའི་གྲངས་ཚད་གཏན་འབེབས་བྱས་ནས་ཞིང་འབྲོག་མང་ཚོགས་༥༠༠༠༠༠་ལྷག་གྲོང་ཁྱེར་གྱི་ངལ་རྩོལ་བར་བསྒྱུར་རྒྱུའི་སྦྱོང་བརྡར་སྤྲོད་ཐུབ་ཡོད་ཅེས་བཀོད། འོན་ཀྱང་༢༠༡༩་ལོར་བོད་པ་ཞིང་འབྲོག་ཅི་ཙམ་ལས་གྲྭའི་ངལ་རྩོལ་བར་བསྒྱུར་ཐུབ་ཡོད་མེད་ཀྱི་གྲངས་འབོར་ཕྱིར་བསྒྲགས་བྱས་མེད་ཅིང་། སྔ་ལོ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་བར་ལག་ཤེས་དང་བཟོ་བའི་སྒྲིག་ཁྲིམས། སྐད་ཡིག་བཅས་ཀྱི་སྦྱོང་བརྡར་སྤྲོད་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད་ཅེས་བཀོད། ༢༠༡༨་ལོར་ནག་ཆུ་གྲོང་ཁྱེར་གཞུང་གིས་བོད་པ་ཞིང་འབྲོག་མང་ཚོགས་རྣམས་ལས་གྲྭ་ཁག་གི་ངལ་རྩོལ་བར་བསྒྱུར་རྒྱུ་ནི་བོད་པ་ཚོར་ལེ་ལོ་དང་སྒྱིད་ལུག རྗེས་ལུས་དང་ངལ་རྩོལ་ལ་མི་དགའ་བའི་འདུ་ཤེས་ངན་པ་ཞིག་ཡོད་པ་རྣམས་རྩ་མེད་བཟོ་བའི་ལས་ཐབས་ནུས་པ་ཅན་ཞིག་ཡིན་ཞེས་བསྒྲགས། རྒྱ་ནག་གཞུང་གིས་བཟོ་ཚོང་ལས་ཁང་གང་ཞིག་གིས་གྲངས་ཚད་གཏན་འབེབས་བྱས་པ་ལྟར་བོད་པ་ཞིང་འབྲོག་རྣམས་ལས་གྲྭ་ཁག་ལ་བསྡུ་ཐུབ་ན་བཟོ་ཚོང་ལས་ཁང་དེ་ཚོར་ཨ་སྒོར་༧༥༠༠༠་རེའི་བྱ་དགའ་སྤྲོད་རྒྱུ། རྒྱ་ནག་གཞུང་གིས་བོད་པ་ཚོས་རང་གི་ས་ཞིང་དང་རྩྭ་ས་རྣམས་གཞུང་གཉེར་བཟོ་ཚོང་ལས་ཁང་ཆེ་ཁག་ལ་རྩིས་སྤྲོད་བྱས་ནས་རང་ཉིད་བཟོ་གྲྭ་དང་ལས་གྲྭ་ཁག་གི་ངལ་རྩོལ་བར་འགྱུར་དགོས་ཞེས་སྐུལ་ལྕག་ནན་པོ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་དམར་ཤོག་གི་གདུག་རྩུབ་མྱོང་མཁན་ཚོར་རྗེས་དྲན་ཐེབས་རྩ་ཁང་གི་ཉམས་ཞིབ་པ་ཨེ་ཌི་རེན་ཛན་ཛིས་རྒྱ་ནག་གཞུང་གིས་བོད་དང་ཞིན་ཅང་གཉིས་ལ་མི་རིགས་གཙང་སེལ་དང་རིག་གཞུང་རྩ་མེད་ཀྱི་སྲིད་ཇུས་འདྲ་མཚུངས་ཤིག་ལག་ལེན་བསྟར་གྱི་འདུག སྲིད་ཇུས་འདིའི་མཐར་ཐུག་གི་དམིགས་ཡུལ་ནི་བོད་པ་དང་ཞིན་ཅང་གི་ཡུ་གུར་བའི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བཅས་པ་རྩ་བརླག་སོང་སྟེ་བོད་པ་དང་ཡུ་གུར་བ་རྣམས་རྒྱ་མི་རིགས་ལ་སྒྱུར་ཐབས་ཤིག་རེད་ཅེས་བཤད། ཇཱེམ་སི་ཊོང་ཐེབས་རྩ་ཁང་གི་ཞིབ་འཇུག་སྙན་ཐོ་དེར་རྒྱ་ནག་གཞུང་གིས་བོད་པ་༥༠༠༠༠་ཡས་མས་ཤིག་རང་གི་ས་གནས་ཁག་ནས་བོད་ཀྱི་ས་ཁུལ་གཞན་གྱི་ལས་གྲྭ་ཁག་ཏུ་བཅུག བོད་པ་༣༠༠༠་ལྷག་རྒྱ་ནག་གི་ས་ཁུལ་ཁག་ཏུ་བཏང་སྟེ་བཟོ་གྲྭ་ཁག་ལ་བཅུག་འདུག རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་མངའ་རིས་ས་ཁུལ་དང་གཞིས་ཀ་རྩེ་ས་ཁུལ། ལྷོ་ཁ་ས་ཁུལ་དང་ཆབ་མདོ་ས་ཁུལ་བཅས་སུའང་དམག་སྒར་དང་བཙོན་སྒར་ལྟ་བུའི་ལས་གྲྭ་ཆེ་ཁག་རྣམས་གསར་དུ་བཙུགས་ཡོད་ཀྱང་ས་ཁུལ་དེ་དག་གི་བོད་པ་ཞིང་འབྲོག་མང་ཚོགས་ཅི་ཙམ་བཟོ་གྲྭ་དང་ལས་གྲྭའི་ངལ་རྩོལ་བར་བསྒྱུར་ཐུབ་ཡོད་མེད་ཀྱི་གྲངས་འབོར་ཕྱིར་བསྒྲགས་བྱས་མི་འདུག རྒྱ་ནག་གཞུང་གིས་༢༠༡༤་ནས་༢༩༡༩་བར་དུ་ཆ་མཉམ་ལོ་ལྟར་ཞིན་ཅང་གི་ཡུ་གུར་བ་༡༢༠༠༠༠༠་རེར་ཞིང་འབྲོག་དང་སྲོལ་རྒྱུན་གྱི་འཚོ་བའི་ལས་རིགས་བསྐྱུར་དུ་བཅུག་སྟེ་བཟོ་གྲྭ་ཁག་གི་ངལ་རྩོལ་བར་སྒྱུར་གྱི་ཡོད་པ་དེ་ལ་བསྡུར་ཚེ། ད་སྔ་རྒྱ་ནག་གཞུང་གིས་བོད་པ་ཚོར་རང་གི་ཞིང་འབྲོག་དང་སྲོལ་རྒྱུན་གྱི་འཚོ་བའི་ཆེད་ལས་རྣམས་བསྐྱུར་དུ་བཅུག་སྟེ་བཟོ་གྲྭ་ཁག་དང་ལས་གྲྭ་ཁག་གི་ངལ་རྩོལ་བར་སྒྱུར་གྱི་ཡོད་པའི་གྲངས་འབོར་ཉུང་ཉུང་རེད་ཅེས་བཀོད། འོན་ཀྱང་ཨ་རི་དང་ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་ལོ་རྗེས་མ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ས་གནས་ཁག་ཏུ་བོད་པ་ཚོར་ལག་ཤེས་དང་སྐད་ཡིག་སྦྱོང་བརྡར་ཆེད་དུ་ཡིན་ཞེས་མི་གྲངས་འབུམ་ཕྲག་མང་པོ་ལས་གྲྭ་ཁག་ལ་བསྡུ་རྒྱུ་ཤུགས་ཆེ་རུ་གཏོང་སྲིད་ཅེས་བློ་འཚབ་བྱེད་ཀྱི་ཡོད་པ་རེད།།

རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་རྒྱ་གཞུང་གི་ཁྱབ་བསྒྲགས་བརྒྱ་ལྷག་དང་རྒྱལ་སྤྱིའི་ཞིབ་འཇུག་ལས་ཁང་ཁག་གིས་བཏོན་པའི་སྙན་ཐོ་དེ་རྣམས་གཤིབ་སྡུར་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་༢༠༡༦་ནས་༢༠༢༠་བར་དུ་བོད་པ་ཞིང་འབྲོག་མང་ཚོགས་རྣམས་གྲངས་ཚད་གཏན་འབེབས་བྱས་པ་ལྟར་རང་གི་ས་ཞིང་དང་རྩྭ་ས་བཅས་ལ་ཁ་འབྲལ་དུ་བཅུག་སྟེ་བཟོ་གྲྭ་དང་ལས་གྲྭ་ཁག་གི་ངལ་རྩལ་བར་བསྒྱུར་རྒྱུ། ཁོ་ཚོ་བོད་ཀྱི་ས་གནས་ཁག་གི་གྲོང་ཁྱེར་དང་གྲོང་རྡལ་ཁག་ལ་གནས་སྤོར་བྱེད་དུ་འཇུག་མ་ཐུབ་ན་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་འཁྲིད་རྒྱུ། བོད་པའི་ས་ཞིང་དང་རྩྭ་ས་རྣམས་རྒྱ་ནག་གི་གཞུང་གཉེར་བཟོ་ཚོང་ལས་ཁང་ཁག་གིས་ལེན་དགོས་པའི་སྲིད་ཇུས་འདི་ལག་ལེན་བསྟར་རྒྱུའི་ཐག་གཅོད་བྱས་འདུག ཐོག་མར་རྒྱ་ནག་གཞུང་གིས་རྒྱ་ནག་གི་བཟོ་གྲྭ་ཁག་ལ་ལས་བདག་གི་ཁ་ལ་ཉན་པོ་དང་མགོ་སྒུར་ནས་ལས་ཀར་ཧུར་ཐག་བྱེད་མཁན། བཟོ་གྲྭའི་ལས་བདག་ལ་ངོ་རྒོལ་བྱས་ནས་ཟིང་ཆ་མི་སློང་བའི་ངལ་རྩོལ་བ་སྐྱེད་སྲིང་བྱ་རྒྱུའི་ཆེད་དུ་བོད་པ་ཚོ་ལས་གྲྭའི་ངལ་རྩོལ་བར་བསྒྱུར་རྒྱུ་འགོ་ཚུགས་པ་ཡིན་སྲིད། འོན་ཀྱང་རིམ་བཞིན་རྒྱ་ནག་གཞུང་གིས་བོད་པའི་ཞིང་འབྲོག་མང་ཚོགས་རྣམས་རྒྱ་ནག་གི་བཟོ་གྲྭ་ཁག་དང་ལས་གྲྭ་ཁག་གི་ངལ་རྩོལ་བར་བསྒྱུར་ཏེ་རྒྱ་མིན་བོད་མིན་གྱི་མི་རིགས་ཤིག་ལ་བསྒྱུར་རྒྱུའི་སྲིད་ཇུས་དེར་འགྱུར་འདུག དུས་རབས་སྔོན་མའི་ལོ་རབས་༦༠་བ་དང་༧༠་བར་བྱུང་བའི་རིགས་གནས་གསར་བརྗེའི་གཞུག་ཏུ་བོད་ཀྱི་ས་གནས་ཁག་ལ་མི་རིགས་གཙང་སེལ་དང་རིག་གཞུང་རྩ་མེད། སྐད་ཡིག་བཀག་སྡོམ་བཅས་ཀྱི་ལས་འགུལ་འདི་འདྲ་ཞིག་སྤེལ་མྱོང་མི་འདུག་ཅེས་ཉམས་ཞིབ་པ་ཨེ་ཌི་རེན་ཛན་ཛར་གྱི་ཞིབ་འཇུག་སྙན་ཐོ་སོགས་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཇཱེམ་སི་ཊོང་ཐེབས་རྩ་ཁང་གིས་ཀྱང་རྒྱ་ནག་གཞུང་གིས་བོད་པ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གོམས་སྲོལ་བཙན་སྒྱུར་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག་ཅེས་སྐྱོན་བཙུགས།།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་སྤེལ་བའི་གསར་འགྱུར་དང་ཨ་རིའི་ཇཱེམ་སི་ཊོང་ཐེབས་རྩ་ཁང་གིས་བཏོན་པའི་སྙན་ཐོ་སོགས་ལ་ཁུངས་ལུང་མི་འདུག ཁོ་ཚོས་ཅིའི་ཕྱིར་རྒྱ་ནག་གཞུང་གིས་བོད་པ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་གི་ཡོད་པར་ངལ་རྩོལ་བཙན་སྒྱུར་ཟེར་གྱི་ཡོད་པ་རེད། རྒྱ་ནག་ནི་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་ལས་མི་ཚོར་གླ་ཕོགས་ཚུལ་བཞིན་སྤྲོད་ཀྱི་ཡོད། ཁོ་ཚོ་རང་མོས་ཐོག་ཏུ་ས་ཞིང་དང་རྩྭ་ས་བསྐྱུར་ནས་ཚོང་ཁང་དང་ལས་གྲྭ་སོགས་ལ་ངལ་རྩོལ་བྱེད་དུ་ཡོང་བ་རེད་ཅེས་དགག་པ་བརྒྱབ། ཡིན་ནའང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གཞུང་གིས་གྲངས་ཚད་གཏན་འབེབས་བྱས་ནས་ལོ་ལྟར་བོད་པ་རྣམས་བཙན་ཤེད་ཀྱིས་ཞིང་ལས་དང་འབྲོག་ལས་ལ་ཁ་འབྲལ་དུ་བཅུག་སྟེ་རྒྱ་ནག་གི་བཟོ་གྲྭ་དང་ལས་གྲྭ་ཁག་ལ་བསྡུ་རུབ་བྱེད་ཀྱི་ཡོད་པར་ངོས་ལེན་བྱས་མེད་པར་མ་ཟད། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ས་ཞིང་དང་རྩྭ་ས་བཅས་ཀྱི་བདག་པོར་འགྱུར་གྱི་ཡོད་པ་ནི་ཚིག་གཅིག་གླེང་སློང་བྱེད་ཀྱི་མེད་མོད། འོན་ཀྱང་ཉམས་ཞིབ་པ་ཚོས་༢༠༠༨་ལོར་བོད་དང་༢༠༠༩་ལོར་ཞིང་ཅང་གི་ཡུ་གུར་བ་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ཕྱོགས་ཡོངས་ནས་ངོ་རྒོལ་བྱས་ནས་བཟུང་། རྒྱ་ནག་གི་འགོ་ཁྲིད་ཚོར་བོད་དང་ཞིན་ཅང་ལ་མི་རིགས་གཙང་སེལ་དང་རིག་གཞུང་རྩ་མེད་གཏོང་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་དགོས་པའི་ངེས་ཤེས་གསར་པ་ཞིག་རྙེད་འདུག བོད་དང་ཞིན་ཅང་གཉིས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་ནས་ལོ་༧༠་ཡས་མས་ཤིག་འགྲོ་བཞིན་ཡོད་ཀྱང་ས་ཁུལ་དེ་དག་གིས་སྔར་བཞིན་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་ནི་བོད་པ་དང་ཞིན་ཅང་གི་ཡུ་གུར་བ་ཚོར་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག ཁོ་ཚོ་རྒྱ་ནག་པ་མིན་པའི་མི་རིགས་ཐ་དད་ཀྱི་འདུ་ཤེས་ཤིག་ཡོད་པར་ཐུག་ཡོད་པས་རྒྱ་ནག་གཞུང་གིས་བོད་དང་ཞིན་ཅང་ལ་མི་རིགས་གཙང་སེལ་དང་རིག་གཞུང་རྩ་མེད། མི་རིགས་ཀྱི་འདུ་ཤེས་བཅས་པ་དོང་སྤྲུག་བྱ་རྒྱུ་ནི་རྒྱ་ནག་གི་བདེ་འཇགས་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་འབྲེལ་བ་ཡོད་པའི་རྩ་དོན་ཞིག་ལ་རྩི་བཞིན་འདུག་ཅེས་དཔྱད་བརྗོད་སྤེལ་གྱི་ཡོད་པ་རེད།།

XS
SM
MD
LG