ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་དོན་གཅོད་ཁང་དུ་སྐྱེ་དངོས་རིག་པ་བ་ཞིག་སྐུང་ཡོད་སྐད། 


ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་དོན་གཅོད་ཁང་ཞིག
ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་དོན་གཅོད་ཁང་ཞིག

༄༅།། རྒྱ་ནག་གི་དམག་དོན་སྐྱེ་དངོས་རིག་པ་བ་ཐང་ཅོན་ཨ་མི་རི་ཀའི་ནུབ་ཕྱོགས་སུ་ཆགས་པའི་སན་ཧྥ་རན་སེ་སི་ཀོ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་དུ་སྐུང་ནས་འགེབས་སྲུང་ཐོབ་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་ཐང་ཅོན་ནི་རྒྱ་ནག་གི་དམག་དོན་སྐྱེ་དངོས་རིག་པ་བ་ཞིག་ཡིན་པ་ཨ་མི་རི་ཀར་སྦ་གསང་བྱས་ནས་ཐོངས་མཆན་ཞུས་འདུག ཕྱི་ཟླ་༦་པའི་ཚེས་༢༦་ཉིན་ཨ་མི་རི་ཀས་རྒྱ་ནག་གི་ཚན་རིག་པ་ཐང་ཅོན་གྱིས་རང་ཉིད་རྒྱ་ནག་གི་དམག་ལ་འབྲེལ་བ་ཡོད་པའི་ལོ་གནས་རྣམས་ཐོངས་མཆན་གྱི་འགེངས་ཤོག་ནང་དུ་གསལ་པོ་བཀོད་མ་པར་རྫུན་བཤད་གཡོ་ཁྲམ་གྱི་ཁྲིམས་འགལ་བྱས་འདུག ཨ་མི་རི་ཀའི་རྩད་གཅོད་པ་ཚོས་ཐང་ཅོན་གྱིས་དམག་ཆོས་གྱོན་ཡོད་པའི་འདྲ་པར་རྙེད་པ་དང་ཁོ་མོ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ཞི་དམངས་ཚན་པའི་ལས་བྱེད་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་སོང་། ཐང་ཅོན་རྒྱ་ནག་གི་དམག་སྡེ་བཞི་པའི་གསོ་སྤྱད་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་རེད། ཕྱི་ཟླ་༦་པའི་ཚེས་༢༠་ཉིན་ཨ་མི་རི་ཀའི་དབུས་ཞིབ་གཅོད་ལས་ཁང་གིས་སྐད་ཆ་དྲིས་ཀྱང་ཐང་ཅོན་གྱིས་རང་ཉིད་རྒྱ་ནག་གི་དམག་ལ་འབྲེལ་བ་ཡོད་པ་དྲང་པོར་བཤད་མ་སོང་། དེར་བརྟེན་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་རྒྱ་ནག་གི་དམག་དོན་སྐྱེ་དངོས་ཚན་རིག་པ་བ་ཐང་ཅོན་འཛིན་བཟུང་བྱ་དགོས་པའི་བཀའ་བསྒྲགས་པ་རེད། ཡིན་ནའང་ཁོ་མོ་སན་ཧྥ་རན་སེ་སི་ཀོའི་རྒྱ་ནག་དོན་གཅོད་ཁང་དུ་བྲོས་ཏེ་ཨ་མི་རི་ཀའི་ཁྲིམས་ལ་བྱོལ་གྱི་འདུག་ཅེས་བསྒྲགས།།

ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་དང་ཁྲིམས་འཛིན་ལྷན་ཁང་། དབུས་ཞིབ་གཅོད་ལས་ཁང་བཅས་ཀྱི་ཁྲིམས་སྦྱོར་ཡིག་ཆ་ཁག་ཏུ་འཁོད་པ་དང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་གསར་འགོད་གསལ་བསྒྲགས་བཅས་ལ་བལྟས་ཚེ། ཨ་མི་རི་ཀར་ཡོད་པའི་རྒྱ་ནག་གི་ཚན་རིག་པ་འགའ་ཞིག་ལ་ཨ་རིའི་གཞུང་གིས་ཁྲིམས་འགལ་གྱི་ནག་ཉེས་བཙུགས་པ་དང་ཁོ་ཚོ་ཚང་མ་རྒྱ་ནག་གི་དམག་ལ་འབྲེལ་བ་ཡོད་ཅིང་། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་རང་གི་གསང་ཉུལ་རྣམས་འཛམ་གླིང་ཡུལ་གྲུ་གང་སར་བཏང་སྟེ་དམག་དོན་གྱི་གསང་བའི་གནས་ཚུལ་དང་ནད་འབུ་ཕྲ་མོ། རྫས་འགྱུར་མཚོན་ཆ་སོགས་ཀྱི་གསང་བའི་གནས་ཚུལ་རྐུ་འཁྱེར་དང་ངོ་བཤུས། ཁོ་ཚོས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་བྱས་པའི་དཔང་རྟགས་རྣམས་རྩ་མེད་བཏང་བ་དང་ཨ་མི་རི་ཀ་ནས་རང་ཡུལ་ལ་འཕྲལ་དུ་ཕྱིར་ལོག་བྱ་རྒྱུ་སོགས་ལ་རྒྱ་ནག་གཞུང་གིས་བཀོད་འདོམས་བྱེད་ཀྱི་འདུག དཔེར་ན་ཕྱི་ཟླ་༦་པའི་ཚེས་༧་ཉིན་ཨ་རིའི་གཞུང་གིས་རྒྱ་ནག་པ་ཝང་ཞིན་ཟེར་པ་ཞིག་ལ་ཉེས་འཛུགས་བྱས་པ་ལྟ་བུ་རེད། ཝང་ཞིན་གྱིས་རང་གི་ལོ་རྒྱུས་རྣམས་ཐོངས་མཆན་ཞུ་བའི་འགེངས་ཤོག་ནང་དུ་དྲང་པོར་མ་བཀོད་པས་ལོ་སི་ཨན་ཇི་ལི་སི་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་ཐང་དུ་འཛིན་བཟུང་བྱས་ཤིང་། ཁོ་པ་སྐབས་དེར་ཨ་མི་རི་ཀ་ནས་རྒྱ་ནག་གི་ཐེན་ཅིན་གྲོང་ཁྱེར་ལ་ཕྱིར་ལོག་བྱེད་ཀྱི་ཡོད་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་ཨ་མི་རི་ཀས་རྒྱ་ནག་གི་སྤྱི་དམངས་ཝང་ཞིན་ལ་ནག་ཉེས་འདྲ་མིན་ཞིག་བཙུགས་པ་ནི་ཆབ་སྲིད་ཀྱི་སྐད་ཅོར་ཞིག་རེད། ང་ཚོས་ཤེས་ཚོད་ལ་ཝང་ཞིན་ནི་སྙིང་གི་ཁྲག་རྩ་ཉམས་ཞིབ་པ་ཞིག་ཡིན་པས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཅན་ཞིག་ཇི་ལྟར་ཡིན་པ་ཤེས་ཀྱི་མི་འདུག རང་ཡུལ་ལ་ཕྱིར་ལོག་བྱེད་མཁན་རྒྱ་ནག་གི་སྤྱི་དམངས་ཚོར་ཨ་མི་རི་ཀས་འདྲི་རྩད་བྱེད་པ་དང་སྒེར་གྱི་གློག་ཆས་ཁག་ལ་ཞིབ་བཤེར་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།།

ཁ་སང་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་གཞུང་གིས་ཧིའུ་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་དགོས། རྒྱ་ནག་གི་དོན་གཅོད་ཁང་དེས་ཨ་མི་རི་ཀའི་སྤྱི་སྒེར་གཉིས་ཀྱི་གསང་བའི་གནས་ཚུལ་རྐུ་འཁྱེར། ཨ་རིའི་རིག་གནས་ཀྱི་བདག་དབང་རྐུ་འཁྱེར་སོགས་གསང་ཉུལ་གྱི་ལས་དོན་སྒྲུབ་ཀྱི་འདུག་ཅེས་རྒྱུ་མཚན་བགྲངས། ཨ་རིའི་གྲོས་ཚོགས་གོང་མའི་གསང་བའི་ལས་དོན་ཚོགས་ཆུང་གི་ལས་ཚབ་ཚོགས་གཙོ་སྟེ། གྲོས་ཚོགས་འཐུས་མི་མར་ཁོ་རུ་བྷིའོ་ཡིས་ཧིའུ་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་དོན་གཅོད་ནི་རྒྱ་ནག་དམར་ཤོག་ཚོགས་པའི་གསང་ཉུལ་གྱི་ལྟེ་དབུས་ལྟ་བུ་ཞིག་རེད་ཅེས་སྐྱོན་བཙུགས། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འདས་པའི་ལོ་མང་རིང་རྒྱ་ནག་གི་གསང་ཉུལ་ཚོ་ཨ་མི་རི་ཀར་ཡོང་ནས་ཁྲིམས་འགལ་གྱི་ལས་དོན་སྣ་མང་ཞིག་སྒྲུབ་ཀྱི་འདུག་ཅེས་བཤད། འོན་ཀྱང་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་སོགས་ཀྱིས་ཧིའུ་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་གིས་གསང་བའི་ལས་དོན་དང་གསང་ཉུལ་གྱི་ལས་དོན་ཅི་ཞིག་སྒྲུབ་ཀྱི་ཡོད་མེད་གསལ་པོར་མ་བཤད། རྒྱ་ནག་གི་སྐུ་ཚབ་དོན་གཅོད་ཚེ་ཝེས་ང་ཚོ་དོན་གཅོད་ཁང་སྒོ་རྒྱག་དགོས་པའི་བཀའ་བཏང་བར་ཧང་སང་སོང་། ང་ཚོས་ཨ་མི་རི་ཀས་འདི་འདྲ་ཞིག་བྱེད་ཀྱི་རེད་བསམས་མ་མྱོང་། ང་ཚོ་མཛའ་གྲོགས་སྒྲིག་ཏུ་ཡོང་བ་དང་རྒྱ་ནག་དང་ཨ་མི་རི་ཀས་ཕན་ཚུན་རྒྱུས་ལོན་ཡག་པོ་ཞིག་འབྱུང་ཐབས་སུ་དོན་གཅོད་ཁང་བཙུགས་པ་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ཕྱི་ཟླ་༧་པའི་ཚེས་༢༡་གི་ཕྱི་དྲོར་ཧིའུ་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་གི་ར་དཀྱིལ་དུ་ཡིག་ཆ་ཕོན་ཆེན་མེར་སྲེག་བཏང་འདུག

སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དོན་གཅོད་ཁང་མང་ཙམ་སྒོ་རྒྱག་དགོས་པའི་བཀའ་གཏོང་སྲིད། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཧིའུ་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་སྒོ་རྒྱག་དགོས་པའི་བཀའ་བཏང་བའི་རྗེས་སུ་ཡིག་ཆ་མང་པོ་ཞིག་མེར་བསྲེགས་པ་རེད་ཅེས་བཤད། ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ང་ཚོས་རྒྱ་ནག་ལ་མུ་མཐུད་དུ་ཁྲིམས་འགལ་བྱེད་དུ་འཇུག་རྒྱུ་མིན། རྒྱ་ནག་དམར་ཤོག་ཚོགས་པས་སྤྱོད་ངན་སྤེལ་ན་ང་ཚོས་དེ་ལ་ལན་པ་སློག་རྒྱུའི་གོ་བརྡ་གསལ་པོ་ཞིག་སྤྲོད་དགོས་ཀྱི་འདུག ཨ་མི་རི་ཀས་རང་གི་མི་དམངས་དང་རྒྱལ་ཁབ་ཀྱི་བདེ་འཇགས། དཔལ་འབྱོར་དང་ཚོང་ལས། རིག་གནས་ཀྱི་བདག་དབང་རྣམས་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ཡུ་རོབ་ལ་འཚམས་འདྲིར་ཕེབས་པའི་སྐབས་ནན་བརྗོད་བྱས་འདུག དེ་རིང་གཟའ་ཕུར་བུའི་ཉིན་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེར་ཚུགས་པའི་སྲིད་འཛིན་འདས་པོ་རི་ཆར་ཌི་ནིཀ་སན་གྱི་དཔེ་མཛོད་ཁང་དུ་རྒྱ་ནག་གི་གནད་དོན་ལ་གཏམ་བཤད་ཅིག་བྱེད་ཀྱི་ཡོད་ཅིང་། གལ་སྲིད་སྐབས་དེར་རྒྱ་ནག་གིས་རང་གི་ས་ཐོག་ཏུ་བཅའ་སྡོད་ཨ་མི་རི་ཀའི་དོན་གཅོད་ཁང་གང་རུང་ཞིག་སྒོ་རྒྱག་དགོས་པའི་ཐག་གཅོད་བྱེད་ཚེ། པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་རྒྱུ་ཉག་ཅིག་ཡིན་པར་མ་ཟད། ད་སྔ་རྒྱ་ནག་གིས་ཨ་མི་རི་ཀའི་དོན་གཅོད་གང་སྒོ་རྒྱག་དགོས་མིན་ཐག་གཅོད་བྱས་མེད་ཀྱང་ཝུ་ཧན་ནམ། ཡང་ན་ཁྲེང་ཏུའུ་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་གཉིས་ཀྱི་གང་རུང་ཞིག་སྒོ་རྒྱག་ཏུ་འཇུག་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཨ་མི་རི་ཀའི་འཇོར་ཇཱི་ཊང་ཝོན་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་དང་ཕྱི་འབྲེལ་མི་སྣ་ཟུར་པ་ཇཱེམ་སེ་གྷེ་རེན་གྱིས་བཤད་པ་ལྟར་ན། ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡི་གཏམ་བཤད་ཁག་ནི་ཟླ་མང་པོར་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་དང་ཨ་རིའི་དབུས་ཞིབ་གཅོད་ལས་ཁང་གི་འགན་འཛིན། ཨ་མི་རི་ཀའི་སྤྱི་ཁྱབ་ཁྲིམས་འཛིན་པ་བཅས་ཀྱིས་གླེང་སློང་བྱེད་ཀྱི་ཡོད་པའི་སྐད་ཆ་རྣམས་རེད། ཕྱི་སྲིད་དྲུང་ཆེར་གསལ་བསྒྲགས་གསར་པ་འདྲ་བྱ་རྒྱུ་ཡོད་ན་སྐད་ཆ་དེར་ལྗིད་ཁོག་ཡོང་གི་རེད་ཅེས་བཤད། ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཟུར་པ་ཇཱེབ་མུན་གྱིས་ཀྱང་ཧིའུ་སི་ཊོན་གྲོང་ཁྱེར་གྱི་རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་ཏུ་བཅུག་པ་ནི་ཨ་མི་རི་ཀས་རྒྱ་ནག་གི་གསང་ཉུལ་རྣམས་རྩ་མེད་གཏོང་བའི་ཐབས་ཇུས་ངོ་མ་དེ་མ་རེད། གལ་སྲིད་རྒྱ་ནག་གི་དོན་གཅོད་ཁང་རྣམས་གསང་ཉུལ་གྱི་ལས་དོན་ལ་འབྲེལ་བ་ཡོད་ན་སན་ཧྥ་རན་སེ་སི་ཀོ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་དགོས། ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་གྱི་ལྟེ་གནས་ནི་སན་ཧྥ་རན་སེ་སི་ཀོའི་སི་ལི་ཁན་ལུང་གཤོང་དུ་ཆགས་ཡོད། རྒྱ་ནག་གི་དོན་གཅོད་ཁང་སྒོ་བརྒྱབ་པ་ནི་ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་ཁག་ལ་ནད་རྟགས་ཡོད་མེད་བརྟག་དཔྱད་གཟབ་ནན་དང་ཉི་མ་༡༤་ལ་ཟུར་འགོག་མ་བྱས་པར་རྒྱ་ནག་ལ་ཕྱིར་ལོག་བྱེད་དུ་འཇུག་གི་མེད་པར་ཨ་མི་རི་ཀས་ལན་པ་སློག་པ་ཡིན་སྲིད། ཝྭི་ཡ་ནའི་རྒྱལ་སྤྱིའི་ཕྱི་འབྲེལ་གྲོས་མཐུན་ཁོངས་སུ་ཕྱིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་མི་སྣ་ཚོར་བརྟག་དཔྱད་དང་ཟུར་འགོག་བྱེད་མི་ཆོག་ཅེས་བཀོད་ཡོད། ཨ་རིའི་ས་ཐོག་ཏུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁང་ཁག་ལ་བཀག་སྡོམ་གཏན་ནས་མེད་པས་རྒྱ་ནག་གིས་ཀྱང་ཨ་མི་རི་ཀའི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁང་ཁག་ལ་བཟང་ལན་གཅིག་མཚུངས་ཤིག་སློག་ཏུ་འཇུག་ཐབས་ཤིག་ཡིན་སྲིད་ཅེས་བཤད།།

XS
SM
MD
LG