ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིས་རྒྱ་ནག་གི་དོན་གཅོད་ཁང་ཞིག་སྒོ་རྒྱག་དགོས་པའི་བཀའ་བཏང་བ། 


ཧིའུ་སི་ཊོན་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གི་དོན་གཅོད་ཁང་། ༢༠༢༠།༧།༢༢
ཧིའུ་སི་ཊོན་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གི་དོན་གཅོད་ཁང་། ༢༠༢༠།༧།༢༢

༄༅།། དེ་རིང་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་ནུབ་དཀྱིལ་ཕྱོགས་སུ་ཆགས་པའི་ཧིའུ་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་དགོས། རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་ཏུ་འཇུག་དགོས་པའི་རྒྱུ་མཚན་ནི་ཨ་མི་རི་ཀའི་རིག་དངོས་བདག་དབང་ལ་སྲུང་སྐྱོབ་དང་ཨ་རིའི་སྤྱི་དམངས་སྒེར་གྱི་གནས་ཚུལ་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན། ཝྭི་ཡ་ནའི་རྒྱལ་སྤྱིའི་ཕྱི་འབྲེལ་གྱི་གྲོས་མཐུན་དེར་ཕྱི་འབྲེལ་མི་སྣ་ཚོས་ངེས་པར་དུ་གནས་ཚང་རྒྱལ་ཁབ་དེའི་ཁྲིམས་དང་སྒྲིག་གཞི་སོགས་ལ་བརྩི་སྲུང་བྱ་དགོས། ཕྱི་འབྲེལ་མི་སྣ་ཚོས་གནས་ཚང་རྒྱལ་ཁབ་དེའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་ཅེས་འཁོད་ཡོད། འོན་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཨ་མི་རི་ཀའི་བདག་དབང་ལ་བརྩི་མེད་དང་ཨ་རིའི་མི་དམངས་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་པར་ཨ་མི་རི་ཀས་ནམ་ཡང་བཟོད་སྒོམ་བྱེད་ཐབས་བྲལ། འདི་ནི་རྒྱ་ནག་གིས་ཨ་མི་རི་ཀར་ཚོང་ལས་དྲང་སྙོམས་ཤིག་གཉེར་གྱི་མེད་པ་དང་ཨ་མི་རི་ཀའི་ལས་རིགས་རྣམས་རྒྱ་ནག་གིས་རྐུ་འཁྱེར་བྱེད་ཀྱི་ཡོད་པར་ཨ་མི་རི་ཀས་བཟོད་སྒོམ་བྱེད་ཀྱི་མེད་པ་དང་གཅིག་མཚུངས་ཡིན། ཉི་མ་གསུམ་གྱི་ནང་ཚུད་དུ་ཨ་རིའི་ཊེཀ་སེ་སི་མངའ་སྡེའི་ཧིའུ་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་དགོས་ཞེས་བཀའ་བསྒྲགས།།

རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ཐག་གཅོད་དེར་ངོ་རྒོལ་དང་དེ་ལ་བསྐྱར་དུ་བསམ་ཞིབ་བྱ་དགོས། གལ་སྲིད་ཨ་མི་རི་ཀས་ཧིའུ་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་ཏུ་བཅུག་ན་རྒྱ་ནག་གིས་ཀྱང་ཨ་མི་རི་ཀར་ལན་པ་ཚུལ་བཞིན་སློག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིན་གྱིས་རྒྱ་ནག་གི་དོན་གཅོད་ཁང་གིས་རྒྱུན་ལྡན་གྱི་ལས་དོན་ཞིག་སྒྲུབ་ཀྱིན་ཡོད། ཨ་རིའི་གཞུང་གི་ཐག་གཅོད་འདི་སྔོན་ཆད་བྱུང་མྱོང་མེད་པ་ཞིག་དང་ཐག་གཅོད་ནོར་འཁྲུལ་ཅན་ཞིག་རེད། གལ་སྲིད་ཨ་མི་རི་ཀས་རང་གི་ཐག་གཅོད་དེ་ཕྱིར་འཐེན་མ་བྱས་པར་ལག་ལེན་བསྟར་ན་རྒྱ་ནག་གིས་ཀྱང་ལན་པ་ཞིག་སློག་དགོས་ཐུག་གི་རེད། ཧིའུ་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་དགོས་པའི་བཀའ་བཏང་བ་ནི་ཨ་མི་རི་ཀས་ཕྱོགས་གཅིག་རྐྱང་པས་རྒྱ་ནག་ལ་ཆབ་སྲིད་ཀྱི་འཁྲུག་རྩོད་སློང་གི་ཡོད་པ་ཞིག་མཚོན་ཐུབ། འདི་ནི་རྒྱལ་སྤྱིའི་ཁྲིམས་དང་གྲོས་མཐུན་གྱི་འབྲུ་དོན་ཁག ཕྱི་འབྲེལ་གྱི་གཞི་རྩའི་འགྲོ་སྟངས་བཅས་ལ་འགལ་འཛོལ་ཚབས་ཆེན་ཞིག་རེད་ཅེས་ངོ་རྒོལ་བྱས་འདུག

ཧིའུ་སི་ཊོན་གྲོང་ཁྱེར་གྱི་མེ་གསོད་ལས་ཁུངས་ཀྱི་འགན་འཛིན་ལས་རོགས་ལཱོ་ཟ་ནཱོས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ང་ཚོར་ཧིའུ་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་དུ་མེ་ལྕེ་འཕྱུར་གྱི་འདུག་ཅེས་བརྡ་འབྱོར་སོང་། ང་ཚོ་འཕྲལ་དུ་མེ་གསོད་དུ་བརྒྱུགས་ཀྱང་རྒྱ་ནག་གི་དོན་གཅོད་ཁང་ལ་ཡོང་དུ་བཅུག་མ་སོང་། རྒྱལ་སྤྱིའི་གྲོས་མཐུན་ལྟར་ཕྱི་རྒྱལ་གྱི་དོན་གཅོད་ཁང་དེས་ཆོག་མཆན་མེད་པར་གནས་ཚང་རྒྱལ་ཁབ་ཀྱི་མེ་གསོད་རུ་ཁག་གི་ལས་མི་རྣམས་དོན་གཅོད་ཁང་དེར་འགྲོ་ཆོག་གི་མི་འདུག ང་ཚོའི་མེ་གསོད་རུ་ཁག་གི་ལས་མི་རྣམས་རྒྱ་ནག་དོན་གཅོད་ཁང་གི་ཕྱི་ལོགས་སུ་བསྡད་ནས་མེ་སྐྱོན་གྱི་ཉེན་ཁ་མི་འདུག་ཅེས་ངེས་གཏན་མ་བྱས་བར་དུ་སྒུག་པ་ཡིན། རྒྱ་ནག་དོན་གཅོད་ཁང་གི་ནང་ལོགས་སུ་ཡིག་ཆ་མེར་སྲེག་བཏང་ཡོད་མེད་ཀྱི་གནས་ཚུལ་སོགས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འདྲི་རྩོད་བྱ་དགོས་ཞེས་གསར་འགོད་པའི་དྲི་བར་ལན་བཏབ། གཟའ་མིག་དམར་ཉིན་གྱི་ཕྱི་དྲོར་རྒྱ་ནག་དོན་གཅོད་ཁང་གི་ར་དཀྱིལ་དུ་ཤོག་གུ་མེར་སྲེག་བཏང་བ་དང་ཤོག་གུའི་འཚིག་དྲི་རྣམས་ཉེ་འཁོར་གྱི་ཨ་རི་བ་ཚོས་ཤེས་ཚོར་ཐུབ་འདུག ད་སྔ་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཧིའི་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་གིས་ཨ་མི་རི་ཀའི་རིག་གནས་ཀྱི་བདག་དབང་དང་སྤྱི་དམངས་སྒེར་གྱི་གནས་ཚུལ་ཅི་ཞིག་རྐུ་འཁྱེར་བྱས་ཡོད་མེད་འགྲེལ་བཤད་གསལ་པོ་ཞིག་བརྒྱབ་མེད་པ་རེད།།

རྒྱ་ནག་གཞུང་གིས་ཨ་མི་རི་ཀས་རྒྱ་ནག་གི་སྤྱི་ཚོགས་ལམ་ལུགས་ནག་པོ་ཞིག་ལ་བསྒྱུར་པར་ཉེས་སྐྱོན་ཐམས་ཅད་རྒྱ་ནག་གི་ཐོག་ཏུ་གཡོགས་ཀྱི་འདུག ཨ་མི་རི་ཀས་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཁག་དང་དོན་གཅོད་ཁང་གི་ལས་བྱེད་པ་ཚོར་སུན་གཙེར། རྒྱ་ནག་གི་སློབ་ཕྲུག་ཚོར་འདྲི་གཅོད་བྱས་ནས་སྒེར་གྱི་གློག་ཆས་རྣམས་གཞུང་བཞེས་གཏོང་གི་འདུག ཐ་ན་རྒྱུ་མཚན་བཤད་རྒྱུ་མེད་པར་རྒྱ་ནག་གི་སློབ་ཕྲུག་ཁག་ཅིག་བཀག་ཉར་བྱེད་ཀྱི་ཡོད་པའི་གནས་ཚུལ་འབྱུང་གི་འདུག འོན་ཀྱང་རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་བཞིན་ཡོད། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་དང་རྒྱལ་ཁབ་གཞན་གྱི་ལས་དོན་ལ་ལྐོག་ཇུས་གཤོམ་རྒྱུ་ནི་རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས་ཀྱི་རིགས་རྫས་སུ་གྲུབ་མེད་ཅེས་བཤད། ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་གིས་རྒྱ་ནག་གི་སློབ་ཕྲུག་དང་ཚོང་པ། ཡུལ་སྐོར་སྤྲོ་འཆམ་པ་དང་ཆེད་ལས་པ་སོགས་ཀྱི་གྲས་སུ་གསང་ཉུལ་སྟོང་ཕྲག་མང་པོ་ཡོད་པར་མ་ཟད། རྒྱ་ནག་གིས་ཨ་རིའི་སློབ་ཆེན་ཁག་གི་ཉམས་ཞིབ་པ་དང་སློབ་དཔོན་ཚོར་དངུལ་སྒོར་སྤྲད་ནས་ཨ་མི་རི་ཀའི་ཚན་རིག་དང་འཕྲུལ་རིག གསོ་སྤྱད་དང་རྫས་འགྱུར་སོགས་ཀྱི་ཞིབ་འཇུག་གི་རྙེད་དོན་རྣམས། ཨ་རིའི་དཔལ་འབྱོར་དང་ཚོང་ལས། དམག་དོན་སོགས་ཀྱི་གསང་བའི་གནས་ཚུལ་རྣམས་རྒྱ་ནག་ལ་མཁོ་སྤྲོད་བྱེད་དུ་འཇུག་གི་ཡོད་པ་ར་སྤྲོད་བྱུང་ཡོད་པ་རེད།།

སྔ་ལོ་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཧ་ཅང་སྡུག་ཏུ་སོང་། ད་ལྟ་ཕྱོགས་གཉིས་ཀྱི་ཚོང་ལས་དང་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་རིམས་ནད་ཀྱིས་ཨ་རིའི་ལོ་རྒྱུས་སུ་འབྱུང་དཀོན་པའི་དཀའ་ངལ་ཆེན་པོ་ཞིག་སྤྲོད་ཀྱི་ཡོད་པ། རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ནས་མངའ་ཁུལ་དེའི་རང་སྐྱོང་གི་ཐོབ་ཐང་མེད་པར་བཏང་བ། རྒྱ་ནག་གིས་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བར་ཨ་རིས་སྐྱོན་བརྗོད། ཨ་རིའི་གཞུང་གིས་བོད་དོན་དང་ཐེ་ཝན་ལ་རྒྱབ་སྐྱོར། རྒྱ་ནག་གིས་ཤར་རྒྱ་ནག་རྒྱ་མཚོ་དང་ལྷོ་རྒྱ་ནག་རྒྱ་ནག་རྒྱ་མཚོ་བཅས་སུ་མངའ་ཁོངས་རྒྱ་སྐྱེད་བྱས་ནས་ཉི་ཧོང་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་འཁྲུག་རྩོད་སློང་གི་ཡོད་པ། ཟླ་བ་སྔོན་མར་རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་ཁག་ནས་རྒྱ་ནག་ལ་འཁྲུག་རྩོད་བསླངས་ནས་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་བ། རྒྱ་ནག་གཞུང་གིས་པེ་ཅིང་སོགས་སུ་བཅའ་སྡོད་ཨ་རིའི་གསར་འགོད་པ་རྣམས་ཕྱིར་ཕུད་བྱས་པའམ། ཡང་ན་ཨ་རིའི་གསར་འགོད་པ་ཚོར་ཆེད་ལས་གཉེར་ཆོག་པའི་ཐོངས་མཆན་ཕར་འགྱངས་བྱེད་ཀྱི་མེད་པ། དེ་ནས་ཨ་མི་རི་ཀས་རང་གི་ས་ཐོག་ཏུ་གནས་འཁོད་རྒྱ་ནག་གི་གསར་འགོད་པའི་གྲངས་འབོར་ཉུང་དུ་བཏང་བ་དང་རྒྱ་ནག་གི་གསར་འགོད་པ་ཚོར་དུས་ཡུན་ཟླ་བ་གསུམ་གྱི་ཐོངས་མཆན་ལས་སྤྲོད་རྒྱུ་མིན་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་པས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཧ་ཅང་སྡུག་ཏུ་ཕྱིན་འདུག

ད་ལྟ་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་ནས་མི་ས་ཡ་༤་ཙམ་ལ་ནད་དུག་འགོས་པ་དང་མི་འབུམ་༡་དང་ཕྱེད་མ་ཟིན་ཙམ་ལ་འཆི་སྐྱོན་བྱུང་བ། དུས་ཡུན་ཟླ་བ་ལྔའི་རྗེས་སུའང་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་མ་འཇོམས་པར་སླར་ཡང་ཁབ་གདལ་ཚབས་ཆེན་ཞིག་འགྲོ་བཞིན་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གིས་སྦས་གསང་བྱས་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པ་རེད། ལོ་འདིའི་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་རྒྱ་ནག་ཡིན་པ་དང་གོ་ལ་ཧྲིལ་པོར་ཏོག་དབྱིབས་རིམས་ནད་ཁྱབ་པའི་ལན་ཁག་རྒྱ་ནག་ལ་ཡོད་ཅེས་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་ཅིང་། ལོ་འདིའི་ཕྱི་ཟླ་༡༡་པར་ཨ་མི་རི་ཀར་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་འོས་འདེམས་བྱ་དགོས་པས་སྲིད་འཛིན་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་ཡོང་མི་ཐུབ་པའི་ཉེན་ཁ་ཆེ་བ། ཨ་མི་རི་ཀའི་མི་མང་འོས་ཤོག་འཕེན་མཁན་མང་ཆེ་བས་སྲིད་འཛིན་ཌོ་ནལ་ཊམ་ལ་ཏོག་དབྱིབས་རིམས་ནད་སྔོན་འགོག་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ། ཨ་མི་རི་ཀའི་མི་མང་ལས་ཤོར་པའི་དཀའ་ངལ་སེལ་ཐུབ་རྒྱུའི་འཇོན་ཐང་མི་འདུག་ཅེས་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་སོང་། དེས་ན་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་ཐོག་ཏུ་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་རྒྱུ་ཤུགས་ཆེ་རུ་བཏང་འདུག གཟའ་འཁོར་འདིར་ཡུ་རོབ་ལ་འཚམས་འདྲིར་ཕེབས་ཡོད་པའི་ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གི་ཆབ་སྲིད་ལྟ་བ་མི་མཐུན་པ་ཚོར་ཐུག་འཕྲད་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་དགོས། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱབ་སྐྱོར་ཡོད་པའི་བཟོ་ཚོང་ལས་ཁང་ཁག་ནུབ་ཕྱོགས་ཀྱི་རང་དབང་དང་དམངས་གཙོ། སྤྱི་ཚོགས་ལམ་ལུགས་བཅས་ལ་ཉེན་ཁ་ཆེན་པོ་ཞིག་ཡིན་པ་ར་སྤྲོད་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG