ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

འབྲུག་ཡུལ་དང་རྒྱ་ནག་གི་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན།


༄༅།། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་རྒྱ་ནག་དང་འབྲུག་གཞུང་གིས་ས་མཚམས་ཀྱི་གྲོས་མོལ་ལ་ཤུགས་སྣོན་རྒྱག་དགོས་ཞེས་གོམ་སྟབས་གསུམ་གྱི་ལམ་སྟོན་ཞེས་པའི་གྲོས་མཐུན་དོན་ཚན་གསུམ་ཅན་ཞིག་མིང་རྟགས་བཀོད། རྒྱ་ནག་གིས་ཐིམ་བུ་དང་པེ་ཅིང་གི་འབྲེལ་བ་ཡར་རྒྱས་འགྲོ་ཐུབ་ཀྱི་མེད་པའི་འགག་རྩ་ནི་རྒྱ་གར་གྱིས་འགལ་ཟླ་བསླངས་ནས་བྱུང་བ་རེད་ཅེས་སྐྱོན་བཙུགས། ཕྱི་ཟླ་༡༠་པའི་ཚེས་༡༩་ཉིན་རྒྱ་གར་གྱི་དཔར་སྐྲུན་དྲྭ་ལམ་གསར་འགྱུར་ནང་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་འབྲུག་ཡུལ་ལ་ས་མཚམས་ཀྱི་གྲོས་མོལ་བྱེད་པར་གོམ་སྟབས་གསུམ་གྱི་ལམ་སྟོན་ཞེས་པའི་གྲོས་མཐུན་ཞིག་འཇོག་ཐུབ་ཡོད་པ་ནི་རྒྱ་ནག་ལ་རྒྱལ་ཁ་དང་རྒྱ་གར་ལ་ཕམ་ཉེས་ཤིག་རེད་ཅེས་གནས་ཚུལ་སྤེལ་རུང་གྲོས་མཐུན་དེའི་ཞིབ་ཆ་ཅི་ཡང་ཕྱིར་བསྒྲགས་བྱས་མི་འདུག རྒྱ་འབྲུག་གཉིས་ཀྱིས་ཕྱི་ཟླ་༡༠་པའི་ཚེས་༡༤་ཉིན་མིང་རྟགས་བཀོད་པའི་གྲོས་མཐུན་དེར་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་ཞེས་མིང་བཏགས་ཡོད་ཅིང་། གྲོས་མཐུན་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་འབྲུག་གཉིས་ཀྱི་ས་མཚམས་གྲོས་མོལ་མྱུར་དུ་བྱ་རྒྱུ། ཕྱོགས་གཉིས་ཀར་ས་མཚམས་ཀྱི་རྩོད་གཞི་ཡོད་པ་རྣམས་འཕྲལ་དུ་ཐག་གཅོད་བྱ་རྒྱུའི་དམིགས་ཡུལ་ཡིན་པ་འདྲ། གྲོས་མཐུན་འདི་ཐོག་མར་ལོ་མང་གོང་དུ་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་དང་འབྲུག་གི་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེ་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་དེ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་སྲིད་བློན་མོ་དྷིའི་གཞུང་གིས་འབྲུག་ཡུལ་ལ་ངན་སྐུལ་བྱས་ནས་རྒྱ་ནག་དགྲ་ཟླར་འཛིན་དུ་བཅུག་ཀྱང་འབྲུག་ཡུལ་ལ་རྒྱ་གར་ལྟར་རྒྱ་ནག་ཉེན་ཁ་ཅན་ཞིག་ཏུ་ངོས་འཛིན་བྱེད་འདོད་མེད་པའི་རྣམ་པ་ཐོན་པའི་གནས་ཚུལ་སྤེལ་འདུག་ཅེས་གྲོས་མཐུན་དེར་ཁྱད་གསོད་ཀྱི་དཔྱད་བརྗོད་སྤེལ།།

འབྲུག་གི་སྲིད་བློན་གྱིས་རྒྱ་གར་ལ་འཚམས་གཟིགས།
འབྲུག་གི་སྲིད་བློན་གྱིས་རྒྱ་གར་ལ་འཚམས་གཟིགས།

ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འབྲུག་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་རྒྱ་འབྲུག་གཉིས་ཀྱི་གྲོས་མཐུན་དེས་ས་མཚམས་ཀྱི་གྲོས་མོལ་ལ་ངར་ཤུགས་གསར་པ་ཞིག་བྱིན་ནས་གཉིས་མོས་དང་དོན་ཕན་ལྡན་པའི་མཇུག་འབྲས་ཤིག་སྨིན་ཐུབ་པའི་དགེ་མཚན་ཡོད་ཅེས་བསྒྲགས། རྒྱ་ནག་གི་ཆིང་ཧྭ་སློབ་གྲྭ་ཆེན་མོའི་རྒྱལ་ཡོངས་འཐབ་ཇུས་ཞིབ་འཇུག་ཁང་གི་འགན་འཛིན་ཆན་ཧྥེང་གིས་རྒྱ་འབྲུག་ཟུང་གི་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་ཁོངས་སུ་རྩོད་གཞི་བྱེ་བྲག་པ་རྣམས་ངེས་བཟུང་དང་ཕན་ཚུན་བཀྲ་ཁ་བརྗེ་རེས། དེ་ནས་ཐག་གཅོད་ཀྱི་ཐབས་ལམ་འཚོལ་རྒྱུ་སོགས་གོ་རིམ་ཞིག་བསྒྲིགས་ཡོད་སྲིད་པ་རེད། གྲོས་མཐུན་འདི་རྒྱ་གར་དང་ཨ་མི་རི་ཀ ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྟག་ཏུ་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འཁྲུག་རྩོད་བསླངས་ནས་ཞི་བདེ་བརྟན་ལྷིང་མེད་པར་གཏོང་གི་འདུག་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་འགོག་ཐབས། ལྷག་པར་དུ་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་མཛའ་འབྲེལ་ཞིག་འཛིན་གྱི་ཡོད་པར་འགྱུར་བ་མེད་ཅེས་རྒྱ་གར་ལ་སྟོན་ཐབས་བྱེད་ཀྱི་ཡོད་པ་ཞིག་རེད་ཅེས་བསྟན། དེ་བཞིན་ཧྥུ་ཏན་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་སློབ་གླིང་གི་སློབ་དཔོན་ལིན་མིན་ཝང་གིས་ཀྱང་འབྲུག་ཡུལ་གྱིས་རྒྱ་ནག་ལ་ས་མཚམས་ཀྱི་གནད་དོན་ཐོག་ཏུ་གྲོས་མོལ་བྱས་ནས་རྒྱ་གར་ལ་ཉམས་ཚོད་ལེན་གྱི་ཡོད་ཤས་ཆེ། གལ་སྲིད་རྒྱ་གར་གྱིས་ཐེ་ཇུས་བྱེད་ཀྱི་མེད་པ་ཡིན་ན་རྒྱ་འབྲུག་གཉིས་ཀྱིས་སྔ་མོ་ནས་ས་མཚམས་ཀྱི་རྩོད་གཞི་རྣམས་ཐག་བཅད་ནས་གྲོས་མཐུན་ཞིག་བཞག་ཚར་ཡོད་ངེས་རེད། གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་འདིས་འབྲུག་གཞུང་གིས་ས་མཚམས་ཀྱི་གནད་དོན་ཁག་ཐག་གཅོད་བྱ་རྒྱུ་གནད་འགག་ཆེན་པོ་ཡིན། འབྲུག་ཡུལ་རྒྱ་གར་གྱི་ཚོད་འཛིན་འོག་ཏུ་གནས་ཐབས་མེད་པའི་རྣམ་འགྱུར་གསལ་པོར་བསྟན་པ་རེད། རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་རིམ་པའི་གྲོས་མོལ་ཐེངས་༡༣་པར་གྲུབ་འབྲས་ཐོན་མེད་པས་རྒྱ་ནག་གིས་འབྲུག་ཡུལ་ས་མཚམས་ཀྱི་གྲོས་མོལ་བྱས་ནས་རྒྱ་གར་ལ་གནོན་ཤུགས་སྤྲོད་རྒྱུ། འབྲུག་ཡུལ་ལ་ས་མཚམས་ཀྱི་གྲོས་མོལ་བྱས་པའི་ཞོར་དུ་རྒྱ་དཀར་ནག་གིས་ཀྱང་ས་མཚམས་ཀྱི་རྩོད་གཞི་རྣམས་ཐག་གཅོད་བྱེད་ཐུབ་པའི་ཐབས་ཇུས་ཤིག་རེད་ཅེས་བཀྲལ།།

རྒྱ་གར་གྱི་ཊི་རི་བྷུན་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། ༡༩༨༤་ནས་རྒྱ་འབྲུག་གཉིས་ཀྱིས་གྲོས་མོལ་ལན་མང་བྱས་ཀྱང་ས་མཚམས་ཀྱི་རྩོད་གཞི་རྣམས་ཐག་མ་ཆོད། རྒྱ་དཀར་ནག་གི་ཚོང་འབྲེལ་ཡར་རྒྱས་ཕྱིན་ནས་འབྲེལ་བ་ཡག་ཏུ་སོང་བའི་སྟབས་ཀྱིས་འབྲུག་ཡུལ་ཡང་དེའི་ཞོར་དུ་ཞི་བདེར་འཁོད་ཐུབ་པ་བྱུང་ཡོད། རྒྱ་ནག་གིས་འབྲུག་ཡུལ་ལ་ལོ་མང་རིང་ས་མཚམས་ཀྱི་རྩོད་གཞི་ཁག་ལ་གྲོས་མོལ་བྱ་དགོས་ཞེས་གྲོས་མགོ་ཐེངས་འགའ་ཞིག་བཏོན་ཡང་འབྲུག་གཞུང་གིས་དེ་ལ་སྣང་མེད་བྱས་ནས་བཞག་པ་རེད། ད་ལྟ་རྒྱ་དཀར་ནག་གི་འབྲེལ་བ་སྡུག་ཏུ་སོང་སྟེ་ཆབ་སྲིད་དང་བདེ་འཇགས་ཀྱི་ཉེན་ཁ་ཆེ་རུ་འགྲོ་བཞིན་པའི་རྐྱེན་གྱིས་རྒྱ་འབྲུག་གཉིས་ཀས་ས་མཚམས་ལ་གྲོས་མོལ་བྱ་རྒྱུའི་གྲོས་མཐུན་བཞག་པའི་གསལ་བསྒྲགས་སྤེལ་བ་རེད། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་འབྲུག་ཡུལ་ལ་ཉེན་བརྡ་སོགས་དེ་ཙམ་བཏང་མེད་པ་དང་རྒྱ་འབྲུག་གཉིས་ཀྱིས་གྲོས་མོལ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་འདུག རྒྱ་འབྲུག་གཉིས་ཀྱིས་ས་མཚམས་གྲོས་མོལ་བྱ་རྒྱུའི་ཐག་གཅོད་བྱུང་ཡང་རྒྱ་དཀར་ནག་གི་ས་མཚམས་གྲོས་མོལ་ལ་གྲུབ་འབྲས་མ་ཐོན་པར་འགག་ཡོད་པ་ནི་ཐབས་རྡུགས་ཤིག་རེད། རྒྱ་འབྲུག་གཉིས་ཀྱི་ཐུན་མོང་གི་གསར་འགོད་གསལ་བསྒྲགས་འདི་གློ་བུར་དུ་བྱུང་བ་ཞིག་ལ་མཐོང་གི་ཡོད་སྲིད་ཀྱང་དོན་དངོས་སུ་ཁ་སྔོན་ཕྱི་ཟླ་༤་པ་ནས་འབྲུག་གཞུང་གིས་རྒྱ་ནག་ལ་གྲོས་མོལ་བྱས་ནས་ས་མཚམས་ཀྱི་རྩོད་གཞི་རྣམས་ཐག་གཅོད་ཡོང་ཐབས་ཀྱི་འབད་བརྩོན་བྱས་འདུག རྒྱ་ནག་ལ་གྲོས་མོལ་བྱས་ནས་ས་མཚམས་ཀྱི་རྩོད་གཞི་དེ་ཚོར་མཐའ་མའི་ཐག་གཅོད་ཐུབ་རྒྱུར་ལོ་བཅུ་ཕྲག་མང་པོ་འགོ་སྲིད། དེའི་བར་དུ་འགྱུར་བ་མང་པོ་ཞིག་ཐེབས་སྲིད་ཀྱང་འབྲུག་ཡུལ་གྱིས་རང་གི་བདག་དབང་བཀོལ་སྤྱོད་བྱས་ནས་རྒྱ་ནག་ལ་གྲོས་མོལ་བྱས་པ་ནི་ལྡི་ལི་གསར་པས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་རང་དབང་དང་གུ་ཡངས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་ལྟ་གྲུབ་ཅིག་བཏོན་པར་བྷང་ག་ལ་དང་སིངྒ་ལ་གཉིས་མཉམ་ཞུགས་བྱ་རྒྱུ་མིན་པའི་ཐག་གཅོད་བྱུང་བའི་གཞུག་ཏུ་བྱུང་བ་རེད་ཅེས་གནས་ཚུལ་སྤེལ་འདུག

འབྲུག་ཡུལ་དང་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་བོད་གཉིས་ལ་སྤྱི་ལེ་༤༠༠་ལྷག་གི་ས་མཚམས་ཡོད་པར་མ་ཟད། རྒྱ་ནག་གིས་ཕྱི་འབྲེལ་བཙུགས་མེད་པའི་ཁྱིམ་མཚེས་རྒྱལ་ཁབ་འབའ་ཞིག་དེ་ཡིན་ཞིང་། ༢༠༡༧་ལོར་འབྲོག་ལམ་ས་ཁུལ་བརྩད་ནས་རྒྱ་དཀར་ནག་གཉིས་ཀས་ཉི་མ་༧༣་ལ་བོད་དང་འབྲས་ལྗོངས། འབྲུག་ཡུལ་བཅས་ཕྱོགས་གསུམ་འདྲེས་མཚམས་སུ་དམག་འཁྲུག་གི་གྲ་སྒྲིག་བྱས་ནས་བསྡད། འབྲུག་པའི་གཞུང་གིས་འབྲོག་ལམ་ས་ཁུལ་ནི་འབྲུག་ཡུལ་གྱི་མངའ་ཁོངས་ཡིན་ཞེས་རྩོད་པ་རྒྱག་གི་ཡོད་པར་རྒྱ་གར་གྱི་རྒྱབ་སྐྱོར་ཐོབ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གྲོས་མཐུན་དེའི་དམིགས་ཡུལ་ནི་ས་མཚམས་དབྱེ་འབྱེད་དང་ས་ཐིག་འཐེན་རྒྱུ། རྒྱ་འབྲུག་ཕྱོགས་གཉིས་ཀྱི་འབྲེལ་བ་སྲ་བརྟན་གཏོང་རྒྱུའི་ཆེད་དུ་ཡིན་ཞེས་གསལ་བསྒྲགས་སྤེལ། རྒྱ་གར་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་སུན་ཝེ་ཏུང་དང་རྒྱ་གར་དུ་བཅའ་སྡོད་འབྲུག་ཡུལ་གྱི་གཞུང་ཚབ་པ་ཝྭེ་ཚོབ་རྣམ་རྒྱལ་གཉིས་དྲྭ་ལམ་དུ་ལྷན་འཛོམ་བྱུང་སྟེ་སུང་ཝེ་ཏུང་གིས་རྒྱ་འབྲུག་གཉིས་ནི་རི་ཆུ་ལུང་གསུམ་གྱིས་སྦྲེལ་ཏེ་སྔ་མོ་ནས་མཛའ་འབྲེལ་གྱི་ལོ་རྒྱུས་རིང་པོ་ཡོད། ད་ཐེངས་ཀྱི་གྲོས་མཐུན་འདིས་ཕྱོགས་གཉིས་ཀྱི་ས་མཚམས་ཁག་ཏུ་རྩོད་གཞི་ཡོང་གི་ཡོད་པ་རྣམས་མྱུར་དུ་ཐག་གཅོད་བྱེད་ཐུབ་པའི་རེ་བ་ཡོད་ཅེས་གཏམ་བྱས་པ་གསར་འགོད་པ་ཚོས་ལུང་འདྲེན་བྱས་འདུག

སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་འབྲུག་ཡུལ་ས་མཚམས་ཀྱི་གྲོས་མོལ་བྱེད་ཀྱི་ཡོད་པ་རྒྱ་དཀར་ནག་གི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པ་དང་ཉེ་ཆར་ཕྱི་ཟླ་༡༠་པའི་ཚེས་༡༣་ཉིན་རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཨ་རུ་ན་ཅལ་མངའ་སྡེར་གཟིགས་ཞིབ་ཏུ་ཕེབས་པ་སོགས་ལ་འབྲེལ་བ་འདུག་ཅེས་བཤད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ང་ཚོས་ནམ་ཡང་ཨ་རུ་ན་ཅལ་ཟེར་བའི་མངའ་སྡེ་ཞིག་ངོས་ལེན་བྱེད་མི་ཐུབ། དེ་ནི་རྒྱ་གར་གཞུང་གིས་བོད་ཀྱི་ལྷོ་ཕྱོགས་སུ་ཁྲིམས་འགལ་དང་རང་མོས་ཀྱིས་བཙུགས་པའི་མངའ་སྡེ་ཞིག་རེད་ཅེས་རྒྱ་གར་གྱི་སྲིད་འཛིན་གཞོན་པའི་གཟིགས་ཞིབ་ལ་སྐྱོན་བརྗོད་བྱས་འདུག མི་དམངས་བཅིངས་འགྲོལ་དམག་གི་རྒྱལ་སྲུང་སློབ་གྲྭ་ཆེན་མོའི་སློབ་དཔོན་ཟུར་པ་ཆུ་དབྱང་ཝེ་ཞེས་པ་ཞིག་གིས་སྔ་ལོ་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གཉིས་འཁྲུག་རྩོད་བྱུང་བར་གཞིགས་ཚེ། རྒྱ་དཀར་ནག་ས་མཚམས་ལ་རྒྱ་ནག་གིས་སྲུང་སྐྱོབ་བྱ་རྒྱུ་གཙིགས་སུ་འཛིན་དགོས། དེ་ནི་ཧ་ཅང་གི་གནད་འགག་ཆེན་པོ་རེད་ཅེས་བཤད་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG