ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ལིང་ཅི་ཧྭ་ལ་དངོས་སུ་ཉེས་འཛུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་གཞུང་གི་ཁྲིམས་སྦྱོར་པས་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་ཡི་དུས་སྐབས་ཀྱི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཟུར་པ་ལིང་ཅི་ཧྭ་ལ་དངོས་སུ་ལྐོག་ཟ་བྱས་པ་དང་དབང་ཆ་བེད་སྤྱོད་ལོག་པ་བཏང་བ། ཁོ་པས་རིང་གི་དགའ་ཉེ་གྲོགས་པོ་སོགས་ལ་ཁེ་ཕན་སྤྲད་ཡོད། ལིང་ཅི་ཧྭས་ཁྲིམས་འགལ་ཐོག་ཏུ་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ལྐོག་འཁྱེར་བྱས་ཏེ། རྒྱལ་ཁབ་ཀྱི་ཁྲིམས་ལ་འགལ་འཛོལ་བྱུང་བ་ཧ་ཅང་གི་ཚབས་ཆེན་ཞིག་ཡིན་ཞེས་གཞུང་གི་བརྙན་འཕྲིན་ཐོག་ཏུ་ཁྱབ་བསྒྲགས་བྱས་འདུག རྒྱ་གཞུང་གི་ཁྲིམས་སྦྱོར་པས་ལིང་ཅི་ཧྭ་རྒྱལ་ས་པེ་ཅིང་གི་ཉེ་འཁྲིས་སུ་ཡོད་པའི་ཤར་ཕྱོགས་མཚོ་ཁའི་གྲོང་ཁྱེར་ཐེན་ཅིན་མི་དམངས་ཁྲིམས་ཁང་ལ་གཏུགས་ཡོད་པ་དང་། ཉམས་ཞིབ་པ་ཚོས་ཐེན་ཅིན་མི་དམངས་ཁྲིམས་ཁང་གིས་ལིང་ཅི་ཧྭ་ལ་ཁྲིམས་བཤེར་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ལིང་ཅི་ཧྭ་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་ལ་འབྲེལ་བ་དམ་ཟབ་ཡོད་ཀྱང་༢༠༡༢་ལོར་ལིང་ཅི་ཧྭའི་བུ་རླངས་འཁོར་རྡུང་ག་བརྒྱབ་ནས་འཆི་སྐྱོན་བྱུང་ཡོད། དེར་བརྟེན་ལོ་དེའི་ཕྱི་ཟླ་༩་ནང་རྒྱ་ནག་གཞུང་གིས་ལིང་ཅི་ཧྭ་གོ་གནས་ཕབ་པ་དང་༢༠༡༤་ནས་རྒྱ་ནག་གཞུང་གིས་ལིང་ཅི་ཧྭ་ལ་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས་ཏེ། ན་ནིང་ཕྱི་ཟླ་༧་ནང་རྒྱ་ནག་གཞུང་གིས་ལིང་ཅི་ཧྭ་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་འདུག རྒྱ་ནག་དང་བོད་ནང་གི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཁག་ལ་གནས་ཚུལ་ཐོན་པ་ལྟར་ན་ལིང་ཅི་ཧྭའི་བུ་རླངས་འཁོར་བརྡབ་སྐྱོན་བྱུང་བའི་དུས་སུ་རླངས་འཁོར་ནང་དུ་བོད་པའི་བུ་མོ་གཉིས་མཉམ་དུ་ཡོད་པ་དང་། བུ་མོ་གཉིས་ཀ་ལུས་པོ་ཕལ་ཆེ་བ་དམར་ཧྲེང་ཡིན་པ་མ་ཟད། བུ་མོ་གཅིག་རླངས་འཁོར་བརྡབ་སྐྱོན་སྐབས་སུ་འཕྲལ་དུ་འདས་གྲོངས་སུ་གྱུར་པ་དང་བུ་མོ་གཞན་པ་དེར་རྨས་སྐྱོན་ཚབས་ཆེན་ཕོག་ནས་སྨན་ཁང་དུ་འཁྱེར་ཀྱང་ཕྱིས་སུ་བུ་མོ་དེ་སྨན་ཁང་ནང་དུ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་ཡོད། མི་ཚོས་བུ་མོ་དེས་ལིང་ཅི་ཧྭའི་བུས་ཁྲིམས་འགལ་ཅི་ཞིག་བྱས་ཡོད་པ་རྣམས་ཐེར་འདོན་བྱ་སྲིད་པ་འགོག་ཐབས་སུ་སྨན་ཁང་ནང་དུ་བུ་མོ་དེར་དུག་ཁབ་བརྒྱབ་ནས་བསད་ཡོད་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་པ་དང་། ལིང་ཅི་ཧྭས་འཕྲལ་དུ་རང་གི་གྲོགས་པོ་ཞིག་བརྒྱུད་ནས་བོད་པའི་བུ་མོ་དེ་དག་གི་ཕ་མ་ཚོར་མི་དམངས་ཤོག་སྒོར་ཁྲི་ཚོ་མང་པོ་སྤྲད་ནས་ཁ་བཀག་ཡོད་པའི་གླེང་རྒྱུན་ཞིག་ཁྱབ་ཡོད། ཡིན་ནའང་དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་ལིང་ཅི་ཧྭ་ལ་ནག་ཉེས་བཙུགས་པའི་ཡིག་ཆའི་ནང་དུ་གོང་གི་གནས་ཚུལ་དེ་ཚོ་གཅིག་ཀྱང་འཁོད་མེད་པ་དང་། རྒྱ་ནག་གཞུང་གིས་ལིང་ཅི་ཧྭས་ལྐོག་ཟ་བྱས་པ་དང་དབང་ཆ་བེད་སྤྱོད་ལོག་པ་བཏང་བ། ཁོ་པས་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ལྐོག་འཁྱེར་བྱས་ནས་རྒྱ་ནག་དམར་ཤོག་པར་ནག་ཐིག་ཆེན་པོ་ཞིག་ཕབ་སོང་ཞེས་བཤད་མོད། འོན་ཀྱང་ལིང་ཅི་ཧྭ་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། ཁོ་པས་སྔོན་ཆད་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཀྱི་གོ་གནས་བཟུང་མྱོང་ཡོད་པས། རྒྱ་ནག་གཞུང་གིས་ལིང་ཅི་ཧྭའི་གནད་དོན་དེ་ཉིད་ཐག་གཅོད་ཇི་ལྟར་བྱ་དགོས་མིན་སྟབས་བདེ་བོ་མ་བྱུང་བར་ཡུན་རིང་ལུས་པ་རེད་ཅེས་སྐད་ཆ་ཞིག་སྒྲོགས་ཀྱི་ཡོད་པ་རེད།།

XS
SM
MD
LG