ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་རང་སྐྱོང་ལྗོངས་སུ་གུང་ཁྲན་ཏང་ལ་དགའ་ཞེན་གྱི་བྱེད་སྒོ་སྤེལ།


༄༅།། ཕྱི་ཟླ་༥་ཚེས་༡་གི་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཉིན་ནས་མགོ་འཛུགས་ཀྱིས་རྒྱ་ནག་གཞུང་གིས་ལོ་ལྟར་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་འགའ་ཞིག་ལ་ཕྱི་ཟླ་༧་པའི་ཚེས་༡་ཉིན་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་པའི་དུས་ཆེན་ལ་རྒྱ་ནག་གི་རྒྱལ་གླུ་བློ་རྒྱུགས་ལེན་པ་དང་ཏང་ལ་བསྟོད་བསྔགས་ཀྱི་གཞས་སྣ་ལེན་དགོས་པ། གཏམ་བཤད་རྒྱུགས་སྤྲོད་བཅས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་པ་རེད་ཅེས་མིང་དངོས་སུ་བརྗོད་འདོད་མེད་པའི་མི་སྣ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་འདུག ཁོང་གིས་ད་ལྟ་སྔོན་དང་མི་འདྲ་བར་ནད་ཡམས་ལ་དོགས་ཟོན་བྱེད་དགོས་པའི་སྐབས་ཡིན་རུང་ཕྱི་ཟླ་༤་པ་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁོངས་ཀྱི་གྲོང་གསེབ་ཁག་ཏུ་བོད་པའི་ཁྱིམ་ཚང་ཁག་ལ་མིའི་ཆ་རྐྱེན་དང་འདོད་པ་ཡོད་མེད་ལ་མ་ལྟོས་པར་བཙན་གྱིས་རྒྱ་ནག་གི་རྒྱལ་གླུ་རྒྱུགས་སྤྲོད་དང་རྒྱ་ནག་དམར་ཤོག་གཞུང་ལ་བསྟོད་བསྔགས་ཀྱི་གླུ་གཞས་སྦྱོང་བརྡར་གྱི་ལས་འགུལ་སྤེལ་བཞིན་པ་རེད། འགྲན་སྡུར་དེ་འདྲ་ལོ་ལྟར་ཚུགས་ཀྱི་ཡོད་པ་དང་འགྲན་སྡུར་སྐབས་སུ་གླུ་རྒྱུགས་ཡག་པོ་འཕྲོད་མཁན་ཚོར་བྱ་དགའ་ཐོབ། གལ་སྲིད་གླུ་གཞས་སྦྱོང་བརྡར་ལ་ཆད་ན་རྒྱ་སྒོར་༡༠༠་ལྷག་ཆད་པ་གཅོད་ཀྱི་འདུག འཚོ་བའི་ཆ་རྐྱེན་ཞན་པའི་ཁྱིམ་ཚང་ཁག་ལ་དཀའ་ངལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་བྱས་འདུག

ལྷ་སའི་ཆུ་ཤུལ་གྱི་སྣེའུ་ཁུལ་དུ་གནས་སྤོས་བྱས་པའི་མི་སྣ་ཞིག་གིས་བརྗོད་པ་ལྟར་ན། ལྷ་ས་ཆུ་ཤུལ་ནས་སྣེ་འུར་གནས་སྤོས་བྱས་པའི་གྲོང་མི་ཚོས་ཕྱི་ཟླ་༧་པའི་ཚེས་༡་ཉིན་གུང་ཁྲན་ཏང་གི་བཀའ་དྲིན་འོག་འཚོ་བ་ཡར་རྒྱས་ཕྱིན་པའི་འཁྲབ་སྟོན་བྱེད་དགོས་ཀྱི་འདུག དེའི་ཆེད་དུ་རྒྱལ་གླུ་བློ་འཛིན་དང་གུང་ཁྲན་ཏང་ལ་བསྟོད་བསྔགས་ཀྱི་ཁྲབ་སྟོན་སྦྱོང་བརྡར་ཁག་ལ་ཞུག་དགོས་ཞེས་གྲོང་ཚོའི་འགོ་ཁྲིད་ཚོ་བརྒྱུད་ནས་བཙན་བཀའ་ཕབ་སོང་། ན་ནིང་ཡང་དེ་ལྟར་བྱས་ཡོད་པ་རེད། སྐབས་དེར་གཞས་གཏོང་མ་ཤེས་པ་དང་ནད་གཞིས་རྐྱེན་པས་གཞས་གཏོང་མ་ཐུབ་པའི་མི་ཚོས་གྲོང་ཚོའི་འགོ་ཁྲིད་ལ་དགོངས་པ་ཞུས་ཀྱང་རྒྱ་སྒོར་༥༠༠་རེ་ཆད་པ་བཅད། དེ་ནི་ཟླ་རེར་གླ་ཕོགས་རྒྱ་སྒོར་༣༠༠༠་ལས་མེད་པའི་སྣེའུ་གྲོང་གི་མི་མང་གི་འཚོ་བའི་ཐད་དཀའ་ངལ་ཆེན་པོ་ཞིག་རེད་ཅེས་བསྟན།།

གོང་གི་གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། ནད་ཡམས་ཀྱི་དཀའ་ངལ་ཡོད་མེད་ལ་མ་ལྟོས་པར་གུང་ཁྲན་ཏང་ལ་བསྟོད་བསྔགས་ཀྱི་བཙན་ཁྲལ་དེ་ལོ་ལྟར་རྒྱ་ནག་གི་དུས་ཆེན་ཁག་གི་སྐབས་སུ་འཁྲབ་དགོས་ཀྱི་འདུག བཙན་བཀའ་བཏང་ནས་བསྡུས་པའི་གཞས་པ་གཞས་མ་ཚོས་གཞས་ཀྱི་མིང་དང་གཞས་ཚིག་རྣམས་སྔོན་ལ་གོང་རིམ་གྱི་འབྲེལ་ཡོད་འགོ་ཁྲིད་ཚོར་ཕུལ་ནས་ཐོ་འགོད་བྱེད་དགོས་ཤིང་། གལ་ཏེ་ཐོ་གཞུང་དུ་འཁོད་པའི་གཞས་དང་དངོས་གཞིའི་གཞས་གཉིས་མ་མཐུན་ན་གླ་ཕོགས་མ་སྤྲད་པ་དང་ལས་ཁུངས་ནས་ཕྱིར་འབུད་བྱེད་པ་སོགས་ཀྱི་ཉེས་ཆད་གཅོད། གཞས་ཁྲལ་དེ་ཐོག་མར་གོང་རིམ་རྫོང་དང་ཡུལ་མཚོའི་འགོ་ཁྲིད་ཚོ་བརྒྱུད་ནས་གྲོང་ཚོའི་འགོ་ཁྲིད་ཚོར་བརྡ་ཐོ་འབྱོར་རྗེས་གྲོང་ཚོའི་འགོ་ཁྲིད་ཚོས་མང་ཚོགས་ལ་བཀའ་གཏོང་གི་འདུག གལ་སྲིད་ཁྱིམ་ཚང་གང་རུང་ཞིག་གི་མི་རྣམས་ཐག་རིང་དུ་ཕྱིན་ཏེ་བསྡད་མེད་ཀྱང་ཉེ་འབྲེལ་ཞིག་གིས་ཚབ་བྱས་ཏེ་ཁྲལ་དེ་ངེས་པར་དུ་འཇལ་དགོས་ཀྱི་ཡོད་པ་རེད། དངོས་གཞིའི་ཁྲབ་སྟོན་སྐབས་སུ་གོང་རིམ་ནས་མང་ཚོགས་ལ་ཚོགས་འདུ་གལ་ཆེན་ཞིག་ཡོད་ལུགས་ཀྱི་མགོ་སྐོར་བཏང་སྟེ་མང་ཚོགས་འདུ་རུ་འཇུག་པའམ། ཡང་ན་ཁྱིམ་ཚང་རེའི་མི་གཉིས་ནས་གསུམ་རེ་ངེས་པར་དུ་ལྟད་མོར་ཡོང་དགོས་པའི་ཁྲལ་འགེལ་གྱི་ཡོད་པ་རེད། སྐབས་དེར་བརྙན་པར་བླངས་ནས་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་ཏེ་ཏང་གི་དུས་ཆེན་ལ་དགའ་སྟོན་བྱེད་ཀྱི་ཡོད་ལུགས་ཀྱི་གསར་འགྱུར་རྫུན་མ་སྤེལ། རྒྱ་ནག་གི་དུས་ཆེན་ཁག་གི་སྐབས་སུ་ལྷ་ས་གྲོང་ཁྱེར་གྱི་ནང་མ་ཁང་སོགས་སྔ་དགོང་ཞབས་བྲོ་འཁྲབ་ཡུལ་ཁག་ཏུའང་གོང་རིམ་ནས་གཞས་གཏོང་མཁན་གུང་ཁྲན་ཏང་མི་ཡིན་པ་ཁ་ཤས་ཆེད་གཏོང་གིས་ཏང་ལ་བསྟོད་བསྔགས་ཀྱི་གླུ་གཞས་ལེན་དུ་འཇུག་གི་ཡོད་པར་མ་ཟད། གཞས་གཏོང་ཐེངས་རེར་རྒྱ་སྒོར་༥༠་རེ་སྤྲོད་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག

བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་གྱིས་རྒྱ་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་དོན་དེ་བོད་ཀྱི་ས་ཁུལ་གང་སར་སྤེལ་བཞིན་འདུག རྒྱ་གཞུང་གིས་གསལ་བསྒྲགས་དང་གཏམ་བཤད་སོགས་གང་ལ་བལྟས་ཀྱང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་འགོ་ཁྲིད་ལ་དགའ་ཞེན་དང་རྒྱབ་སྐྱོར་བྱ་རྒྱུ། ཞིས་ཅིན་ཕིང་གི་སྐབས་གསུམ་པའི་སྲིད་དབང་བརྟན་པོ་ཞིག་ཡོང་བའི་ཆེད་དུ་ཡིན་པ་གསལ་པོ་རེད་ཅེས་བཤད།།

ཀྲུང་གོའི་བོད་ཀྱི་དྲ་བ་སོགས་རྒྱ་ནག་གཞུང་འབྲེལ་དྲ་བ་ཁག་ཅིག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༤་ཚེས་༢༩་ཉིན་བོད་རང་སྐྱོང་ལྗོངས་ཀྱིས“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་ཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲེང་གིས་ཚོགས་འདུའི་ཐོག་ཏུ་ཞིས་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས་པའི་གཏམ་བཤད་སྤེལ་ཡོད་པ་སོགས་བཀོད་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG