ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་མཚན་ནོར་བུ་སི་ཁྲོན་དང་ཀན་ལྷོ་ཕྱོགས་སུ་སྐོར་སྐྱོད།


༄༅།། རྒྱ་ནག་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་ཉེ་ཆར་སི་ཁྲོན་གྱི་དཀར་མཛེས་ཁུལ་དང་ད་ལྟ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། བསང་ཆུ་རྫོང་གི་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་འབྱོར་ཡོད་པའི་གནས་ཚུལ་ཐོན་འདུག མིང་དངོས་སུ་བརྗོད་འདོད་མེད་པའི་ས་གནས་ཡུལ་མི་ཞིག་གིས་འདི་གའི་གསར་འགོད་པར་བཤད་པ་ལྟར་ན། རྒྱལ་མཚན་ནོར་བུ་དཀར་མཛེས་ཁུལ་གྱི་ས་གནས་ཁ་ཤས་ལ་གཟིགས་སྐོར་དུ་བསླེབས་སོང་། ས་གནས་དེའི་དགེ་དགོན་ཞིག་ལ་ཕེབས་འབྱོར་སྐབས་སུ་རྒྱ་གཞུང་གི་བཀོད་སྒྲིག་བྱས་བའི་ཆོས་ལུགས་མི་སྣ་དང་གཞུང་གི་ལས་བྱེད་པ་ཁག་ཅིག་ལས་མི་མང་མཇལ་ཁ་ཞུ་མཁན་གཅིག་ཀྱང་མི་འདུག གཙོ་བོ་གཟིགས་ཞིབ་ཀྱི་མཉམ་དུ་ཚོགས་འདུ་བསྐོངས་ཏེ་མང་ཚོགས་ལ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་རྒྱུ་མ་རེད་ཟེར་གྱི་འདུག གང་ལྟར་དོ་སྣང་བྱེད་མཁན་དེ་ཙམ་མེད་པ་འདྲ། ང་ནི་ཀན་སུའུ་ཀླུ་ཆུའི་ཕྱོགས་ཀྱི་མི་ཞིག་ཡིན། རྒྱལ་མཚན་ནོར་བུ་སི་ཁྲོན་ནས་ཀན་ལྷོ་ཁུལ་གྱི་རྨ་ཆུ་དང་ཀླུ་ཆུ། ཀ་ཤུལ་བཅས་ལ་གཟིགས་སྐོར་དང་ས་གནས་ཀྱི་དགོན་སྡེ་ཁག་གི་བླ་སྤྲུལ་འགན་ཁུར་བ། ཀན་སུའུ་ཞིང་ཆེན་དང་ཁུལ། རྫོང་རིམ་པའི་འགོ་ཁྲིད་ཚོས་སྣེ་ལེན་བྱེད་ཀྱི་འདུག་ཅེས་བཤད།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། རྒྱལ་མཚན་ནོར་བུས་ང་ནི་ལོ་བཅུའི་ཡར་སྔོན་དུ་ཀན་སུའུ་ཕྱོགས་སུ་ཐེངས་གཅིག་ཡོང་མྱོང་ཡོད། ད་ལྟ་ལོ་བཅུའི་རྗེས་སུ་ཀན་སུའུ་ཕྱོགས་སུ་བསླེབས་དུས་མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་ཐེབས་ཡོད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་རེད། དམིགས་བསལ་ཆོས་ལུགས་ཀྱི་བླ་སྤྲུལ་མི་སྣ་ཁག་དང་ཞིང་ཆེན། ཁུལ་དང་རྫོང་རིམ་པའི་འགོ་ཁྲིད་ཚོས་ལས་དོན་ཧུར་ཐག་བསྒྲུབས་པའི་གྲུབ་འབྲས་རེད་ཅེས་གཏམ་བཤད་བྱས་ཡོད་ཅིང་། སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བརྙན་ཐུང་ཁག་ཅིག་འགྲེམ་སྤེལ་བྱེད་ཀྱི་ཡོད་ཀྱང་རྒྱ་གཞུང་གིས་གསར་འགྱུར་ནང་དུ་གནས་ཚུལ་དེ་ཡོངས་ཁྱབ་ཀྱིས་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པ་མཐོང་ཐོས་མི་འདུག རྒྱལ་མཚན་ནོར་བུ་ས་གནས་སོ་སོར་འབྱོར་བའི་དུས་སུ་མི་མང་ཁ་ཤས་ཀྱི་ལག་ཏུ་ཁ་བཏགས་བཟུང་ནས་ཕེབས་བསུ་ཞུ་བཞིན་པ་ནི་རྒྱ་གཞུང་གིས་བཙན་གྱིས་བཀོད་སྒྲིག་བྱས་པ་རེད། མི་མང་རྣམས་རང་ངོས་ནས་མཇལ་ཁ་ཞུ་རུ་འགྲོ་མཁན་ཡོད་པ་ནི་གོ་ཐོས་བྱུང་མ་སོང་། ཕྱི་ཚེས་༢༧་ཉིན་རྒྱལ་མཚན་ནོར་བུས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་དབང་ཞིག་བསྐུར་གྱི་འདུག་ཟེར་གྱི་འདུག དབང་ཞུ་རུ་འགྲོ་མཁན་མེད་པས་རྒྱ་གཞུང་གིས་བཙན་གྱིས་མི་མང་སྐྱ་སེར་ཁག་ཅིག་ལ་དབང་ཞུ་རུ་འཇུག་གི་འདུག དབང་གསུང་པ་པོས་ཀྱང་རྒྱ་གཞུང་གི་བཀའ་ལྟར་མ་བསྒྲུབས་ཐབས་མེད་རེད། སྤྱི་ཡོངས་ཀྱི་ཆ་ནས་ས་གནས་མང་ཚོགས་ནང་ཁུལ་དང་དམིགས་བསལ་བོད་ཕྱི་ལོགས་སུ་གནས་ཚུལ་འདི་བཤད་ཆོག་གི་མི་འདུག ཧ་ཅང་ཉེན་ཁ་ཆེན་པོ་རེད། རྒྱ་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་ང་ཚོར་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག་ཅེས་བཤད་ཡོད་པ་སོགས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG