ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༥/༠༧

མགར་སྐོར་སྡེ་པར་གཏེར་ཁ་བརྐོས་ནས་ཕྱུགས་ཟོག་ལ་གནོད་འཚེ།


༄༅།། རྒྱ་གཞུང་གིས་དབྱེ་བགོ་བྱེད་ཡོད་པའི་བོད་ནང་གི་མཚོ་སྔོན་ཞིང་ཆེན། མགོ་ལོག་ཁུལ་ནས་རྒྱང་ཐག་སྤྱི་ལེ་དྲུག་ཡས་མས་ཤིག་གི་མཚམས་སུ་ཆགས་ཡོད་པའི་མགར་སྐོར་སྡེ་པའི་ས་ཐོག་ཏུ་རྒྱ་ནག་གཞུང་གིས་༡༩༩༩་ལོ་ནས་དངོས་སུ་གཏེར་ཁ་བརྐོ་རྒྱུ་འགོ་ཚུགས། ས་གནས་དེའི་བོད་པ་མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་འདི་གའི་གསར་འགོད་པར་བརྗོད་དོན་ལྟར་ན། རྒྱ་གཞུང་གི་གཏེར་རྐོ་ཚན་པས་ཟངས་ཀྱི་གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡོད་ཟེར་ཀྱང་དོན་དངོས་གཏེར་ཁ་ཅི་ཞིག་སྔོག་གི་ཡོད་མེད་ནི་ས་གནས་མང་ཚོགས་ལ་ཤེས་སུ་འཇུག་གི་མི་འདུག གཏེར་ཁ་སྔོག་ཡུལ་གྱི་གཏེར་རྐོ་ཚན་པའི་སྡོད་ཁང་ཡོད་ས་ནས་བཀག་འགོག་བྱས་ཏེ་ལྟ་རུ་འཇུག་གི་མི་འདུག

ད་ལྟའི་ཆར་གནས་ཚུལ་ཚབས་ཆེ་རུ་འགྲོ་བཞིན་པ་ནི་གཏེར་ཁ་སྔོག་ཡུལ་གྱི་རི་ཁོག་ནས་ཆུ་ཞིག་བཞུར་ཡོང་གི་ཡོད་པ་རྣམས་བསྐྱིལ་ཏེ་ཉེ་འཁོར་གྱི་འབྲོག་པ་མང་ཚོགས་ལ་མགོ་ན་བ་དང་སྐྱུག་མེར་ལངས་པ། མགོ་ཡོམ་འཁོར་བ་ལ་སོགས་པའི་ནད་རྟགས་འདྲ་མིན་ཞིག་ཐོན་ནས་བདེ་ཐང་མེད་པར་འགྱུར་གྱི་འདུག ས་གནས་མང་ཚོགས་ཀྱིས་ཐུན་མོང་དུ་གླེང་སློང་བྱེད་ཀྱི་ཡོད་པ་ནི་ཆུ་དེ་གཏེར་ཁ་སྔོག་པའི་དུས་སུ་རྫས་འགྱུར་གྱི་རིགས་འདྲ་མིན་བཀོལ་སྤྱོད་བྱས་པའི་བཙོག་ཆུ་རེད། ཆུའི་ནང་དུ་དུག་རྫས་འདྲེས་ཡོད་པའི་སྟབས་ཀྱིས་མིའི་བདེ་ཐང་ལ་གནོད་པ་འབྱུང་གི་ཡོད་པ་རེད་ཅེས་བཤད་ཀྱིན་འདུག ས་གནས་མང་ཚོགས་ཀྱི་ལུས་པོ་བདེ་ཐང་མེད་པར་གྱུར་པ་གཅིག་པུ་མ་རེད། ཕྱུགས་ཟོག་ལའང་གནོད་པ་འབྱུང་གི་འདུག དུག་ཆུ་བསྐྱིལ་ཡོད་པའི་འགྲམ་དུ་རྩི་ཤིང་དང་ཆུར་གནས་སེམས་ཅན་རྣམས་ཀྱང་གསོན་གནས་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་འདུག གཏེར་ཁ་བསྔོགས་ནས་ལོ་མང་ཕྱིན་ཡོད་པ་དང་ད་ལྟའི་ཆར་གཏེར་རྐོ་ཚན་པའི་སྡོད་ཁང་ཐོག་བརྩེགས་ཅན་བརྒྱབ་ནས་གཏན་སྡོད་བྱས་ཡོད་པར་མ་ཟད་། ཁོ་ཚོས་མུ་མཐུད་དུ་གཏེར་ཁ་བརྐོ་རྒྱུའི་འཆར་གཞི་ཡོད་པའི་རྣམ་པ་ཞིག་འདུག་ཅེས་བཤད།། གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། དོ་སྐྱེལ་རླུང་འཁོར་ཆེན་པོ་ཧ་ཅང་མང་པོའི་ནང་དུ་གཏེར་རྫས་ཕོན་ཆེན་འཁྱེར་བཞིན་པའི་སྐབས་སུ་རླངས་འཁོར་སྟེང་དུ་ཏེར་བྷ་བཀབ་ནས་འཁྱེར་གྱི་འདུག ས་གནས་དེའི་བོད་པ་ཚོར་གཏེར་ཁ་སྔོག་འདོན་བྱེད་དུ་འཇུག་འདོད་མེད་ཀྱང་རྒྱ་གཞུང་གིས་བཙན་དབང་ལ་ངོ་རྒོལ་བྱེད་མི་ཕོད། གཏེར་ཁ་སྔོག་བཞིན་པའི་རི་རྒྱུད་དེ་མུར་དེད་ན་རྨ་ཆེན་གངས་ལ་ཐུག་ཡོད་པ་རེད། ས་འོག་ནས་གཏེར་ཁ་བསྔོགས་ཏེ་རྨ་ཆེན་གངས་ལ་ཐུག་ཡོད་པ་འདྲ་ཞེས་མང་ཚོགས་ཀྱིས་དོགས་སློང་བྱེད་ཀྱི་འདུག ༢༠༢༠་ལོ་ནས་གཏེར་ཁ་སྔོག་འདོན་བྱ་རྒྱུ་མཚམས་བཞག་པ་ཡིན་ཞེས་བསྒྲགས། ཉེ་སྔོན་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་མཚོ་སྔོན་ཟི་ལང་དང་མཚོ་ཤར་རྐང་ཚ་བཅས་སུ་ལྟ་ཞིབ་ལ་བསླེབས་པའི་རྗེས་སུ་རྨ་འབྲུ་རྫ་གསུམ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པའི་ནན་བརྗོད་བྱས་མོད། ཡིན་ནའང་རྨ་ཆུའི་བཞུར་རྒྱུན་དང་ཐག་ཉེར་ཡོད་པའི་མགར་སྐོར་སྡེ་པའི་ས་ཐོག་ཏུ་གཏེར་ཁ་སྔོག་འདོན་མུ་མཐུད་དུ་བྱེད་བཞིན་པའི་བརྙན་ཐུང་འབྱོར་ཡོད་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG